ཀྲུང་གོ་བོད་ཀྱི་དྲ་བ།

གཞི་རིམ་སློབ་གསོར་ཕུལ་བའི་ལང་ཚོ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1468292118175811.jpg

ཞག་སྒྲོན་ཞིག་གི་འོད་སྣང་དང་དགེ་རྒན་ཞིག་གི་ལང་ཚོ།

མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་ཞོལ་མ་ཞང་ནི་རང་བྱུང་ས་བབ་མཐོ་ལ་འགྲིམ་འགྲུལ་སྟབས་བདེ་མིན་པའི་ཁར་འཚོ་བའི་ཡོ་བྱད་དང་རྨང་གཞིའི་སྒྲིག་ཆས་ཧ་ཅང་ཞན་པའི་ས་ཆ་ཞིག་ཡིན། ལྷག་པར་དགེ་རྒན་ལིག་ཞིག་ཆིན་གནས་འདིར་ཐོན་དུས་ནི་དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བའི་མགོ་ཙམ་སྟེ་ཕྱོགས་གང་ཐད་ཀྱི་ཆ་རྐྱེན་ཧ་ཅང་ཞན་པའི་དུས་སྐབས་ཤིག་རེད། སྐབས་དེར་ཁོ་མོ་མོ་ལོ་ཉི་ཤུ་ཡས་མས་ཀྱི་མོ་གསར་ཞིག་ཡིན་མོད་རང་ཉིད་གནས་དེར་འགྲོ་དགོས་པར་འཁང་ར་དང་ཆ་རྐྱེན་གང་ཡང་འདོན་མ་མྱོང་ཟེར། འོན་ཀྱང་བསམ་ཡུལ་འདས་པ་ཞིག་ལ་མོའི་ཚེ་གཅིག་གི་ལང་ཚོ་རི་མཐོ་ལུང་ཟབ་ཀྱི་གནས་འདི་ནས་སྐྱེལ་དགོས་པ་སུས་ཀྱང་ཡིད་ལའང་ཤར་མ་མྱོང་། 

66_Fotor066.jpg

སློབ་ཁྲིད་སྐབས་ཀྱི་དགེ་རྒན་དང་སློབ་ཕྱིའི་འཚོ་བའི་ཕ་མ།

ང་ཚོ་ཟི་ལིང་ནས་མགོ་ལོག་བར་གྱི་སྣུམ་ལམ་བརྒྱུད་དེ་སྤྱི་ལེ་སུམ་བརྒྱ་ཙམ་སོང་རྗེས་གཡས་ཕྱོགས་ཀྱི་ལུང་པ་ཞིག་གི་ནང་དུ་རླངས་འཁོར་གཉིས་ཙམ་ཤོངས་པའི་རྡོ་ཟེགས་ཀྱི་ལམ་ཕྲན་ཞིག་ཡོད་ལ། དེར་ཞུགས་ནས་ཆུ་ཚོད་གཅིག་ཙམ་སོང་ན་གཞི་ནས་ཐུན་ཏེ་རྫོང་ཞོལ་མ་ཞང་དུ་ཐོན་ཐུབ། ཞོལ་མ་ཞང་ནི་ལུང་བ་ཞིག་གི་ལུང་སྐེད་ཀྱི་སྤང་ཁུག་ཆུང་ཆུང་ཞིག་ཏུ་ཆགས་ཡོད་འདུག ད་ལྟ་སྐྱེ་ཁམས་ཕྱུགས་ལས་སོགས་ཀྱི་དབང་གིས་མང་ཚོགས་མང་པོ་གྲོང་རྡལ་དུ་གནས་སྤོར་བྱས་པས་གྲོང་རྡལ་གྱི་གཞི་རྒྱ་ཅུང་ཙམ་རྒྱས་ཡོད་མོད། སྔོན་ཆད་ལོ་རབས་དགུ་བཅུ་བའི་སྐབས་སུ་གྲོང་རྡལ་ཡོངས་སུ་ཁང་བ་འགའ་ལས་མེད་ལ་ཐ་ན་སློབ་གྲྭའི་ར་སྐོར་ཀྱང་ཁ་ཞིག་སྣ་རལ་དུ་གྱུར་ཡོད་ཟེར། དགེ་རྒན་ལིག་ཞིག་ཆིན་གྱིས་ཕྱིར་དྲན་བྱས་ནས་བཤད་རྒྱུར། མོ་རང་ཐོག་དང་པོར་གནས་འདིར་ཡོངས་སྐབས་འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་བས་རྫོང་ཐོག་ནས་ཕལ་ཆེར་ཉིན་གསུམ་བཞི་ཙམ་ལ་རླངས་འཁོར་ལ་སྒུག་དགོས་བྱུང་བ་དང་། ཡུལ་འདིར་ཐོན་པའི་ཉིན་དང་པོ་ནས་བཟུང་ད་བར་གྱི་མི་ལོ་ཉི་ཤུའི་ལྷག་གི་རིང་གོམས་ལོབ་ཏུ་གྱུར་བྱའི་བྱ་བ་གཅིག་ཡང་དང་བསྐྱར་དུ་ལས་ནས་ད་ནི་ཉིན་རྒྱུན་གྱི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་འདུག་ཟེར། མོའི་ད་བར་དུ་སློབ་བུ་ག་ཚོད་བསྐྱངས་བ་མོ་རང་ཉིད་ལའང་གསལ་ཆ་མེད་མོད། མོའི་སློབ་མར་གྱུར་མྱོང་བའི་སློབ་མ་མང་པོ་ད་ལྟ་ག་ས་གང་དུ་བྱ་བའི་ལས་རྐང་དུ་ཞུགས་ཡོད་པ་མ་ཟད་འགའ་རེ་ད་ལྟ་མོའི་ལས་གྲོགས་སུ་གྱུར་ནས་སློབ་གྲྭ་འདིར་དགེ་རྒན་གྱི་ལས་གནས་གཉེར་བཞིན་པའང་རེ་འགའ་ཡོད།

ཞོལ་མ་སྟག་གསོད་སློབ་གྲྭ་རུ་དགེ་རྒན་ལིག་ཞིག་ཆིན་གྱིས་རྒྱ་ཡིག་དགེ་རྒན་དང་སློབ་གྲྭའི་སྨན་པ་གཉིས་ཀྱི་འགན་གཅིག་ལྕོགས་སུ་ཁུར་ཡོད་ལ། སློབ་ཁྲིད་སློབ་སྟོན་གྱི་ཞོར་དུ་སློབ་མ་རྣམས་ཀྱི་འཚོ་བ་དང་བདེ་ཐང་ལ་དོ་ཁུར་བྱེད་རྒྱུ་ནི་རང་ཉིད་ཀྱི་ཉིན་གཅིག་གི་འོས་འགན་ལྟ་བུར་བརྩིས་ཡོད། གཟའ་མཇུག་དང་གནང་བའི་སྐབས་སུ་ཡུལ་ཐག་རིང་བའི་སློབ་མ་ཚོ་ཡུལ་ལ་འགྲོ་མ་ཐུབ་ཚེ་ཁོ་ཚོའི་རེ་ལྟོས་འཆའ་ས་གཅིག་པུ་ནི་དགེ་རྒན་ལིག་ཞིག་ཆིན་བཟའ་ཟླ་གཉིས་ཡིན། ཁོ་མོས་རྒྱུན་དུ་བྱིས་པ་ཚོར་སྨན་སྟེར་བ་དང་གྱོན་པ་བཀྲུ་པ། ལྭ་འཚེམ་པ། སྐྲ་ཤད་པ་སོགས་ཤེས་བྱའི་སློབ་ཁྲིད་ལས་གཞན་འཚོ་བའི་ཁྲོད་ཀྱི་དཀའ་ཁག་སྣ་ཚོགས་ལའང་ཅི་ནུས་ཀྱིས་རོགས་སྐྱོར་བྱས་ཏེ་སློབ་ཁྲིད་སྐབས་ཀྱི་དགེ་རྒན་དང་གུང་གསེང་སྐབས་ཀྱི་ཕ་མ་ལྟ་བུར་གྱུར་འདུག །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།