དགེ་རྒན་གྱི་ཀུན་སྤྱོད་ལས་བྱུང་བའི་ཕན་ནུས།

དགེ་རྒན་གྱི་མི་གཤིས་ཡག་པོ་དང་སྤྱོད་པ་བཟང་པོས་སློབ་མའི་ནང་སེམས་འགུག་ཐུབ་ལ། སློབ་མས་དེ་ལ་བརྟེན་ནས་དགེ་རྒན་གྱིས་བཏང་བའི་སློབ་གསོ་སེམས་ལ་འཛིན་ཞིང་རང་གཤིས་ཀྱང་ཇེ་ལེགས་སུ་གཏོང་བར་བྱེད། དགེ་རྒན་གྱི་ཀུན་སྤྱོད་ནི་མི་རབས་རྗེས་མ་ཡ་རབས་ལེགས་ལམ་དུ་འཁྲིད་པ་དང་ཚུལ་ལྡན་འཇོན་ཐང་ཅན་ཞིག་ཏུ་སྐྱེད་སྲིང་བྱེད་པའི་མ་མ་དང་མིག་དཔེ་ལྟ་བུ་ཞིག་ཡིན་ལ། སྤྱོད་ཡོན་གཉིས་ལྡན་གྱི་མི་ཞིག་ཡིན་ཚེ་རྒྱལ་ཁབ་དང་མི་རིགས་གང་ཞིག་གི་མིག་དཔེར་འོས་པའི་ཆེས་བླ་ན་མེད་པའི་མི་ཞིག་ཏུ་འགྱུར་བར་གདོན་མི་ཟའོ། ། དེ་བས་དེ་དག་ནི་དགེ་རྒན་གྱི་ཀུན་སྤྱོད་ལས་བྱུང་བའི་ཕན་ནུས་ཤིག་ལ་བརྩི་རུང་བས། གཤམ་ནས་བདག་གིས་དེའི་ཕྱོགས་ཀྱི་གནད་དོན་འགའ་གླེང་བར་བྱའོ། །

དང་པོ། དགེ་རྒན་གྱི་ཀུན་སྤྱོད་དང་ཀུན་སྤྱོད་ཀྱི་ཕན་ནུས་ལས་ཐོན་པའི་ནུས་པ།

དགེ་རྒན་གྱི་ཀུན་སྤྱོད་ནི་ཁོའི་སྤྱོད་པ་དང་ཡོན་ཏན་གྱི་ཐོག་ནས་མངོན་ལ། དགེ་རྒན་གྱི་སྤྱོད་པ་དེའང་གཙོ་བོ་དགེ་རྒན་གྱིས་སློབ་གསོའི་ལས་དོན་ལ་བཟུང་བའི་ཚད་མེད་ཀྱི་དགའ་བ་དེའི་རྨང་གཞིའི་ཐོག་ནས་མངོན་པ་ཞིག་རེད། དེས་ན་དགའ་བ་ལའང་ཕྱོགས་གཉིས་ཀྱི་ནང་དོན་ཡོད་དེ། གཅིག་ནི་རང་གི་གཉེར་བྱའི་ལས་གནས་ལ་དགའ་བ་དེ་ཡིན། རང་གི་ལས་གནས་ལ་དགའ་བའི་མིས་ད་གཟོད་ངལ་འཁང་གཉིས་བཟོད་ཀྱིས་ལས་ཀ་གཉེར་བ་དང་། ཅིག་ཤོས་ནི་སློབ་མ་ལ་བཅངས་པའི་བརྩེ་སེམས་ཡིན་ནོ། ། སློབ་མ་ལ་བརྩེ་སེམས་བཅངས་པའི་མིས་སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་བསམ་བློ་གཏོང་བ་རེད། རྗེ་རིན་པོ་ཆེའི་བདེ་སྨོན་ལས། སེམས་ཅན་ཡལ་བར་དོར་ནས་རང་དོན་ལ། །རེ་བའི་བློ་ནི་ནམ་ཡང་མི་སྐྱེ་ཞིང་། །  གཞན་དོན་སྒྲུབ་པའི་ཚུལ་ལ་མ་རྨོངས་པའི། ། ཐབས་ལ་མཁས་པས་གཞན་དོན་ལྷུར་ལེན་ཤོག ། ཅེས་གསུངས་པ་ལྟར། མི་སུ་ཡིན་ཡང་གཞན་དོན་གཉེར་རྒྱུ་དུས་གཏན་དུ་སེམས་ལ་འཛིན་དགོས་ལ། དགེ་རྒན་ནི་དེ་ལས་ཀྱང་སྨོས་མ་དགོས་པ་ཞིག་རེད།  དེ་བས་སྤྱོད་ཡོན་གཉིས་ལྡན་གྱི་དགེ་རྒན་དེ་ནི་དེང་རབས་སློབ་གསོའི་ཁ་ཕྱོགས་དང་མཐུན་ལ་གཞན་ཕན་བསམ་བློས་ཁོ་རང་ཉིད་ཀྱི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ཤེས་བྱ། གཞི་རྩའི་ནུས་རྩལ་སོགས་ཀྱང་ཇེ་མཐོར་འགྲོ་རུ་འཇུག་གོ ། མི་གཤིས་ཀྱི་ཕན་ནུས་དེ་དགེ་རྒན་གྱི་ཀུན་སྤྱོད་ལས་ཐོབ་པས། ད་ལྟའི་དགེ་རྒན་གྱི་དཔུང་སྡེའི་གནས་ཚུལ་གཞིར་བཟུང་ནས། དགེ་རྒན་གྱི་ཀུན་སྤྱོད་རིམ་པ་གསུམ་ལ་བགོས་ཆོག་པར་སྙམ། རིམ་པ་དང་པོ་ནི་སྤྱོད་ཡོན་གཉིས་ལྡན་གྱི་དགེ་རྒན། རིམ་པ་གཉིས་པ་ནི་སྤྱོད་ལྡན་གྱི་དགེ་རྒན། རིམ་པ་གསུམ་པ་ནི་སྤྱོད་ཡོན་གཉིས་མེད་ཀྱི་དགེ་རྒན། དེ་ཡང་སྤྱོད་ཡོན་གཉིས་མེད་ཀྱི་དགེ་རྒན་ནི་སློབ་མ་ཚོས་ནམ་ཡིན་ཡང་སྡང་བའི་ཡུལ་ཡིན་ལ། སྤྱོད་ལྡན་གྱི་དགེ་རྒན་ལ་སློབ་མ་ཚོ་སྡང་སེམས་མི་སྐྱེ་མོད། འོན་ཀྱང་སློབ་མ་ཚོས་ནམ་ཡིན་ཡང་སེམས་ནང་ནས་དགའ་གུས་ཡི་རང་མི་བྱེད་དོ། ། དགེ་རྒན་མང་ཆེ་བ་ནི་སྤྱོད་ཡོན་གཉིས་ལྡན་ཅན་ཡིན་པས། ཁོ་རང་ཚོའི་ཚད་མཐོ་བའི་བྱ་སྤྱོད་དང་ཁྱད་འཕགས་ཀྱི་ནུས་པ། གཏིང་ཟབ་ཀྱི་ཤེས་ཡོན་བཅས་ཀྱིས་སློབ་མའི་ཡིད་སེམས་འགུག་པར་བྱེད་པ་ཡིན། དེ་བས། སྤྱོད་ཡོན་གཉིས་ལྡན་གྱི་དགེ་རྒན་དག་ལ་སློབ་མས་དགའ་གུས་ཡི་རང་བྱེད་པ་ཡིན། ཆུ་ཤིང་བསྟན་བཅོས་ལས། དད་ལྡན་རང་བཞིན་བཟང་པོ་དེར། །  ཚིགས་བཅད་གཅིག་ཙམ་གྱིས་ཀྱང་ཕན། ། རྐང་འཐུང་གསར་བའི་མྱུ་གུ་དེ། །  ཆུ་ཆར་ཟེགས་མ་ཡིས་ཀྱང་འཕེལ། །ཞེས་པ་ནང་བཞིན་གཞན་ཕན་གྱི་བསམ་པས་སློབ་མར་ཁྲིད་སྟོན་བྱས་ན་ཞི་དུལ་དོན་གཉེར་ཅན་གྱི་སློབ་མའང་མང་དུ་འཕེལ་ངེས་སོ། །

གཉིས་པ།  ཀུན་སྤྱོད་ཀྱི་ཕན་ནུས་ཀྱིས་སློབ་གསོའི་སློབ་ཁྲིད་ལ་ཐེབས་པའི་ནུས་པ།

ངས་བསྟུད་མར་དགེ་རྒན་མང་པོ་བརྗེས་མྱོང་བའི་སློབ་མ་དག་ལ་སློབ་ཁྲིད་བྱས་མྱོང་། ལོ་ཕྱེད་འགོར་རྗེས་སློབ་མའི་འཕྲིན་ཡིག་ཅིག་ཐོན་ལ། དེའི་ནང་དུ་འདི་ལྟར་བྲིས་ཡོད། དགེ་རྒན་ལགས། ཁྱོད་ཀྱི་ཀུན་སྤྱོད་ཀྱི་ཤུགས་རྐྱེན་ལས་བདག་གི་མདུན་སྐྱོད་ཀྱི་ཁ་ལོ་བསྒྱུར་ཏོ། ། ཞེས་བྲིས་འདུག  དེ་ལས་ཀུན་སྤྱོད་ཀྱི་ཕན་ནུས་དེས་སློབ་གསོའི་སློབ་ཁྲིད་ལ་ཐེབས་པའི་ནུས་པ་ཤུགས་ཆེན་པོ་ཡིན་པར་ངེས། དེ་ལའང་ཕྱོགས་གསུམ་ནས་འཛིན་དགོས་པར་སྙམ།

1. དགེ་རྒན་གྱི་སྙན་གྲགས་རྒྱས་པ་ལ་འབྲེལ་བ་ཡོད། སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་ནས་དགེ་རྒན་ལ་ལས་རང་ཉིད་ཀྱི་སྙན་གྲགས་ཇི་ལྟར་རྒྱས་སུ་འཇུག་རྒྱུ་ཤེས་མེད་པར་འདོད། དགེ་རྒན་དང་སློབ་མ་བར་གྱི་འབྲེལ་བའི་ཁྲོད་ནས་སློབ་མ་ལ་བཙན་སྐུལ་དང་མགོ་གནོན་བྱེད་པར་མ་ཟད། ད་རུང་སློབ་མའི་རང་བཀུར་གྱི་བསམ་པ་དང་མི་གཤིས་ལ་གནོད་པ་གཏོང་བ་རེད། དགེ་རྒན་ལ་ལའི་བསམ་པར་སློབ་མ་དགེ་རྒན་ལ་སྐྲག་པ་ནི་རང་གི་སྙན་གྲགས་ཡིན་པར་འདོད་མོད། བསམ་པ་དང་སྤྱོད་པ་ལ་བརྟེན་ནས་སྙན་གྲགས་རྒྱས་སུ་འཇུག་པ་ནི་ལམ་བུ་གལ་ཆེ་ཞིག་ཏུ་འཁུམས་པ་ཤེས་པར་གྱིས། ཆུ་ཤིང་བསྟན་བཅོས་ལས། ཁེངས་དྲེགས་གདུག་རྩུབ་ཆེ་བ་ཡི། །དཔོན་ལ་སུ་ཡང་བརྟེན་མི་སྤྲོ། །ཤིན་ཏུ་འཁྲུགས་པའི་རྦ་ཀློང་དུ། ། ཉ་ལ་སོགས་ཀྱང་སྡོད་མི་བྱེད། ། ཅེས་པ་བཞིན་ནོ། །  སློབ་མ་ལ་མཚོན་ནས་བཤད་ན། དགེ་རྒན་ཕལ་ཆེ་བ་ལ་ལྷན་སྐྱེས་ཀྱི་ཟིལ་ཤུགས་ཡོད་པས། གལ་ཏེ་དེ་འདྲའི་ཟིལ་ཤུགས་ནི་དགེ་རྒན་གྱི་ཐོབ་ཐང་གིས་གནང་བའི་དབང་ཆ་ཞིག་ཡིན་པར་བསམས་ཚེ་དེ་ནི་བརྟན་འཇགས་ཤིག་མིན་པར་འདོད། དེ་ལྟ་བུའི་ཟིལ་ཤུགས་ནི་སློབ་མས་དགེ་རྒན་ལ་རྒྱུས་ལོན་བྱས་པ་བརྒྱུད་དེ་འགྱུར་ལྡོག་འབྱུང་བ་དང་མེད་པར་འགྱུར་འགྲོ། དེ་བས་དགེ་རྒན་ལ་ངེས་དོན་གྱི་བློ་གཏད་ཆོག་པའི་ཟིལ་ཤུགས་ཤིག་དགོས་ཏེ། དེ་ནི་རང་གི་ཀུན་སྤྱོད་ཀྱིས་སློབ་མའི་སེམས་གཏིང་ནས་དགའ་གུས་ཡི་རང་བྱེད་དུ་འཇུག་པ་དེའོ། །

2 .དགེ་རྒན་གྱི་མིག་དཔེ་སྟོན་པའི་ཕན་ནུས། དགེ་རྒན་ནི་ཤེས་ཡོན་གནང་མཁན་ཡིན་པར་མ་ཟད། ད་དུང་སློབ་མའི་མིག་དཔེར་ལྟ་སའང་རེད། སློབ་མ་ལ་སློབ་གསོ་གཏོང་བ་ནི་བཤད་ཁྲིད་དང་དྲིལ་སྒྲོག་ལ་བརྟེན་པ་ཁོ་ནས་མི་ཆོག་པར།  དགེ་རྒན་རང་ཉིད་ནས་མགོ་བརྩམ་དགོས། རྒྱུད་ལ་སྤྱོད་ཡོན་གཉིས་ཀ་ལྡན་ཚེ། དེས་བསྐྱངས་པའི་སློབ་མའང་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཡིན་ནོ། །  དགེ་རྒན་གྱི་རང་དཔེ་གཞན་སྟོན་གྱི་ནུས་པ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་པས།  དགེ་རྒན་གྱི་ཀུན་སྤྱོད་ཅི་ཙམ་ཡག་ན་མིག་དཔེ་ཡི་ནུས་པ་དེ་བས་ཆེའོ། །

3.དགེ་སློབ་བར་གྱི་འཆམ་མཐུན་གྱི་འབྲེལ་བ་ལས་ཐོན་པའི་ཕན་ནུས།  སྣ་མང་གི་སློབ་གྲྭའི་འཚོ་བའི་བརྒྱུད་རིམ་ཁྲོད་ནས་མི་ཡི་འབྲེལ་འདྲིས་ཏེ། ཆེས་གལ་ཆེ་བ་ནི་དགེ་སློབ་བར་གྱི་འབྲེལ་བ་ཡིན། དགེ་སློབ་བར་གྱི་འབྲེལ་བ་ནི་སློབ་སྒྲུབ་ཆ་རྐྱེན་གྱི་ཚད་མཐོན་པོ་ཞིག་ཡིན་པ་ཤེས་དགོས། དོན་དངོས་ཀྱིས་ཀྱང་བདེན་དཔང་བྱས་ཡོད་ལ། ཕྱོགས་གཞན་ཞིག་ནས་བཤད་ན། དགེ་སློབ་བར་གྱི་འབྲེལ་བ་ནི་སློབ་ཁྲིད་ཀྱི་སྤུས་ཚད་ཡིན་ལ། སློབ་འབྲིང་གི་བརྒྱུད་རིམ་ཁྲོད་ནས་དགེ་སློབ་བར་གྱི་འབྲེལ་བ་འཆམ་མཐུན་སྒོས་སྐུལ་སྤེལ་བྱས་ཏེ་སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་དགོས། དགེ་རྒན་གྱིས་སློབ་མར་སེམས་ཁུར་དང་དགའ་གུས། སློབ་མས་དགེ་རྒན་ལ་དགའ་གུས་ཡི་རང་བྱེད་པ་ནི་དགེ་སློབ་བར་གྱི་འཆམ་མཐུན་གྱི་གཞི་རྩའི་འབྲེལ་བ་ཡིན། མདོར་ན། རང་ཉིད་ཀྱི་ཀུན་སྤྱོད་དུས་རྒྱུན་དུ་མཐོར་འདེགས་གཏོང་བར་བློ་སྦྱོང་བྱེད་དགོས། འདི་ནི་དུས་རབས་དང་འཚམ་པའི་དགེ་རྒན་གྱི་དགོས་མཁོ་ཡིན་ལ། གཞན་ཡང་ཀུན་སྤྱོད་སློབ་གསོ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ་ནི་དགེ་རྒན་ཀུན་གྱི་འོས་འགན་ཡིན་ནོ། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།