གེ་སར་སྒྲུང་ལས་བྱུང་བའི་མདའི་བྱེད་ནུས་སྐོར་རོབ་ཙམ་གླེང་བ།

kXRཀྲུང་གོ་བོད་ཀྱི་དྲ་བ།

555555.jpgkXRཀྲུང་གོ་བོད་ཀྱི་དྲ་བ།

དབང་ཆེན་ཚེ་རིང་། པུར་མིང་ཆབ་འགག་ཇོ་རུ། མདོ་སྨད་ཆབ་འགག་ཡུལ་དུ་སྐྱེས། 2005ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པའི་སློབ་གླིང་ནས་དངོས་གཞི་མཐར་ཕྱིན་པ་དང་། 2013ལོར་སློབ་གྲྭ་དེར་གེ་སར་རིག་པའི་རབ་འབྱམས་པའི་བསླབས་གནས་ཐོབ།  ད་ལྟ་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་ཞིབ་འཇུག་མི་སྣ་ཡིན། གཙོ་བོར་གེ་སར་སྒྲུང་གི་ཟིན་བྲིས་དང་། ལེགས་སྒྲིག ཡིག་སྒྱུར། ཞིབ་འཇུག་བཅས་བྱ་བ་སྒྲུབ་པ་དང་ཆབས་ཅིག་ཏུ་གེ་སར་སྒྲུང་གི་དྲ་བའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་སྒྲུབ་བཞིན་མཆིས། མཚོ་སྔོན་ཞིང་ཆེན་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན། ཀྲུང་གོ་དམངས་ཁྲོད་རིག་རྩལ་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་ཡིག་སྒྱུར་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སློབ་ཚོགས་སོགས་འབྲེལ་ཡོད་རིག་གཞུང་ཚོགས་མི་བཅས་ཡིན། ད་ལྟའི་བར་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་རིག་གཞུང་ཆེད་རྩོམ་ཉེར་ལྔ་དུས་དེབ་སྟེང་སྤེལ་བ་དང་། སྒྲུང་དཔེ་བརྒྱད་ལེགས་སྒྲིག་པར་བསྐྲུན་བྱས། ཞིབ་འཇུག་གི་གྲུབ་འབྲས་ལ་རིམ་པ་མི་འདྲ་བའི་བྱ་དགའ་དྲུག་ཐོབ་མྱོང་། རྒྱལ་ཁབ་རིམ་པའི་ལས་གཞི་བདུན་ལ་རོགས་སྒྲུབ་ཞིབ་འཇུག་བྱས་ཤིང་། རྒྱབ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་སྟེ་གླིང་སྒྲུང་ལས་བྱུང་བའི་ལུས་རྩལ་རིག་གནས་ཀྱི་རྟོག་དཔྱོད་དང་ཞིབ་འཇུག་གི་འགོ་འཛིན་བྱ་བ་དང་། རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་ལས་གཞི་མགོ་ལོག་གེ་སར་རིག་གནས་གཞི་གྲངས་མཛོད་ཀྱི་འགོ་འཛིན་འཛུགས་སྐྲུན་བྱ་བ་གཉིས་མཇུག་བསྡུས། ད་སྔ་རྒྱབ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གེ་སར་སྒྲུང་གི་མཐོང་ཚོར་རིག་གནས་ཀྱི་སྲུང་སྐྱོབ་དང་ཞིབ་འཇུག་གི་འགོ་འཛིན་ཞིབ་འཇུག་བྱ་བཞིན་ཡོད། སྔ་གཞུག་ཏུ་ཀྲུང་གོའི་གེ་སར་ཞིབ་འཇུག་དྲ་བ་དང་རྨ་ཡུལ་གེ་སར་དྲ་བ། སྐད་འཕྲིན་གྱི་འཕྲིན་སྟེགས་སོགས་སྒྲུབ་ཅིང་དྲ་བའི་སྟེང་འབྲེལ་ཡོད་ཀྱི་གསར་འགྱུར་དང་རྩོམ་ཐུང་མང་པོ་སྤེལ་ལ། བོད་མིའི་རིག་གནས་དྲ་བ་སོགས་ཀྱི་ཆེད་ཞུའི་གསར་འགོད་པ་དང་། གེ་སར་ཞིབ་འཇུག་གི་རྩོམ་སྒྲིག་པ། རྨ་ཡུལ་གེ་སར་དྲ་བའི་ལག་བསྟར་གཙོ་སྒྲིག་པ་བཅས་ཀྱི་འགན་འཁུར་ཡོད།kXRཀྲུང་གོ་བོད་ཀྱི་དྲ་བ།


གེ་སར་སྒྲུང་ལས་བྱུང་བའི་མདའི་བྱེད་ནུས་སྐོར་རོབ་ཙམ་གླེང་བ།kXRཀྲུང་གོ་བོད་ཀྱི་དྲ་བ།

དབང་ཆེན་ཚེ་རིང་།kXRཀྲུང་གོ་བོད་ཀྱི་དྲ་བ།


kXRཀྲུང་གོ་བོད་ཀྱི་དྲ་བ།

【ནང་དོན་གནད་བསྡུས།】 དཔྱད་རྩོམ་འདི་ནང་དུ་གེ་སར་སྒྲུང་ལས་བྱུང་བའི་མདའི་རིག་གནས་དང་འབྲེལ་ཏེ། སྤྱི་ཚོགས་འཚོ་བ་སོ་སོའི་ནང་དུ་འཕེལ་འགྱུར་བའི་མདའི་ངོ་བོ་དང་། རྣམ་པ། བྱེད་ནུས་བཅས་དོན་ཚན་བཅུ་གཅིག་སྒོ་ནས་དེའི་ཐད་ལ་ཞིབ་འཇུག་ཅུང་ཙམ་བྱས་ཡོད།kXRཀྲུང་གོ་བོད་ཀྱི་དྲ་བ།

【བརྡ་ཆད་གཙོ་བོ།】   གླིང་སྒྲུང་།   མདའ།   བྱེད་ནུས།kXRཀྲུང་གོ་བོད་ཀྱི་དྲ་བ།


མདའ་ནི་སྤྱི་ཚོགས་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ལག་ཆ་གལ་ཆེན་ཡིན་པར་མ་ཟད་གོ་གནས་ཀྱང་ངེས་ཅན་ཞིག་ཟིན་ཡོད། ལོ་རྒྱུས་མཚོན་པའི་སྙན་ངག་གེ་སར་སྒྲུང་གི་ཐོག་མཐའ་བར་གསུམ་དུའང་མདའི་ངོ་བོ་དང་། རྣམ་པ། བྱེད་ནུས་སོགས་ཞིབ་འབྲི་མང་པོ་བྱས་འདུག་ཅིང་། མདའི་རིགས་དང་དབྱེ་བའང་མང་པོ་ཞིག་བྱུང་ཡོད་དེ། མདའི་སྒྲོ་གྲུབ་བྱེད་ཀྱི་རྒྱུ་ཆར་བརྟེན་ནས་བགར་ན་རྒོད་སྒྲོ་མ་དང་། གླག་སྒྲོ་མ། ཁྲ་སྒྲོ་མ། འུག་སྒྲོ་མ་བཅས་བཞི་དང་། མདའི་ལྟོང་གྲུབ་བྱེད་ཀྱི་རྒྱུ་ཆ་ལ་བརྟེན་ནས་བགར་ན་གསེར་ལྟོང་མ་དང་། དངུལ་ལྟོང་མ། ཟངས་ལྟོང་མ། ལྕགས་ལྟོང་མ་བཅས་བཞི། མདའ་ཤིང་སྒོ་ནས་དབྱེ་ན་སྐྱེར་མདའ་དང་། གསོམ་མདའ། ལྕགས་མདའ། སྨྱུག་མདའ་བཅས་ལ་སོགས་མང་པོ་བགར་ཡོད་པ་རེད། མདའི་རིགས་དེ་དག་བོད་རང་གི་འཚོ་བ་སྣ་མང་དང་འབྲེལ་ཡོད་དེ། དཔེར་ན། བླ་མདའ་དང་། གཡང་མདའ། འཕྲིན་མདའ། གཉེན་མདའ། དུག་མདའ། རྔོན་མདའ། རྩེད་མདའ། མདའ་མོ། སྒྲུབ་མདའ། མདའ་དར། བསང་མདའ་སོགས་བྱེད་ནུས་ཕུན་སུམ་ཚོགས་པ་དང་རྣམ་པ་རྒྱ་ཆེན་པོ་ཡོད་ལ། དེ་དག་ལས་མང་པོ་ཞིག་ནི་གདོད་མའི་ཆོས་ལུགས་ཀྱི་ཤན་ཤུགས་ཐེབས་ཏེ་འཇིག་རྟེན་གྱི་དངོས་པོ་ཡོད་ཚད་ལ་བླ་སྲོག་ཡོད་པ་དང་། མི་རྣམས་ལ་རང་བྱུང་ཁམས་ངོས་འཛིན་གྱི་ཤེས་བྱ་ཅུང་ཞན་པའི་གནས་ཚུལ་འོག་ནས་བྱུང་བའི་རིག་གནས་ཀྱི་སྣང་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡིན་པས་གཤམ་དུ་རེ་རེ་བཞིན་བརྗོད་པར་བྱ།kXRཀྲུང་གོ་བོད་ཀྱི་དྲ་བ།

གཅིག མདའ་ནི་རྒྱལ་སྐུག་འཇོག་པའི་རྣམ་པ་ཡིན་པ། kXRཀྲུང་གོ་བོད་ཀྱི་དྲ་བ།

གླིང་སྒྲུང་དུ་གཡུལ་འཁྲུག་ལས་རྒྱལ་ཏེ་ཕྱིར་རང་ཡུལ་དུ་ལོག་ནས་དགའ་སྟོན་རོལ་རྩེད་ལ་གཡེང་བ་དང་། ཡང་ན་དུས་རྒྱུན་གྱི་འཚོ་བའི་ཁོམ་སྐབས་སུ་མདའ་རྩལ་འགྲན་ཏེ་མདའ་སྐུགས་འཇོག་པའི་སྲོལ་ཆགས་ཤིག་ཡོད་པ་རེད། དེའང་ད་ལྟ་མདོ་སྨད་ས་ཆར་མཚོན་ན་མདའ་རྩལ་འགྲན་པའི་སྐབས་སུ་མཐེབ་རྩལ་ཆེ་ཆུང་དབང་གིས་གླིང་གི་དཔའ་རྟུལ་ཞིག་གི་མིང་འདོགས་སྲོལ་ཡོད་པ་དང་། དཔེར་ན་དཔའ་རྟུལ་གཉིས་ཀྱི་མིང་བཏགས་ཏེ་ཕན་ཚུན་བར་ལ་མདའ་སྐུགས་འཇོག་པའི་སྲོལ་ཆགས་ཡོད།《རྨ་ཤེལ་བྲག》ལས། གོ་ཁྲབ་འཁོར་གསུམ་བཟང་ཤེར་གྱིས། །ཆས་གོས་སྒ་བཀྲ་གྲ་སྒྲིག་གྱིས། །དཔུང་ཚོགས་བཞི་ཡི་སྒྱུ་རྩལ་དང་། །མདའ་མདུང་གྲི་དང་ཞགས་པ་སོགས། །འཕོང་དང་རྩལ་གྱི་སྦྱང་པ་གྱིས། །[①]ཞེས་པ་ལས་དམག་དཔུང་རྣམས་ཀྱིས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུའང་མདའ་ལ་སོགས་པར་ཉིན་རེའི་ལས་དོན་ཡིན་པ་ཤེས་ཐུབ། ཡང《ཧོར་གླིང་གཡུལ་འགྱེད》དུ། སྤྱི་དཔོན་ཁྲ་རྒན་གྱིས་རྒྱལ་སྲས་སྣང་ངུ་གཡུ་སྟག་བཀྲོངས་རྗེས་ཧོར་གུར་དཀར་རྒྱལ་པོ་སྤྲོ་བ་འབུམ་གྱིས་བརྟས་ཏེ་ཧོར་དམག་རྣམས་ལ་སྟོན་མོ་བསྒྲིགས་ནས། མདའ་ཁ་དཔའ་རྩལ་གྱི་རྒྱུགས་བླངས་ཚེ། ཧོར་ཤན་པའི་གཞོན་གྲས་ནས་གུར་སེར་གྱི་ཁ་འོག་ཤན་ཆུང་དཔའ་བརྟན་དར་ལུ་ཟེར་བ་དེས་མདའ་གཅིག་གིས་ཤིང་སྡོང་མི་ཚད་དགུ་ལ་ཁྲབ་རེ་བསྐོན་པ་ཕིགས་ཐུབ་པ་བྱུང་བས་མིང་ཡང་ཐང་རྩེ་གཡུ་འབྲུག་ཏུ་བཏགས་ཏེ་གཡོན་རུའི་དམག་དཔོན་དུ་བསྐོས། འདི་ལས་གླིང་གིས་ཕ་རོལ་བ་རང་གི་མངའ་ཁོངས་སུ་བསྒྱུར་རྗེས་གསོལ་སྟོན་རྒྱ་ཆེན་པོ་མཛད་དེ་མདའ་རྩལ་འགྲན་པ་མངོན་པར་བསྟན་ཡོད། གཞན་ཡང《ཨ་གྲགས་གཟི་རྫོང》དུ། སྤྱི་དཔོན་གྱིས་ཚོ་དྲུག་གླིང་རུའི་དཔའ་རྟུལ་རྣམས་སྟོན་མོ་དང་ཡོ་ལང་འདི་ཙམ་ལ་སྐུགས་པ་གྲལ་འཚོགས་གྱིས་མགོ་སྒུར་ནས་བསྡད་པས་ཅི་ལ་ཕན། ཆང་འཐུང་ལ་འུར་སྒྲ་དང་། རྟ་རྒྱུགས་ལ་ཐག་སྒྲ་དགོས་ཟེར་བ་ཡིན་པས་གླིང་གི་སྡེ་བ་ཆེ་བཞིས་མདའ་སྐུགས་རེ་ཞོག སྐུགས་ཤོར་ཚེ་སྟོན་མོ་རེ་གཏོང་དགོས་ལུགས་ཀྱི་གླུ། མདའ་དཔའ་རྩལ་འགྲན་ན་ལྟད་མོ་ཆེ། གླུ་རེ་ལོངས་ལ་མདའ་རེ་རྫོངས། ངེད་རྒན་གསུམ་མཐེབ་རྩལ་སུ་ཆེ་བལྟ། དུས་དེ་རིང་མདའ་སྐུགས་འཇོག་རྒྱུ་ཡིན།[②]ཞེས་པ་ལས་མདའ་རྩལ་འགྲན་པ་དང་མདའ་སྐུགས་བཞག་པ་བརྗོད་ཡོད། ཡང་། དུས་དེ་རིང་མདའ་སྐུགས་འཇོག་རྒྱུ་ཡིན། །འདྲ་མཉམ་བྱུང་ན་རང་རྒྱལ་གྱིས། །དེ་མིན་གྲལ་བཞུགས་དཔའ་རྟུལ་རྣམས། །ཁ་མཚར་གླུ་བྲོ་གཞས་ལ་སོགས། །མི་རེས་སྣ་རེ་མ་ཤེས་ན། །མི་གྲལ་ཁྱི་འདུག་དགོས་པ་མེད། །རྒྱལ་སྟོན་བློན་དགྱེས་སྟོན་མོ་མཛོད། །ཡང་ཡང་འཛོམ་པའི་རྟེན་འབྲེལ་ཡིན། །[③]ཞེས་པར་བརྟག་ན་གླིང་གི་སྟོན་མོ་གཏོང་སྟངས་རེ་ལ་མདའ་རྩལ་འགྲན་བཞིན་ཡོད་པ་ཤེས་ཐུབ་ལ། མདའ་རྩལ་འགྲན་ཏེ་མདའ་སྐུགས་འཇོག་པ་དང་གླུ་གར་ལ་རོལ་བ་ཤེས་ཐུབ་ཅིང་། འདི་ནི་ད་ལྟ་མདོ་སྨད་ས་ཆར་མཚོན་ན་མདའ་འཕེན་སྐབས་གླུ་གར་ལ་རོལ་བ་དང་གཅིག་མཚུངས་ཡིན་ནོ། །kXRཀྲུང་གོ་བོད་ཀྱི་དྲ་བ།

གཉིས། མདའ་ཡིས་མི་སྐད་བཤད་དེ་མི་དོན་སྒྲུབ་པ། kXRཀྲུང་གོ་བོད་ཀྱི་དྲ་བ།

ཉག་ཕྲན་མདའ་མོས་མི་སྐད་བཤད་དེ་མི་དོན་སྒྲུབ་པའི་རྣམ་པ་དེ་སྒྲུང་དཔེའི་ནང་དུ་མང་པོ་མཐོང་ཐུབ་ལ། དཔེར་ན། མདའ་མོ་རང་ཉིད་ལ་ནུས་རྩལ་ཁྱད་པར་ཅན་ཞིག་ཡོད་ཅེས་དཔའ་གཏམ་བརྗོད་དེ་ཕ་རོལ་ཟིལ་གྱིས་གནོན་ཞིང་དགྲ་འཇོམས་པར་བྱེད་པ། 《ཧོར་སེར་འགྱོད་པའི་མིག་ཆུ》ལས། གེ་སར་གྱི་མདའ་མོ་ཐོག་རྒོད་འཕུར་ཤེས་ཀྱིས། བུ་བཟང་བའི་མཐེབ་རྩལ་མ་ཞན་ན། །ཧོར་སེར་པོ་འདུལ་བའི་སྟོབས་མེད་ན། །ང་མདའ་མོའི་དཔའ་རྩལ་ཅི་ལ་ཞན། །ཧོར་སེར་པོ་སྡེ་ཤོག་ཁྲི་མ་འབུམ། །ཁྲག་དམར་པོ་ཐུར་མས་དཀྲུག་དཀྲུག་བྱེད། །རྡོ་ཨབ་རྩེ་ལེབ་མོ་གནམ་ལ་འཕེན། །གནམ་ས་ཆ་ལས་རྡེབ་རྡེབ་བྱེད། །དུས་བསྐལ་པའི་ཆགས་འཇིག་ངེས་པར་སྟོན། །ལས་དེ་འདྲ་མ་བྱས་མདའ་མོ་ང་། །རྟེན་ལྷ་མདའ་སུམ་ཅུའི་གླུད་ལ་རྫོང་། །[④]ཞེས་པ་ལས་མདའ་མོས་མི་སྐད་བཤད་དེ་རང་གི་རྩལ་དང་ནུས་པ་ཞིབ་པར་བརྗོད་པ་དང་། རྒྱལ་པོར་མདའ་མོ་རང་ལ་བློ་འཁེལ་ཆོག་པའི་གླུ་བཏབ་རེད། གཞན་ཡང་། 《ཁམས་གསུམ་བདེ་བཀོད》ལས། ལྷ་མདའ་ཐོག་རྒོད་འབར་བས་ཇི་སྐད་དུ། གླིང་མདའ་མོ་རྣམས་ཀྱིས་ང་ལ་ཉོན། །སྐུ་སེང་ཆེན་ཞིང་ལ་ཕེབས་རྒྱུ་རེད། །ང་ལྷ་མདའ་ལྷ་ཡུལ་ཁམས་ལ་འགྲོ། །ཁྱེད་ལྷ་མདའ་དགྲ་སྡེའི་ཁ་གནོན་གྱིས། །སེམས་མ་རྨོངས་དགྲ་སྡེ་དམ་ལ་ཐོགས། །ཕྱི་དགྲ་བོའི་སྟེང་དུ་འཕེན་ཉིན་ལ། །ཁྱོད་དགྲ་ཤ་ཟོ་དང་དགྲ་ཁྲག་ཐུངས། །གླིང་ལྷ་སྡེ་ཕྱུགས་ས་ནོར་སྒོ་སྲུང་གྱིས། །ས་གླིང་དཀར་སྟོད་ཀྱི་དགྲ་ལྷ་བྱོས། །མདའ་འདིར་ཚོགས་སྐུ་ཁམས་བདེ་མོར་གྱིས། །དེ་མ་བརྗེད་མདའ་མོས་སེམས་ལ་ཟུངས། །དུས་མ་འོངས་བྱང་ཕྱོགས་ཤམ་བྷ་ལར། །འཁོར་གཅིག་ནས་སྐྱེ་བའི་སྨོན་ལམ་འདེབས། །[⑤]ཞེས་པ་ལས་མདའ་མོ་ཐོག་རྒོད་འཕུར་ཤེས་ལ་སྐྱེས་ཆེན་དམ་པ་ལྟ་བུའི་ནམ་འཆི་ལ་མངོན་མཁྱེན་ཡོད་པ་དང་། གཤོག་ཐོག་ལྟ་བུའི་ནམ་མཁར་འཕུར་ཐུབ་པ། དཔའ་རྒོད་ལྟ་བུའི་དགྲ་བོ་འདུལ་ཐུབ་བའི་ནུས་རྩལ་ཁྱད་པར་ཅན་ཡོད་པ་གསལ་བོར་བསྟན་ཡོད་ལ། 《འཛམ་གླིང་སྤྱི་བསང་》དུ། གཡས་སྟག་དོང་དགྲ་ལྷའི་རྫོང་ཆེན་ན། །ཁ་གྲགས་ཤེས་པའི་མདའ་བཅུ་ཡོད། །མི་སྐད་གོ་བའི་མདའ་བཅུ་ཡོད། །སྨོན་ལམ་ཐེབས་པའི་མདའ་བཅུ་ཡོད། །ཕྱིར་འོང་ཤེས་པའི་མདའ་བཅུ་ཡོད། །[⑥]ཅེས་མདའ་མོ་ལ་མིའི་རང་གཤིས་སུ་གྱུར་བའི་བྱེད་ནུས་ཕུན་སུམ་ཚོགས་པ་ཡོད་པར་བསྟན་འདུགkXRཀྲུང་གོ་བོད་ཀྱི་དྲ་བ།

གསུམ། མདའ་ལ་བླ་འདུལ་གྱི་ནུས་རྩལ་ལྡན་པ།kXRཀྲུང་གོ་བོད་ཀྱི་དྲ་བ།

《གླིང་སྒྲུང》དུ་བརྗོད་པའི་རུས་བླ་ནི་རང་གི་སྐྱབས་གནས་དང་སྲུང་མའམ་སྲོག་གི་རྟེན་དང་ཕུར་ལྟ་བུ་གྱུར་ཡོད་པས། དཔའ་བོ་གང་ཞིག་གཡུལ་ལ་ཞུགས་པ་དང་། ཡང་ན་སྐབས་བབ་ཀྱི་ལས་དོན་གང་ལ་བར་ཆད་དམ་བགེགས་བྱུང་ཚེ། རང་གི་སྐྱབས་གནས་དང་སྲུང་མ་དེ་ལ་གསོལ་འདེབས་དང་སྐྱབས་འཇུག་བཟློག་མེད་བགྱིས་པ་དང་། དེ་བཞིན་དུ་ཕ་རོལ་དགྲ་བོ་གང་ཞིག་འདུལ་ནའང་ཐོག་མར་དེའི་བླ་གནས་སམ་སྐྱབས་གནས་འདུལ་དགོས་པ་དང་། བླ་གནས་སམ་སྐྱབས་གནས་མ་བཏུལ་ན་མདའ་ཕོག་ཀྱང་མདེའུས་མི་ཆོད་པ་དང་མཚོན་དབྱུག་ཀྱང་སོ་ཁ་མི་འགྲོ་བ། སྐེ་བྲེགས་ཀྱང་ཁྲག་དམར་མི་འབབ་ཟེར་ཞིང་། ཕ་རོལ་དགྲ་བོ་འདུལ་དུས་ཐོག་མར་བླ་མདའ་འཕངས་ཏེ་བླ་གནས་སམ་སྐྱབས་གནས་འདུལ་དགོས་པ་དང་། བླ་གནས་སམ་སྐྱབས་གནས་བཏུལ་རྗེས་ད་གཟོད་འདུལ་སླ་བ་ཞིག་ཡིན་ཏེ། དཔེར་ན། 《ཁྱུང་ཚ་སྤུན་ལྔ་འདུལ་བའི་དྲག་པོའི་གཡུལ་འཁྲུག》ལས། རྒྱལ་མཆོག་རིན་པོ་ཆེའི་སྤྱན་མི་དགའ་གློག་དམར་འཁྱུག་འཁྱུག ཞེ་མི་དགའ་དུ་སྤྲིན་འཁྲིགས་འཁྲིགས་བགྱིས་ནས་འཕྲལ་དུ་ལྷ་མདའ་ཞིག་སྤྲིངས་པ་སྲིན་བྱ་འུག་པའི་བྲང་དཀྱིལ་ལ་ཐེབས་ཏེ་གཤོག་གཉིས་ཕུག་སྟེ་རྒྱབ་ཀྱི་བྲག་རྒྱ་སྒོ་ཙམ་ཞིག་ཐར་རེ་གཏོར་བྱུང་མོད། འོན་ཀྱང་འུག་འདྲེ་དེའི་བླ་གནས་དེ་ནི་དཔྲལ་བར་ཡོད་པས་འཕྲལ་དུ་འཆི་མ་ཐུབ་པར་ནག་ཡོ་རོ་རོ་འཕུར་ནས་འདན་མར་གཤོག་ལྕག་བརྒྱབ་སྟེ་འདན་མའི་ཕྱག་ལ་རྨ་ཁ་ཙམ་བཟོས་པས། འདན་མ་སྔར་ལས་ཁོང་ཁྲོ་ལངས་ཏེ་མྱུར་སྟབས་ཀྱི་མདའ་ཞིག་འཕངས་ཀྱང་སྤུ་ཐར་རེ་གཏོར་བ་ལས་འདུལ་སྐལ་མེད་པས་ཅི་ཡང་མ་གནོད། སྐབས་དེར་རྒྱལ་མཆོག་དམ་པས་རྫུ་འཕྲུལ་ཞིག་གིས་ཁོ་རང་འཛིན་དགོས་དགོངས་ནས། སྟོང་དོང་ནང་ནས་ལྷ་མདའ་མཚལ་ལྟོང་མ་འུར་སྒྲ་དང་བཅས་འཕགས་བྱུང་བ་རྒྱལ་མཆོག་ཁོང་གིས་གཞུ་མོ་རྭ་རྒོད་འཁྱིལ་བའི་སྟེང་དུ་བཀོད་དེ་བྱའི་རྗེས་དེད་ནས་བྱོན་པ་ན། སྲིན་བྱས་ཕྱི་མིག་ཅིག་བལྟས་པའི་སྐབས་དེར་ལྷ་མདའ་ལ་མོ་འཕངས་པ་འུར་སྒྲ་དང་བཅས་འུག་པའི་དཔྲལ་བར་ཐེབས་ནས་ཐང་ལ་ལྷུང་སྟེ་ཤི།[⑦]ཞེས་པ་ལས་རྒྱལ་མཆོག་གིས་བླ་མདའ་འཕངས་ཏེ་དཔྲལ་བའི་བླ་གནས་གཏོར་བ་མངོན་པར་བརྗོད་ཡོད། གཞན་ཡང་། 《ཧོར་གླིང་གཡུལ་འགྱེད》ལས། ཞལ་ལུ་དཀར་པོ་ཉིད་ཀྱིས་ཁོ་ཐག་བཅད་ནས་མདའ་མོ་འཕུར་ཤེས་འདིས་ལྕགས་ནག་གི་མཆིན་པ་མི་གཏོར་རི། ཁམས་གསུམ་གྲོང་འཇོམས་མ་བཏུལ་ན། ང་རྒྱ་ཚ་གསོན་ཀྱང་ཅི་ལ་ཕན་གསུངས་ནས་ཕྱག་མདའ་དེ་སྤྲིངས་བྱུང་བ་དང་ལྷན་དུ། མེ་ལྕེ་སེར་རྒོད་གློག་གསུམ་གྱི་གནམ་ས་ཁེངས། ལྕགས་ནག་ཁམས་གསུམ་གྲོང་འཇོམས་དེ་བྱ་སྒྲོ་མེ་ཡིས་གཞོབ་པ་ལྟར་ཐལ་བ་ཙམ་དུ་བཟོས། རྒྱལ་པོའི་ལས་གུར་ཁྲི་ཤོང་དཀར་མོ་དེ་ཐལ་ཕྱུར་རེ་ཕར་ཕིགས་ཚུར་ཕིགས་ཀྱིས་མེ་ལྕེས་བསྲེགས་ནས་ཚིག རྒྱལ་པོ་གུར་དཀར་ཁྲི་སྟེང་ནས་མགོ་མཇུག་བསྒྱུར་ཏེ་ཇ་ཡུན་ཙམ་ལ་བརྒྱལ་ནས་འདུག་གོ །སེང་ལྕམ་འབྲུག་མོ་ཡང་ས་ལ་བསྡད་ནས་མིག་བཙུམ། ལག་པ་གཉིས་ཀྱིས་རྣ་བ་བཀབ་པ་མ་གཏོགས་རང་དགར་སྡོད་ཐུབ་པའི་དུས་མ་བྱུང་། དེའི་སྟེང་དུ་འདན་མས་མདའ་གཅིག་མཉམ་རྫོང་བྱས་པ། ཤན་པ་འབུམ་ཐུབ་དཔུང་དམག་དང་། པ་དུར་སྟོང་ཁྲི་ཡར་ལྷ་གཉིས་ཀྱིས་གཙོས་པའི་མི་བཅོ་བརྒྱད་ཙམ་བསད་ནས་གདའ། ཕྱག་མདའ་འཕུར་ཤེས་ཐོག་ལྕེ་དེ་སླར་ཡང་ཚུར་འཇའ་ཚོན་སྤུངས་སང་ངེར་བྱུང་སྟེ། རྒྱ་ཚ་མདུན་གྱི་ཕ་བོང་ཞིག་གི་ཁར་བབས་ཏེ་ཀེར་གྱིས་ལངས་ནས་བསྡད་པར་གདའ།[⑧]ཞེས་རྒྱ་ཚ་ཞལ་ལུ་དཀར་པོ་དེས་ཕྱག་མདའ་སྤྲིངས་ཏེ་ཐེའུ་རང་བླ་ལྕགས་གཏོར་ཚུལ་བསྟན་ཡོད་པ་འདི་དག་ལས་སྐབས་དེར་བྱ་དངོས་ཡོད་ཚད་ལ་བླ་ཡོད་པར་འདོད་པའི་འདུ་ཤེས་ལས་བྱུང་བའི་སྣང་ཚུལ་ཞིག་ཡིན་པ་རྟོགས་ཐུབ།kXRཀྲུང་གོ་བོད་ཀྱི་དྲ་བ།

བཞི། མདའ་ནི་འཕྲིན་སྐྱེལ་གྱི་ཕོ་ཉ་ཡིན་པ།kXRཀྲུང་གོ་བོད་ཀྱི་དྲ་བ།

མདའ་ལ་བརྟེན་ནས་འཕྲིན་ཡིག་བསྐུར་བའི་སྣང་ཚུལ་དེའང་སྒྲུང་དཔེ་ནང་དུ་མང་པོ་ཞིག་མཐོང་ཐུབ། 《བོད་རྒྱ་ཚིག་མཛོད་ཆེན་མོ》ལས། མདའ་ཡིག་ནི་སྔར་བོད་ས་གནས་སྲིད་གཞུང་གི་དཔོན་རིགས་ཆེ་གྲས་ཕྱོགས་འགྲོའི་སྐབས་རྟ་ཁལ་མི་གསུམ་གྱི་ཁྲལ་འུལ་བསྐུལ་ཕྱིར་སྔོན་ཚུད་ནས་རལ་དམར་ལ་བྲིས་ཏེ་གཏོང་བའི་ཡི་གེ་ཡིན།[⑨]ཞེས་པ་ལྟར་དཔེར་ན། 《ཧོར་གླིང་གཡུལ་འགྱེད》ལས། སྐབས་དེར་གླིང་པ་རྣམས་ཀྱི་ཞལ་གྲོས་འཆམ་པར་སང་ཉིན་ཉི་མ་ཤར་བ་དང་མཉམ་དུ་དཔའ་རྟུལ་བརྒྱད་པོ་ཧོར་སྒར་ལ་བརྒྱུགས་ནས་གུར་དཀར་རང་ལམ་ལ་ཚུད་པ་ཞིག་ཅིས་ཀྱང་བྱེད། གཞན་སུ་བསད་ཀྱང་སྡིག་པ་ཆེ་བ་ལས་ཕན་པ་མི་གདའ་བས་མ་འཕྱུག་མ་ཡོ་ཟེར་ནས་ཐག་བཅད་དོ། ། དེར་ཡང་ཁྲོ་ཐུང་གི་བསམ་པར་དོ་ནུབ་ཧོར་ལ་བྱ་མ་བཏང་ན། དཔའ་རྟུལ་བརྒྱད་པོ་མཉམ་དུ་ཤར་ན། གུར་དཀར་རྒྱལ་པོ་མ་ཤི་མ་གསོན་པར་གླིང་རུའི་མདའ་འབེན་ལ་འཇོག་ངེས་པས་དོ་ནུབ་གསང་ཆ་ཅིག་གཏོང་དགོས་པའི་བློ་ངན་སྐྱེས་ནས། དེར་ས་སྲོས་ཙམ་དུ་མདའ་ཟངས་ལྟོང་མ་གཅིག་གི་མགུལ་ལ་ཡི་གེ་བྲིས་པར་ཧོར་སྙིང་མེད་སྨྱོན་པ་ཐང་གང་རྣམས་ཉོན་ཅིག སང་ཉི་རྩེ་ཤར་བ་དང་ལྷན་དུ་གླིང་དཔའ་རྟུལ་དྲག་རྒོད་བརྒྱད་ཧོར་སྒར་ལ་གུར་དཀར་རྒྱལ་པོ་ཞལ་མཇལ་གསུང་ཉན་ལ་འབྱོན་པར་ཡོད། ཉག་ཕྲན་མདའ། སྐྱ་རིང་མདུང་། སྔོན་མོ་མཚོན་གྱིས་ཕྱག་རྟགས་དང་། ཐག་ཉེ་ན་འཕྲུལ་གྱི་ཞགས་པས་བསུ་བ་བཏང་ནས་གུར་དཀར་ཁྱི་ར་ཐོད་མདའ་འབེན་ལ་འཇོག་རྒྱུ་ཡིན་འདུག་པས། མཐོ་ནམ་མཁའ། དམའ་ས་གཞུ། བར་སྣང་ཁམས། བྲག་དམར་དཀྱིལ། རྒྱ་མཚོའི་གཏིང་། ཐ་མ་འགག་གཏུགས་ན་འཕྱི་ཁུང་ཚུན་ལ་གབ་སྟེ། གར་ཐར་ལ་བྲོས་ཐབས་གང་དྲག་མ་བྱས་ན། གཤིན་རྗེའི་ཁྲམ་ལ་འདེབས་ངེས་ཡིན་པས་ཡིད་ལ་ཞོག ཟེར་བ་ལས་ཧོར་སྒར་དུ་འཕངས་པས་མཆོང་ལྷའི་མདུན་དུ་བྱུང་། དེར་མདའ་མགུལ་ན་ཡི་གེ་འདུག་པ་མཐོང་ནས་རྒྱལ་པོ་གུར་དཀར་ལ་སྤྲད། ཞེས་ཁྲོ་ཐུང་གིས་མདའ་མོ་ཟངས་ལྟོང་མ་ཞིག་ལ་བརྟེན་ནས་ཧོར་ལ་གསང་འཕྲིན་བཏང་བ་ དང་། ལུས་སྐྱེ་མཆེད་ཚིགས་གསུམ་སྨྱུག་ལ་གྲུབ། །འཕུར་ཡ་ཐང་དཀར་སྒྲོ་ལ་བྱས། །རྣོ་ཆོད་ལྕགས་རྒོད་མདེའུ་བཙུགས། །མདའ་ཉག་ཕྲན་འཕུར་ཤེས་གོ་ཆོད་ཡིན། །སྐེད་ལ་བཏགས་པའི་ཡིག་ཆུང་འདི། །རྒྱ་ཤོག་སེར་པོའི་ངོས་འཇམ་ལ། །ཡི་གེ་ནག་ཆུང་གྲལ་ལ་བཞུགས། །གཏམ་འདྲ་མ་མེ་ལོང་གཟུགས་བརྙན་འདི། །སྨ་མི་དགོས་དོན་ཚང་བང་ཆེན་ཡིན། །ངོ་མི་ཤེས་གསང་བའི་སྙིང་གཏམ་ཡིན། །[⑩]ཞེས་གསང་འཕྲིན་གཏོང་མཁན་ཡང་མི་སུ་ཡིན་པ་མི་ཤེས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པར་བཞེད། 《ཐང་ཡིག་གསར་རྙིང་》ལས། དམག་བྱེད་ཚེ་གསེར་མདའ་ཚུན་མདུན་ཅན་ཞིག་སྔོན་དུ་བརྫངས་ནས་བརྡ་གཏོང་། ལེ་དབར་བརྒྱ་རེའི་མཚམས་ནས་ན་ཚུགས་རེ་ཡོད། གནས་ཚུལ་འཚུབ་ཅན་རེ་བྱུང་ཚེ། བརྡ་མཁན་གྱི་དང་ཁར་དངུལ་གྱི་བྱ་ཞིག་འདོགས་ཚུབ་ཤིན་ཏུ་ཆེ་ན་དངུལ་བྱ་མང་དུ་འདོགས་[11]པ་ལས་གསང་བའི་སྒོ་ནས་འབྲེལ་གཏུགས་བྱེད་པའི་ལག་ཆ་ཞིག་ཡིན་པ་རྟོགས་ནུས། ཡང་སྒྲུང་ལས། མདའ་ཉག་ཕྲན་འཕུར་ཤེས་གོ་ཆོད་ཡིན། །སྐེད་ལ་བཏགས་པའི་ཡིག་ཆུང་འདི། །རྒྱ་ཤོག་སེར་པོའི་ངོས་འཇམ་ཡིན། །ཡི་གེ་ནག་ཆུང་གྲལ་ལ་བཞུགས། །ཞེས་མདའ་འཕྲིན་བསྐུར་བའི་སྣང་ཚུལ་འདི《གླིང་སྒྲུང》དུ་མང་པོ་མཐོང་ཐུབ་ལ། དེར་དུས་ཡུན་ཐུང་ཐུང་ནང་འཕྲིན་འབྱོར་ཐུབ་པའི་ཁྱད་ཆོས་ཡོད་པར་མ་ཟད། ལྷག་པར་དུ་གསང་འཕྲིན་བཏང་ན་སྟབས་བདེའི་རང་བཞིན་ལྡན་པར་སྙམ།kXRཀྲུང་གོ་བོད་ཀྱི་དྲ་བ།

ལྔ། མདའ་ནི་མེ་དུག་འཕེན་བྱེད་ཀྱི་ལག་ཆ་ཡིན་པ།  kXRཀྲུང་གོ་བོད་ཀྱི་དྲ་བ།

དུག་མདའ་དེ་སྤྱིར་བཏང་གི་མདའ་མོ་དང་བསྡུར་ན་ཕོག་ན་མི་འཆི་བ་མེད་པའི་ཁྱད་ཆོས་ཡོད་པ་དང་། མེའི་མདའ་ལའང་དེ་དང་དེ་བཞིན་དུ་ཕོག་ཡུལ་མེར་བསྲེགས་ཐུབ་པའི་ཁྱད་ཆོས་ཡོད་དེ། རང་རྒྱལ་གྱི་མིང་དུ་གྲགས་པའི་བརྩམས་ཆོས་ཆེན་མོ་བཞིའི་གྲས་ཀྱི《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད》ལས་ཀྱང་མེ་མདའ་འཕངས་ཏེ་མེར་བསྲེགས་པའི་སྣང་ཚུལ་དེའང་རྒྱུན་པར་མཐོང་ཐུབ་པ་དང་། དེར་གཡུལ་ལས་རྒྱང་རིང་ཞིག་ནས་མེའི་མདའ་འཕངས་ཏེ་གཞན་ཡུལ་མེར་བསྲེགས་ཐུབ་པའི་ཁྱད་ཆོས་ལྡན་པ་མ་ཟད། མེས་བསྲེགས་ཡུལ་ལ་ཤེས་སུ་མི་འཇུག་པར་ལྐོག་ནས་དང་ཡང་ན་གསང་བའི་སྒོ་ནས་གཞན་ཡུལ་མེར་བསྲེགས་ཐུབ་པའི་ཁྱད་ཆོས་ཀྱང་ལྡན། དཔེར་ན། 《ཙ་རི་སྨན་རྫོང》དུ། མདའ་གྲི་མདུང་གསུམ་དུག་གིས་བྱུགས། །མཚོན་བཏབ་ཚད་གསོན་ཐར་མེད་ལེ་གྱིས། །ཞེས་པ་ལས་དུག་མདའ་དེ་ཕོག་ན་མི་འཆི་བ་མེད་པའི་ཁྱད་ཆོས་མངོན་གསལ་ཡིན། 《ཨ་སྟག་ཤ་རྫོང》དུ། དམག་དཔོན་འབུ་ཁྲ་བུ་ཡི་རྔམ་ཆེན་ཟེར་བ་དེ་འདོ་བ་བྱ་ནག་ལྡིང་ཤེས་ཀྱི་གོང་ལ་བུད་དེ། གོ་མཚོན་འཁོར་གསུམ་ལུས་ལ་སྤྲས། གཡས་ཀྱི་མདའ་དུང་ནང་དུ་དུག་མདའ་ཤ་གཟན་ལྔ་བཅུ་བསྐོང་། གཡོན་གྱི་གཞུ་ཤུབས་ནང་དུ་དུག་གཞུ་ཨ་ལོང་འཁྱིལ་ཆེན་དེ་བཙུགས། ལྕགས་རྨོག་ནམ་མཁའ་ཐོག་ཐུབ་དེ་མགོ་ལ་གྱོན། འཕྲུ་ནག་སྤྲིན་ནག་ལངས་འདྲ་བཙུགས། གཡོན་གྱི་གྲུ་ཁུག་ལ་ཐེའུ་རང་ནག་པོའི་འཕྲུལ་ཞགས་ཉི་ཟླ་གཟའ་འཛིན་ཟེར་བ་དེ་ཁྱེར། རལ་གྲི་སྟོང་ཆེན་མེ་རི་དེ་སྐེད་ལ་བསྐོར། དཔུང་རོགས་དཔའ་བོ་ལྔ་བཅུས་བསྐོར་དེ་ཁྲ་མོ་གླིང་གི་ཕྱོགས་སུ་ཆས།[12]ཞེས་དང་།《གླང་རུ》ལས། བཀའ་སྟག་ཟླ་བ་རྡོ་རྗེས་གླུ་འདི་འདྲ་ཞིག་བླངས་ཡོད་དེ། བཅོ་བརྒྱད་ཤྭ་བོའི་དུང་རྭ་དེ། །ཁྲ་ཡག་རྫ་ལ་ངོམ་ཚོད་ཀྱིས། །རྔོན་སྐྱེན་པོས་གདའ་གཞུ་མཐེབ་ཀྱིས་འགུགས། །མགོ་དུང་རྭ་རྒྱན་དུ་བླངས་པས་ཆོག །འབུམ་སྒར་ཁྲ་མོའི་སྒར་དཀྱིལ་ནས། །མི་ནག་རལ་བ་གྱེན་གསེག་ཅན། །དཔའ་ཚོད་རང་གིས་བཟུང་དང་དགའ། །དུག་མདའ་ངར་མ་ཐོག་ལས་མྱུར། །སྲོག་དམར་ཧ་ལ་འཕེན་ཉན་ཆེ། །[13]ཞེས་དཔའ་གཏམ་ཞིག་བརྗོད་དེ་དུག་མདའི་ནུས་རྩལ་ངོམ་ཡོད། མེ་མདའ་དེ་འཕངས་ཚེ་ཕོག་ཡུལ་མེར་བསྲེགས་ཐུབ་པའི་ནུས་པ་ཡོད་ལ། མདའ་མོར་མེ་བསྒྲོན་ཏེ་ཕ་རོལ་དགྲ་ཟླ་འཚིག་པར་བྱེད་པའི་མདའ་མོ་ཁྱད་པར་ཅན་ཞིག་ཡིན་ཏེ། 《བྱེ་རིའི་བཙན་རྫོང་》ལས། ངས་སྟག་དོང་ནང་ནས་མདའ་གཅིག་ལེན། །ལྕགས་མདའ་ཁྲག་འཐུང་མེ་འབར་ལེན། །ཐབས་ཤེས་གཉིས་ཀྱིས་མེ་ཞིག་སྦར། །ཤིང་གསོན་དཀར་མ་དགོས་ཡ་མཚན་ཆེ། །གཟིག་ཤུབས་ནང་ནས་གློག་གཞུ་གཅིག་ལེན། །ལྕགས་གཞུ་གཡུ་འབྲུག་འཁྱིལ་བ་ལེན། །དཔའ་རྩལ་དཔུང་གི་ཤུགས་ཀྱིས་བརྒྱངས། །རྭ་ཤིང་མ་དགོས་ཡ་མཚན་ཆེ། །དེ་རིང་འཕྲུལ་མདའ་སྟོབས་ཆེན་འདི། །རྡོ་རྗེ་བྲག་ལ་ཐེབས་པས་ན། །མེ་ལྕེ་རྡོ་དང་འཕྲད་དང་མཚུངས། །སྐམ་པོ་ཤིང་ལ་ཐུག་པས་ན། །གཏད་པས་མཐོང་གསལ་མེ་ལོང་གཏོར། །[14]ཞེས་པ་བཞིན་མེ་མདའ་སྤྱོད་པ་དེ་ནི་དྲག་ཆས་བེད་སྤྱོད་ཀྱི་ཆུ་ཚད་ཅུང་འཕེལ་རྒྱས་སུ་སོང་ཡོད་པ་ཤེས་ཐུབ་པ་དང་། མདའ་མོ་འདི་ནི་དེང་དུས་རྒྱ་སྐད་དུ་(火箭)ཞེས་པ་དང་འདྲ་བར་འདོད། ཡང་《ཧོར་གླིང་གཡུལ་འགྱེད》ལས། ཤན་པ་རྨེ་རུས་བླ་རྟ་ལྔ་པོ་བསད་པ་མཐོང་བ་དང་། གློ་བུར་དུ་ཚིག་པ་ཟོས་ནས། མདའ་གཅིག་གཞུ་སྟེང་དུ་བཞག གྲི་དུག་རལ་འབར་བ་བཏོན་ཏེ་དཔའ་ལུང་མཛུབ་མོར་བསྐོན་ནས་འདི་ལྟར་ཟེར་རོ། གླིང་ར་རྫི་བུའམ་རེའུ་རྫི་བུ། ལས་འགྲུབ་རྒྱུ་གསུམ་དེ་གྲུབ། ཚར་རྒྱུ་གསུམ་དེ་ཚར། ལས་དེ་རྒྱབ་ཧོར་གླིང་གི་མི་ཤ་བགོས། སྡེ་གཉིས་ཐོད་པ་གཏུགས། སྡེ་གསུམ་ཀླད་གཡུག་བསྐོར། ཉེས་པ་གླིང་ལ་བཞག ནམ་ཕུགས་ཧོར་སེར་ཕུབ་ལེ་གཅིག་ཐོན་སོང་སྟེ། ཁྱོད་ད་དུང་ཉོན་ལ་ལྟོས་ཤིག་ཟེར་ནས། གླུ་འདི་འདྲ་བླངས་སོ། ། བླ་རྟ་དཀར་ནག་ཁྲ་གསུམ་ལྔ། །མདའ་རེ་རེ་ཁ་ནས་རྫོགས་ཏེ་ཐལ། །ཧོར་རྒྱལ་ཆེན་གསུམ་གྱི་གསོན་སྙིང་རེ། །ཤོར་ཟེར་ལེ་དེ་དང་ཁྱད་པར་མེད། །ངས་མདའ་གཅིག་གངས་རིའི་ཟུར་ལ་འཕེན། །གངས་དཀར་པོ་ཉི་མས་ཞུ་འདྲ་གཅིག །སེང་དཀར་མོའི་གཡུ་རལ་བཀོག་ལེ་གཅིག །མདའ་གཅིག་ཙན་དན་ནགས་ལ་འཕེན། །ནགས་ཙན་དན་མེ་ཡིས་བསྲེགས་ངེས་གཅིག །སྟག་འཛུམ་དྲུག་གི་རི་མོ་འགོག་ངེས་གཅིག །མདའ་གཅིག་རྡོ་རྗེ་བྲག་ལ་འཕེན། །བྲག་དཀར་པོ་ཐོག་གིས་གཏོར་འདྲ་གཅིག །རྒོད་ཐང་དཀར་གཤོག་དྲུག་འབྲེག་ངེས་གཅིག །མདའ་གཅིག་སེར་པོ་སྤང་ལ་འཕེན། །སྤང་སེར་པོ་ཐལ་བར་མི་བཟོ་རི། །ཤ་ཕོ་རྭ་ཅོ་རྩ་བ་ལེན། །ཅེས་ཟེར་བ་དང་། མདའ་རྣམས་རེ་རེ་བཞིན་འཕངས་བྱུང་བས། གངས་རི་གཡའ་མ་ཉིལ་ལེ། ནགས་རི་སྡོང་དུམ་ཧྲུག་གེ བྲག་རི་ཆག་རྩེ་སིལ་ལེ། སྤང་རི་ཐལ་བ་ཕྱུར་རེ་སོང་། ཞེས་པར་བརྟག་ན་ཤན་པ་རྨེ་རུ་རྩེས་ཙན་དན་ནགས་ལ་འཕངས་པའི་མདའ་མོ་དེ་ནི་མདའ་མགོར་མེ་བཞག་ཡོད་པའི་མེའི་མདའ་ཡིན་པར་སྙམ།kXRཀྲུང་གོ་བོད་ཀྱི་དྲ་བ།

དྲུག མདའ་ནི་གཏེར་སྒོ་འབྱེད་པའི་ལྡེ་མིག་ཡིན་པ།kXRཀྲུང་གོ་བོད་ཀྱི་དྲ་བ།

སྐྱེས་མཆོག་ནོར་བུ་དགྲ་འདུལ་གཙོ་བྱས་པའི་གླིང་གི་དཔའ་རྟུལ་སུམ་ཅུ་རྣམས་ཀྱིས་རྫོང་ཆེན་བཅོ་བརྒྱད་དང་རྫོང་ཕྲན་མང་པོ་ཆམ་ལ་ཕབ་ཏེ་གཏེར་སྒོ་མང་པོ་འབྱེད་པའི་སྐབས་སུ་མདའ་མོ་འཕངས་ན་ད་གཟོད་གཏེར་སྒོ་འབྱེད་ཐུབ་པས་མདའ་མོ་ནི་གཏེར་སྒོ་འབྱེད་བྱེད་ཀྱི་ལྡེ་མིག་ལྟ་བུའི་ནུས་པ་ཐོན་ཡོད་པར་སྙམ། དེ་ཡང《རི་ནུབ》ཏུ། དེ་ནས་འཛམ་གླིང་གེ་སར་རྒྱལ་པོའི་ཕྱག་ལ་གཏེར་སྒོ་འབྱེད་པའི་གསེར་གྱི་མདའ་མོ་སྒྲོ་ལ་ཨ་ཡིག་རང་བྱོན་ཡོད་པ་དེ་བཟུང་ནས། སྤྱན་གྱིས་ཁམས་གསུམ་མཐོང་བར་གཟིགས་ནས་གླུ་འདི་དབང་དྲག་གར་བརྒྱའི་འཁྱུག་རྟ་ལ་དྲངས་ཏེ། ཤེས་རབ་མདའ་མོ་ཐུགས་རྗེའི་འཕྲུལ། །གཞུ་མཆོག་རྡོ་རྗེ་རྫོང་ལ་བཀང་། །ཐབས་ཤེས་རིག་པས་གཞུ་རྒྱུད་འཐེན། །གཏེར་ཤིང་ནོར་བུའི་རྫོང་ལ་འཕེན། །ཕ་ནོར་བུ་ཡིས་འཛིན་པའི་དུས། །དཔའ་བོ་མཁའ་འགྲོས་དཔུང་རོགས་མཛོད། །དར་ཆེན་གླིང་བཞིའི་གཡས་བཞག་དེ། །དེ་རིང་སྤུར་རྒྱལ་བོད་ལ་བཞེས། །སངས་རྒྱས་བསྟན་པའི་རྒྱན་ལ་འཇོག །བོད་ལྗོངས་ཆོས་ཀྱི་ཉི་མ་འཆར། །གངས་ཅན་བདེ་སྐྱིད་ཡོང་བར་བྱེད། །དབུ་ནག་བསོད་ནམས་དགུང་དང་མཉམ། །མདའ་འདིའི་ལྟོང་ཁ་གསལ་པའི་དུས། །ལྷ་ཆེན་ཁ་བ་འབབ་འབབ་མཛོད། །མདའ་ཁས་བར་སྣང་བསྒྱུར་བའི་དུས། །མཉན་དམག་བུ་ཡུག་འཚུབ་འཚུབ་མཛོད། །མདའ་ལྟོང་འུར་སྒྲ་གྲག་པའི་དུས། །ཀླུ་དམག་རྒྱ་མཚོ་འཕྱུར་འཕྱུར་མཛོད། །མདའ་ཟུར་ཕྱོགས་བཅུར་སྟོན་པའི་དུས། །ཆོས་སྐྱོང་སྐར་མདའ་མཆེད་མཆེད་མཛོད། །ཝེར་མ་གློག་དམར་འཁྱུག་འཁྱུག་མཛོད། །དགྲ་ལྷ་འོད་ཟེར་འཕྲོ་འཕྲོ་མཛོད། །མདའ་འདི་གཏེར་ཤིང་སྟེང་ལ་འཕེན། །གཏེར་སྒོ་ཉི་མ་ཤར་འདྲ་མཛོད། །བང་མཛོད་སྒོ་མོ་ཕྱེས་འདྲ་མཛོད། །གཏེར་རྫས་གངས་རི་སྤུངས་འདྲ་མཛོད། །ལོངས་སྤྱོད་རྒྱ་མཚོ་འཁྱིལ་འདྲ་མཛོད། །རྡུལ་ཕྲན་ལྷུན་པོ་སྤུང་པ་བཞིན། །ཕྱོགས་བཅུའི་དམ་ཅན་སྲུང་མའི་དཔུང་། །མ་གཅིག་གྲུབ་པའི་རྒྱལ་མོ་དང་། །བསྟན་སྲུང་རྒྱལ་བའི་དམ་ཅན་རྣམས། །སྡོངས་གྲོགས་མཛོད་དང་དཔུང་ལ་ཆས། །ཞེས་དེ་ལྟར་བླངས་ནས་གསེར་མདའ་དེ་བརྫངས་པས། ཤུགས་སྒྲ་ཡིས་བར་སྣང་བཀང་། དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་ཁ་ཆར་བུ་ཡུག་འཚུབ་འདྲ་བྱས། དེ་ནས་གསེར་མདའ་གཏེར་ཤིང་ཆེན་པོའི་སྟེང་ལ་ཕོག་ནས་སྡོང་ཆེན་དེ་ཤར་གྱིས་འགྱེད་ཏེ་གཏེར་སྒོ་ཕྱེས།[15]ཞེས་འཛམ་གླིང་གེ་སར་རྒྱལ་པོས་གསེར་གྱི་མདའ་མོ་ཨ་ཡིག་རང་བྱོན་ཞིག་ཡོད་པ་དེར་བརྟེན་ནས་རི་ནུབ་ཀྱི་ཀླུ་ཤིང་འདམ་མཁར་ཕྱུག་མོའི་གཏེར་སྒོ་ཕྱེས་ཚུལ་བརྗོད་ཡོད།kXRཀྲུང་གོ་བོད་ཀྱི་དྲ་བ།

བདུན། མདའ་ནི་མོ་འདེབས་པའི་ཡོ་ཆས་ཡིན་པ། kXRཀྲུང་གོ་བོད་ཀྱི་དྲ་བ།

མོ་འདེབས་པ་ནི་རང་རེའི་མི་རིགས་ཀྱི་འཚོ་བའི་གོམས་གཤིས་ཁྲོད་མེད་དུ་མི་རུང་བའི་བྱ་བཞག་ཅིག་ཡིན་ཏེ། བྱ་བ་གང་རུང་ཞིག་ཐག་གཅོད་མ་བྱས་གོང་དུ་མོ་འདེབས་པ་དང་བསང་མཆོད་གསོལ་འདེབས་བྱེད་པ་དེ་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། མདའ་མོ་འདེབས་པའི་སྲོལ་དེ་ནི་ཡ་ཐོག་གི་སྤྱི་ཚོགས་སུ་མདའ་ལ་བཀུར་ནས་གཉེན་མདའ་དང་གཡང་མདའ་བྱུང་བའི་རྨང་གཞི་སྟེང་ནས་བྱུང་བའི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པ་གདོན་མི་ཟ་ལ། 《གླིང་སྒྲུང་》ལས་མོན་གྱི་ཐེའུ་རང་བླ་མ་རྐང་གཅིག་གི་མོ་འདེབ་པ་དང་། བདུད་རྒན་གྱི་མོ། འཇང་གི་མོ་མ་མངོན་ཤེས་ཀྱི་མོ་སོགས་གླིང་སྒྲུང་དུ་མོ་འདེབས་མཁན་མང་པོ་ཡོད་དེ། སྒྲུང་ལས། མོ་མ་ཆོས་བཙུན་ཡེ་ཤེས་ཀྱིས་མོ་འདེབས་པའི་ཐོག་མར་སྟག་པགས་ཀྱི་མོ་གདན་ས་ལ་བཏང་སྟེ། དུང་དཀར་མོའི་མོ་མདའ། ཁ་མདོག་དམར་བོའི་མོ་གོས། ཁ་མདོག་སྔོན་པོའི་རུས་རྡོ་ས་གདན་སྟེང་དུ་བཞག་སྟེ། མདོག་དཀར་བོ་དང་མདོག་ནག་པོ། སེར་པོའི་མདའ་བླངས་པ་དང་མཆོད་འབུལ་སྣ་ཚོགས་བྱས་ཏེ་མིག་བཙུམ་ནས་ཅུང་ཙམ་གཉིད་རྗེས། སླར་ཞིབ་ཏུ་བལྟས་པ་ན་མདའ་སེར་བོ། ནག་པོ་གཉིས་ཀ་མར་འགྱེལ། དཀར་བོ་གཅིག་པུ་ཡར་ལངས་འདུག་པ་དེར་བརྟགས།[16]ཞེས་པ་ལས་མདའ་ལ་བརྟེན་ནས་མོ་འདེབས་པ་ཤེས་ཐུབ་ལ། མོ་འདེབས་པའི་མདའ་དེ་ནི་སྤྱིར་བཏང་གི་མདའ་མོ་དང་མི་འདྲ་བར་ཚོན་མདོག་མང་པོས་བྱུག་པ་དང་དར་གོས་སྣ་ཚོགས་ཀྱིས་བརྒྱན་ཡོད་པ་བསྟན་འདུག དམངས་ཁྲོད་དུའང་གེ་སར་མདའ་མོ་དང་། གེ་སར་རྒྱུག་མོ། གེ་སར་རྒྱལ་པོའི་པྲ་མོ་སོགས་མང་པོ་བྱུང་ཡོད། གེ་སར་རྒྱུག་མོ་ཞེས་པ་དེ་ནི་དོན་དངོས་སྟེང་ནས་གེ་སར་མདའ་མོ་ལས་བྱུང་བར་འདོད་ལ། དེ་འདེབས་སྐབས་ཤིང་ལེབ་དང་རྡོ་ལེབ། ཤོག་གུ་སོགས་རི་མོ་འབྲི་ཐུབ་པ་ཞིག་གི་སྟེང་དཔེ་རིས་མདེའུ་མགོ་བརྒྱད་ཡོད་པ་ཕྱོགས་བཞི་མཚམས་བརྒྱད་ལ་དྲངས་ནས་འབྲི་བ་དང་། དེ་ནས་གཞོགས་ཀྱི་མི་ཞིག་གིས་དེའི་ནང་གི་མདེའུ་གང་རུང་བ་ཞིག་ལ་ངོས་འཛིན་གྱི་རྟགས་བཀོད་རྗེས། འདེབས་མཁན་དང་དེས་གེ་སར་རྒྱལ་པོར་གསོལ་བ་སྙིང་ནས་འདེབས་བཞིན་མོ་རིས་བྲིས་པའི་དངོས་པོ་དེ་གཡས་ཕྱོགས་སུ་ཐེངས་གསུམ་མམ་མང་དུ་བསྐོར་ཞིང་། མདེའུ་རྩེ་བརྒྱད་པོའི་གང་རུང་ཞིག་ནས་མགོ་བཟུང་སྟེ་ངག་ཐོག་གི་མོ་ཚིག་རྐང་པ་བརྒྱད་ཡོད་པ་རིམ་པར་འདོན་པ་དང་། རྟགས་བཀོད་པའི་མདེའུ་རྩེ་དེ་མོ་ཚིག་གང་འཁེལ་ལ་བལྟས་ནས་བརྟག་པ་རེད།ཅེས་གེ་སར་རྒྱུག་མོ་འདེབས་སྟངས་གསལ་པོར་བརྗོད་ཡོད། གོང་དུ་བརྗོད་པའི་མོ་ཚིག་རྐང་པ་བརྒྱད་པོ་རིམ་པ་ལྟར་བཀོད་ན་འདི་ལྟ་སྟེ། དབུས་རྒྱལ་པོ་ཆེན་མོ་གདན་ལ་བཞུགས། །ཨེ་རྟག་མི་རྟག་འགྲམ་ལ་བརྟག །སེང་གེ་དཀར་མོའི་མོ་འདི་བཟང་། །ཕོ་རོག་ནག་ཆུང་ཚང་ལ་འཕུར། །སྤྱང་ཀི་ཤ་གཟན་རི་ལ་ཤོར། །ཉི་མ་གསེར་གྱི་ནས་འབྲུ་རེད། །ཕོ་གམ་གསུམ་སྤོས་ན་དོན་གསུམ་འགྲུབ། །ཉི་ཟླ་གཟའ་ཡིས་བཟུང་འདྲ་རེད། །[17]ཅེས་མདེའུ་མགོ་བརྒྱད་ཀྱི་བརྟག་ཚིག་ལྟ་བུ་ཡོད་དོ། །kXRཀྲུང་གོ་བོད་ཀྱི་དྲ་བ།

བརྒྱད། མདའ་ནི་གཉེན་སྒྲིག་གི་བར་བ་ཡིན་པ། kXRཀྲུང་གོ་བོད་ཀྱི་དྲ་བ།

མདའ་ནི་རྟེན་འབྲེལ་གྱི་མཚོན་བྱེད་དང་སྐྱེས་པ་ཚོའི་མཚོན་བྱེད་ཡིན་པས་ཕོ་མོ་གཉེན་སྒྲིག་གི་ཆོ་གའི་ནང་དུ་མེད་དུ་མི་རུང་བའི་གོ་གནས་གལ་ཆེན་ཟིན་ཡོད་ཅིང་། གཉེན་འབྲེལ་གྱི་མཚོན་རྟགས་ཤིག་ཏུ་གྱུར་འདུག་ལ། བོད་པའི་དམངས་ཁྲོད་ཀྱི་བཤད་སྲོལ་ལའང་གཉེན་ལམ་མདའ་ཡིས་ཕྱེ་ཞེས་པ་བཞིན་《མདའ་དང་འཕང་》ལས། ཕོ་སྲོག་དེ་ནི་མདའ་ལ་བརྟེན། །མོ་སྲོག་དེ་ནི་འཕང་ལ་བརྟེན། །མདའ་འཕང་གཉིས་ནི་ལྷ་ལ་བཅོལ། །མདའ་འཕང་དེ་ནི་མི་འབྲལ་ཅིག །[18]ཅེས་མདའ་ནི་ཕོ་དང་འཕང་ནི་མོ་མཚོན་བྱེད་ཡིན་པ་དང་། དེ་གཉིས་གཅིག་ལ་གཅིག་བརྟེན་དང་འབྲལ་ཐབས་མེད་པ་བསྟན་ཡོད། ཡང་དེ་ལས། ངམ་རྗེ་རྩོལ་པོས་ཡེ་རྗེའི་སྤྱན་ལ་དམིགས་ནས་མདའ་ཞིག་འཕང་ཡང་དེ་ཡེ་རྗེའི་སྤྱན་ལ་མ་ཕོག་པར་ཞྭ་ལ་ཕོག དུས་དེ་ནས་བཟུང་མདའ་དེ་ནི་བཀྲ་ཤིས་པའི་མཚོན་བྱེད་དུ་བརྩི་བའི་སྲོལ་བྱུང་[19]བར་སྐད། 《རྟ་རྒྱུག་དཔྱིད་ཀྱི་ཉི་མ》ལས། དེ་རིང་ལྷ་རྟེན་མདའ་མོ་འདི། །དཀར་ཕྱོགས་དབུ་འཕང་བསྟོད་པ་དང་། །ནག་ཕྱོགས་བདུད་རིགས་འདུལ་བ་དང་། །བོད་མགོ་ནག་བདེ་ལ་འགོད་པ་དང་། །ལྷ་དཀོན་མཆོག་བསྟན་ཆོས་འགྲུབ་པ་དང་། །བཀའ་གོང་མའི་ལས་དོན་སྒྲུབ་མཁན་ཞིག །གདམ་མ་འཕྱུག་མ་རྒྱུད་མཁའ་འགྲོའི་ཚོགས། །ཞེས་མ་སེང་ལྕམ་འབྲུག་མོས་གླུ་སྙན་མོ་འདི་འདྲ་ཞིག་གསུངས་ནས་ལྷ་མདའ་དེ་གླིང་ཆེ་རྒྱུད་སྟག་རོང་གི་ཤོག་ལ་གཏན་ནས་འཕངས་བྱུང་། ཡང་། མདའ་ཉེ་བར་སླེབས་དུས་ལག་སྙོབ་ཅིག་བརྒྱབ་པ་ན་ཡར་ཇེ་མཐོར་སོང་ནས་ལྷ་མདའ་དར་གྱིས་བརྒྱན་པ་དེ་ཇོ་རུའི་སྟེང་དུ་ཁྲ་སྤུངས་སེ་བབས་བྱུང་། ཇོ་རུས་ཉམས་སྣང་མེད་པར་མདའ་དེ་ཕར་བཞག་ནས་ཤ་ཟ་བ་ལས་དགའ་ཚོར་མི་འདུག[20]ཅེས་པ་ལས་མ་སེང་ལྕམ་འབྲུག་མོས་རང་གི་ཕ་སྐྱ་ལོའི་རྒྱུ་བདག་དང་། འབྲུག་མོའི་རང་གི་སྐྲ་བདག སྡེ་གླིང་རུའི་དཔོན་པོ་དེ་ལྷ་མདའ་སྒྲོ་དཀར་རིན་ཆེན་དར་སྣས་བརྒྱན་པ་ཞིག་གིས་གདམ་པ་བསྟན་ལ། མདའ་དེ་ནི་སྤྱིར་བཏང་གི་མདའ་ཞིག་མིན་པར་མ་གྲུབ་པའི་རྒྱལ་པོའི་ཚེ་མདའ་དང་། སློབ་དཔོན་པདྨའི་དབང་ཡོན། མ་རྒྱུད་མཁའ་འགྲོའི་རྟེན་རྫས་བཅས་ཡིན་པ་བརྗོད་འདུག བོད་ཀྱི་ལོ་རྒྱུས་སྟེང་ནའང་འཕྲུལ་བློན་མགར་སྟོང་བཙན་གྱིས་རྒྱ་བཟའ་ཀོང་ཇོར་ལྷ་མདའ་དར་གྱིས་བརྒྱན་པ་ཞིག་བཙུགས་ནས། བོད་རྗེའི་བཙུན་མོར་མངའ་གསོལ་བའི་གཉེན་སྤྲེལ་གྱི་སྟོན་མོ་རྒྱ་ཆེན་པོ་སྤེལ། གཞན་ལྷ་མོའི་ཟློས་གར་ཆེན་མོའི་བརྒྱད་ཀྱི་ཡ་གྱལ《སྣང་ས་འོད་འབུམ》ནང་དུའང་རི་སྣང་དཔོན་པོ་དགྲ་ཆེན་གྱིས་བུ་མོ་སྣང་སའི་གོང་བར་མདའ་དར་བཙུགས་ནས་བུ་མོ་སྣང་ས་རི་སྣང་པའི་མནའ་མར་བདག་པའི་གཏམ་རྒྱུད་ཡོད་པ་དེ་ལས་ཀྱང་མདའ་མོ་ནི་གཉེན་སྒྲིག་གི་མཚོན་རྟགས་ཤིག་ཡིན་པ་བརྗོད་འདུག གཞན་《མདའ་དང་འཕང་》ལས། གཉེན་སྒྲིག་གི་ཆོ་གའི་ནང་མདའ་རིགས་མི་གཅིག་པ་གསུམ་ཡོད་དེ། གཅིག ལྷ་མདའ་སྒྲོ་དཀར། དེ་ནི་མགོ་ཡི་ལྷ་ལྔ་ཞེས་པ་དེའི་རྟེན་ཡིན་ལ། གཉེའུ་མདུན་གྱིས་ཁྱེར་ཡོང་བའི་བག་སྐལ་གྱི་ཆ་ཤས་ཤིག་ཡིན། གཉིས། ཚེ་མདའ་ཉ་མིག དེ་ནི་ཁྱོ་གའི་མདའ་དང་ཕོ་ཡི་མཚོན་བྱེད་ཅིག་ཡིན། གསུམ། དཔལ་མདའ། དེ་ནི་མནའ་མའི་ཡབ་ཀྱིས་རང་གི་བུ་མོ་མནའ་མར་འགྲོ་སྐབས་སུ་ཕུལ་བའི་རྟེན་ཡིན།[21]ཞེས་བརྗོད་པ་དང་གླིང་སྒྲུང་ཁྲོད་ཀྱི་སེང་ལྕམ་འབྲུག་མོའི་འཕངས་པའི་མདའ་ནི་ལྷ་མདའ་སྒྲོ་དཀར་ཡིན་པས་དེ་ནི་མགོ་བའི་ལྷ་ལྔའི་རྟེན་དང་བག་སྐལ་ཡིན་པ་ཤེས་ཐུབ། བོད་བྱང་ཐང་ས་ཁུལ་དུའང་གཉེན་སྒྲིག་གི་སྐབས་སུ་བག་མའི་ལག་ཏུ་ཕྱུར་བ་སྡེར་གང་དང་། ཁྱོ་གའི་ལག་ཏུ་མདའ་དར་བཅས་ཐོགས་ཏེ་བླ་མཆོད་ཚོས་གཡང་འགུགས་དང་ཤིས་ཚིག་མང་པོ་བརྗོད་སྲོལ་ཡོད་པ་དང་། མངའ་རིས་སྤུ་རངས་ས་ཁུལ་དུ་གཉེན་སྒྲིག་གི་མདའ་དར་ལ་གྲུམ་བུ་གཅིག་འདོགས་པའི་སྲོལ་ཡོད་པ་དེ་ནི་མོ་ཡི་གཡང་ཡིན་པས་བླ་འདོགས་གཏོང་དུས་བུ་དང་བུ་མོ་གཉིས་ཀྱི་ལྷམ་སྒྲོག་སྣེ་ལྔ་ཡིས་བསྡམས་ཤིང་ལྷ་ལ་བསྒྲོགས་ནས་ཁོ་གཉིས་ནམ་འཆི་བར་དུ་འཇོག་པ་དང་། གྲུམ་བུ་དེ་ནི་མོ་མཚན་ནམ་ཕྲུ་གུ་ཆགས་སའི་བུ་སྣོད་ཀྱི་མཚོན་རྟགས་ཡིན་ཞིང་། བུ་ཡི་མདའ་དར་ལ་མེ་ལོང་བསྒྲོགས་ནས་ཡོད་པར་མེ་ལོང་ནི་ཕྱི་གསལ་ནང་གསལ་དང་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ལ་མི་རྨོངས་པ་སྟེ་སྐྱེས་ཕོ་རབ་ཀྱི་རྟགས་མཚན་ཡིན་པར་བཞེད་ལ། གལ་ཏེ་ཕོ་མོ་ཁོ་གཉིས་ཁ་བྲལ་སོང་ན་མདའ་དར་ཡང་ཁ་འབྱེད་པ་ལས་མཉམ་དུ་འཇོག་པའི་སྲོལ་མེད་པར་བཞེད།[22]བོན་གྱི་ཡིག་རྙིང་ཞིག་ལས་འདི་ལྟར་བརྗོད་ཡོད་དེ། ལྷ་མོ་ཞིག་དང་ཡུལ་གྱི་མགོ་དཔོན་གཉིས་གཉེན་དུ་བསྡེབས་ཤིང་། ཡབ་སངས་པོ་ཁྲི་འབུམ་གྱིས་མགོ་དཔོན་ལ་བུ་མོའི་རྫོང་བ་སློབ་བའི་ནང་། གསེར་དང་། གཡུ། སྐྲ་རྒྱན། གོས། རྟ་ནོར་ལུག་གསུམ་སོགས་ལས་གཞན་མདའ་ཞིག་དགོས་པར་བསྟན་འདུག་པ་མ་ཟད། མི་ཡུལ་དུ་བག་མར་འགྲོ་ཁར་ཡབ་སངས་པོ་ཁྲི་འབུམ་གྱིས་བུ་མོ་ལ་མདའ་ཞིག་རྟེན་དུ་གནང་བ་དང་། ཡུམ་གྱིས་འཕང་ཞིག་བསྩལ་བ་རེད།[23]ཅེས་པ་ལས་མདའ་མོ་ནི་གནའ་བོའི་དུས་ནས་བཟུང་གཉེན་འབྲེལ་བྱེད་པའི་གོ་རིམ་ཁྲོད་དུ་མེད་དུ་མི་རུང་བའི་དངོས་པོ་ཞིག་ཡིན་པ་གསལ་པོར་བསྟན། དམངས་ཁྲོད་ཀྱི་དུས་རྒྱུན་གཉེན་སྟོན་སྐབས་སུའང་མདའ་མོར་བསྟོད་པ་བཤད་པའི་གོ་རིམ་ལ་སོགས་མང་པོ་མཆིས་ལ། དེ་དག་ནི་མི་རྣམས་ཀྱིས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལྟ་ཚུལ་དང་འབྲེལ་ཏེ་མདའ་མོའི་ནུས་པ་དང་ངོ་བོའི་རྣམ་པ་འགྱུར་བའི་སྣང་ཚུལ་ལས་བྱུང་བ་ཡིན་པར་འདོད་དོ། །kXRཀྲུང་གོ་བོད་ཀྱི་དྲ་བ།

དགུ མདའ་ནི་ཕྱྭ་འགུག་གི་གཡང་མདའ་ཡིན་པ། kXRཀྲུང་གོ་བོད་ཀྱི་དྲ་བ།

མདའ་ནི་གནའ་ནས་ད་བར་དུ་གཡང་འགུགས་ཀྱི་ཆོ་ག་སྤེལ་བའི་ཁྲོད་ཀྱི་མེད་དུ་མི་རུང་བའི་ལག་ཆ་གལ་ཆེན་ཞིག་ཡིན་ལ། ཁྱིམ་ཚང་རེ་ལ་གཡང་མདའ་རེ་ཡོད་པ་དེའང་གཡང་འགུགས་ཀྱི་ནུས་མཐུ་ཡོད་པ་དང་། གཡང་ཁུག་པ། གཡང་གནས་སའི་རྟེན་དུ་གྱུར་ཡོད། མདའ་མོ་གཡང་རྟེན་དུ་འགྱུར་དོན་གང་ཡིན་ཞེ་ན། མདའ་མོ་ནི་གདོན་མའི་སྤྱི་ཚོགས་དུས་སུ་རི་དྭགས་རྔོན་སྤྱད་ཀྱི་ལག་ཆ་གལ་ཆེན་ཡིན་པ་དང་། དེ་ནས་རིམ་བཞིན་གཡུལ་འཁྲུག་གི་སྐབས་སུ་དྲག་ཆས་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད་པས། མདའ་མོ་ནི་སྐབས་དེར་མི་ལས་བརྒལ་བའི་ནུས་པ་བླ་ན་མེད་པ་ཡོད་ཅིང་། མདའ་རྩལ་ལ་མཁས་པ་དག་ནི་སྐབས་དེའི་དཔའ་བོའི་གོ་གནས་ཐོབ་ཅིང་མདའ་རྩལ་ནི་དུས་དེར་དབང་ཤུགས་དང་སྟོབས་ཆེན་གྱི་མཚོན་བྱེད་ཀྱང་ཡིན་པས་གཡང་རྟེན་དུ་གྱུར་བ་ཡིན་པར་སྙམ་ལ། གཡང་མདའ་དེར་དར་ཚོན་སྣ་ལྔས་བརྒྱན་ཞིང་བྱ་སྒྲོའང་བསྐྱོན་ཡོད་པ་དང་མདེའུ་ལ་ཟངས་དང་ལྕགས་སོགས་བཙུགས་པའང་ཡོད། 《ཚ་བ་མདའ་རྫོང་》ལས། སྨྱུག་རྒོད་ཚིག་གསུམ་སྒྲོ་ཡིས་བརྒྱན། །གནམ་ལྕགས་མདེའུས་དགྲ་སྙིང་འབིགས། །དྲག་པོའི་ཆས་མཆོག་དཔའ་བོའི་བརྒྱན། །ཉག་ཕྲན་མདའ་མོའི་གཡང་ཁུག་ཅིག །མདའ་མགུལ་དར་ཚོན་སྣ་ལྔས་བརྒྱན། །[24]ཞེས་ཚ་བ་མདའ་རྫོང་ཆམ་ལ་ཕབ་རྗེས་ཇོ་རུས་གཡང་འབོད་འདི་ལས་མདའ་མོ་ནི་གཡང་རྟེན་དུ་གྱུར་ཡོད་པ་ཤེས་ཐུབ། ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱི་གསུངས་པར་གྲགས་པའི《པདྨ་གཡང་འབུམ》དུ། དེ་འདྲའི་ཡོན་ཏན་ལྡན་པའི་མདའ། །མཛེས་པའི་ཡོན་ཏན་ལྔ་ཡིས་བརྒྱན། །གཡང་ལྷ་འཁོར་དང་བཅས་ལ་འབུལ། །སྐུ་ཡི་རྟེན་དུ་མདའ་དར་འབུལ། །གསུང་གི་རྟེན་དུ་མདའ་དར་འབུལ། །ཐུགས་ཀྱི་རྟེན་དུ་མདའ་དར་འབུལ། །གཡང་ལྷ་རྣམས་ལ་མདའ་དར་འབུལ། །[25]ཞེས་མདའ་མོ་ནི་སྐུ་གསུང་ཐུགས་གསུམ་གྱི་རྟེན་དུ་མདའ་མོའི་རྟེན་དུ་འབུལ་ཡོད་པ་བསྟན་འདུག 《འདན་མའི་ནས་རྫོང་》ལས། ལྷ་མདའ་ཁྱུང་གཤོག་འབར་བ་འདི། །མདའ་ལྷོང་སེར་པོ་གསེར་ལས་གྲུབ། །དཀོན་མཆོག་གསུམ་གྱི་རྟེན་དུ་འབུལ། །མགུལ་དཀྲིས་ཁམས་པ་དངུལ་ལས་གྲུབ། །རྩ་གསུམ་རྒྱ་མཚོའི་རྟེན་དུ་འབུལ། །གཤོག་བཞི་བྱུ་རུ་མཚལ་གྱིས་བརྒྱན། །དམ་ཅན་སྲུང་མའི་རྟེན་དུ་འབུལ། །སྒྲོ་བཞི་ཁྱུང་ཆེན་སྒྲོ་ཡིས་བརྒྱན། །དགྲ་ལྷ་ཝེར་མའི་རྟེན་དུ་འབུལ། །[26]ཅེས་ཕྱྭ་འགུག་གི་གཡང་མདའ་རྟེན་དུ་འབུལ་ཡོད། 《རི་ནུབ》ཏུ། གེ་སར་ནོར་བུ་དགྲ་འདུལ་གྱིས། །མདའ་དར་ཕྱོགས་བཅུར་གཡུག་པའི་དུས། །སྟེང་ཚངས་པ་བརྒྱ་བྱིན་སྟོབས་ཀྱི་གཡང་། །གཉན་ཆེན་གེར་མཛོད་ཕྱུག་གི་གཡང་། །ཀླུ་རྒྱལ་གཙུག་ནའི་ལོངས་སྤྱོད་གཡང་། །དེ་རིང་སྐྱེས་བུས་གཡང་དུ་འགུགས། །[27]ཞེས་མདའ་དར་བཟུང་ནས་གཡང་འགུགས་བྱས་པ་བརྗོད་འདུག གཡང་མདའ་དེ་ནི་སྤྱིར་བཏང་གི་མདའ་མོ་དང་མི་འདྲ་བར་ཚོན་མདོག་སྣ་ཚོགས་ཀྱིས་བྱུག་པར་མ་ཟད། དར་ཚོན་སྣ་ལྔ་དང་ལུག་བལ་གྱིས་བརྒྱན་ཡོད། གཞན་བོད་ལྗོངས་མངའ་རིས་ས་ཆ་ནས་འབྲུ་རིགས་ཀྱི་བང་མཛོད་ནང་དུ་མདའ་དར་འཛུགས་པའི་གོམས་སྲོལ་ཞིག་ཡོད་ཅིང་། དེ་ནི་དཀར་མོ་ནས་ཀྱི་བང་སྟེང་ལ་མཚོན་མདོག་ལྔ་ཡི་མདའ་དར་བཙུགས་ཞེས་པ་དང་། འབྲུ་དཀར་མ་ཉམས་སྦྲེ་གང་མཚོན་པ་ལ། མདའ་མོ་དར་སྣས་རྒྱན་པ་བཙུགས་ཞེས། མདའ་དར་དེ་ནང་གི་གཡང་དེ་ཕྱི་ལ་མི་ཤོར་བའི་སྲུང་མ་ཡིན་པར་སྐད། མདའ་དར་དེ་ནི་གཡང་འགུགས་བྱེད་དང་གཡང་སྲུང་བྱེད་ཀྱི་ལག་ཆ་མེད་དུ་མི་རུང་བ་ཞིག་ཡིན་པ་ཤེས་ཐུབ་ལ། ང་ཚོའི་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་འབྲལ་ཐབས་མེད། དམངས་ཁྲོད་དུ་ཉིན་བཟང་སྐར་བཟང་ལ་གཡང་མདའ་ཆེ་མ་ཆུང་གསུམ་གྱིས་རི་མཐོན་པོའི་རྩེ་ནས་ལབ་ཙེ་བསྟོད་པ་དང་། ཁྱིམ་གསར་ལ་གཡང་མདའ་ལས་ནས་གཡང་འབོད་གཡང་འགུགས་བྱེད་པ་སོགས་ཀྱི་ལས་དག་མདའ་མོ་ལ་དྲག་ཆས་སམ་རྩེད་ཆས་ཀྱི་རིན་ཐང་ལས་བརྒལ་ཏེ་དད་མོས་བྱེད་ཡུལ་དུ་གྱུར་ཡོད་པ་ཤེས་ནུས་སོ། །kXRཀྲུང་གོ་བོད་ཀྱི་དྲ་བ།

བཅུ། མདའ་ནི་འཚོ་བའི་ཐོན་སྐྱེད་ཀྱི་ལག་ཆ་ཡིན་པ། kXRཀྲུང་གོ་བོད་ཀྱི་དྲ་བ།

མིའི་རིགས་བྱུང་བ་དང་རང་རང་གི་འཚོ་བའི་གནས་བབ་དང་བསྟུན་ནས་འཚོ་བའི་བྱེད་ཐབས་སྣ་ཚོགས་ཤིག་མཆིས་ལ། དེ་དང་མཉམ་དུ་འཚོ་བའི་ཐོན་སྐྱེད་ཀྱི་ལག་ཆའང་ཕུན་སུམ་ཚོགས་པོ་ཞིག་གསར་བསྐྲུན་གནང་སྟེ་འཚོ་བ་རོལ་བཞིན་ཡོད། ལོ་རྒྱུས་ཀྱི་ཡིག་ཚང་མང་པོ་ནང་དུའང་རང་རེའི་མོས་པོ་རྣམས་ཀྱིས་མདའ་གཞུ་ལ་བརྟེན་ནས་རི་དྭགས་རྔོན་པ་དང་ཕྱི་དགྲ་བཀག་ནས་རང་ཡུལ་སྲུང་བའི་ལོ་རྒྱུས་ཡོད།  《ཧོར་གླིང་གཡུལ་འགྱེད》ལས། ཕོ་ང་དང་ང་ངོ་མ་ཤེས་ན། །དཔའ་ཆེན་ཤན་པ་རྒྱལ་པོ་ཡིན། །ཆུང་ཞག་གཅིག་ཞག་ངོ་ལོན་པའི་དུས། །ཤིང་གཞུ་འཁྱོག་སྟེང་ལ་ཤིང་མདའ་བཞག །བྱ་བྱིའུ་ཆུང་རྒུམ་འབུ་འཐུ་འཐུ་བྱས། །ང་དེ་བས་ཤན་པ་ཐོག་ལེ་མིན། །ཆུང་ཞག་གཉིས་ཞག་ངོ་ལོན་པའི་དུས། །ལྕགས་གཞུ་རྒོད་སྟེང་ལ་ལྕགས་མདའ་བཞག །ཝ་གཡི་དཀར་འབུ་ནག་འཐུ་འཐུ་བྱས། །ང་དེ་བས་ཤན་པ་ཐོག་ལེ་མིན། །ང་ཞག་གསུམ་བདུན་གྱི་གོང་རོལ་ནས། །ནངས་སྔ་མོ་ཁྲ་ཡག་རྫ་ལ་སོང་། །འབྲོང་བྲེ་སེར་མ་བུ་བརྒྱ་རེ་བསད། །མགོ་རུ་ཐུར་ཤ་ལེ་ཐང་ལ་རྫོགས། །ང་ཉིན་གུང་དཀར་ཡག་གངས་ལ་སོང་། །ངས་སེང་གེ་དཀར་མོ་བརྒྱ་རེ་བསད། །མགོ་གཡུ་རལ་ཤེལ་ལེ་ཐང་ལ་རྫོགས། །ང་དགོང་མོ་ན་དམར་གཞུང་ལ་སོང་། །ངས་ཁ་དཀར་རྐྱང་ཆུང་བརྒྱ་རེ་བསད། །མགོ་རྔོག་དམར་ཤལ་ལེ་ཐང་ལ་རྫོགས། །[28]ཞེས་ཤན་པ་རྒྱལ་པོའི་གླུ་ལ་བརྟག་ན་མདའ་མོ་ནི་རི་དྭགས་རྔོན་བྱེད་ཀྱི་ལག་ཆ་ཞིག་ཡིན་པ་ཤེས་ཐུབ། 《བཀྲ་ཤིས་གཏེར་བུམ》ལས། མདའ་གཞུའི་ཁུངས་ནི་བསྐལ་བ་ཡ་ཐོག་གི་རྡོ་ཆས་སྤྱོད་པའི་དུས་སྐབས་ཀྱི་སྤྱི་ཚོགས་སུ་རི་དྭགས་རྔོན་པའི་ལག་ཆ་ཞིག་ཡིན་[29]པ་བརྗོད་འདུག ཡང་སྒྲུང་ལས། ཆུང་མོ་ལོ་གསུམ་གྱི་གོང་རོལ་ནས། །ཐང་ཆེན་པོའི་དཀྱིལ་ལ་མདའ་ཞིག་འཕངས། །བྱིའི་རི་བོང་སྒུམ་བུ་འཐུ་འཐུ་བྱས། །ཞེས་པ་དང་། འདིས་ལྕགས་གཞུ་བཀུག་ནས་ལྕགས་མདའ་འཕངས། །[30]ཞེས་པ་ལས་མ་ཨ་སྟག་ལྷ་མོས་རི་དྭགས་རྔོན་ཚུལ་ཞིབ་འབྲི་གསལ་བོ་བྱས་ཡོད། བོད་ལྗོངས་མངའ་རིས་རུ་ཐོག་གི་བྲག་བརྐོས་རི་མོ་ལས་བྱུང་བའི་རྔོན་པ་མདའ་ཐོགས་དག་ནི་གནའ་རྫས་རྟོག་དཔྱོད་པས་ཡ་ཐོག་གི་དུས་སྐབས་སུ་བྱུང་བར་བཤད་[31]པ་བཞིན་མདའ་ལ་བརྟེན་ནས་རི་དྭགས་རྔོན་པའི་ལས་ལ་ཞུགས་པ་དང་། སྐབས་དེར་རི་དྭགས་བསད་དེ་ཤ་ཟ་བ་དང་། རི་དྭགས་ཀྱི་ལྤགས་པས་གྱོན་ཆས་བཟོ་བ། རུས་པས་བཀོལ་ཆས་གྲི་ལ་སོགས་པ་བཟོ་བ་སོགས་ཆབ་མདོའི་མཁར་རོ་གནའ་ཤུལ་དག་ལས་མཚོན་ཐུབ་ལ། རི་དྭགས་གསོན་པོ་བཟུང་ནས་སྒོ་ཕྱུག་ཏུ་བཏུལ་བའང་ཡོད་དོ། །kXRཀྲུང་གོ་བོད་ཀྱི་དྲ་བ།

བཅུ་གཅིག མདའ་ནི་ལུས་རྩལ་འགྲན་སྡུར་གྱི་རྩེད་ཆས་ཡིན་པ། kXRཀྲུང་གོ་བོད་ཀྱི་དྲ་བ།

མདའ་མོའི་བཀོད་ཡུལ་འགྱུར་ལྡོག་བྱུང་སྟེ་དམངས་ཁྲོད་དུ་མེད་དུ་མི་རུང་བའི་རོལ་རྩེད་ཀྱི་ལུས་རྩལ་འགྲན་སྡུར་ཞིག་ཏུ་གྱུར་འདུག་པ《དུང་དཀར་ཚིག་མཛོད་》དུ་མདའ་འཕེན་ནི་བོད་རིགས་སྐྱེས་པ་རྣམས་ཀྱིས་དགའ་བོ་བྱེད་པའི་གནའ་དུས་ཀྱི་ལུས་རྩལ་རྣམ་གྲངས་ཤིག་ཡིན།[32]ཅེས་པ་དང་། འཛམ་གླིང་ཡོངས་ལ་བལྟས་ནའང་མདའ་རྩལ་འགྲན་པ་དེ་ནི་དར་ཁྱབ་སོང་བའི་ལུས་རྩལ་རྣམ་གྲངས་སུ་གྱུར་ཡོད། དམངས་ཁྲོད་དུ་ངག་རྒྱུན་འདི་འདྲ་ཞིག་ཡོད་དེ། གླིང་དཀར་སྟོད་ཀྱིས་རྟ་རྒྱུག་རྒྱལ་འཇོག་བྱས་ཏེ་གེ་སར་ནོར་བུ་དགྲ་འདུལ་གླིང་རྗེའི་གསེར་ཁྲིར་མངའ་གསོལ་རྗེས། གླིང་གི་ཕུ་ནུ་སུམ་ཅུས་མདའ་རྩལ་འགྲན་སྡུར་བྱས་ཏེ་ཚ་ཞང་འདན་མ་ཞང་ཁྲར་རྟིང་མ་ཐོབ་པས་འདན་ཤོག་བཅུ་གཉིས་ཀྱིས་དེ་ལ་དྲན་གསོ་བྱེད་ཆེད་ལོ་རེ་བཞིན་མདའ་རྩེད་བྱེད་པ་དང་། རྩེད་རྒྱུན་དེ་གྲོ་ཚང་དང་དེ་ནས་གཅན་ཚ་ཉིན་དང་། དེ་རྗེས་གཙན་ཚ་སྲིབ་ལ་དར་བའི་བཤད་རྒྱུན་ཡང་ཡོད་པར་སྐད།  སྒྲུང་ལས། བྱིས་པ་ཆུང་ངུའི་དུས་ཚོད་ནས། །གྱད་ཆེན་དཔའ་བོའི་མཚན་རྟགས་རྫོགས། །ལྕགས་གཞུ་བཀུག་ནས་ལྕགས་མདའ་འཕངས། །རྐྱང་འབྲོང་རི་དྭགས་གྲངས་མེད་བསད། །ཕོ་ལོ་བཅུ་གསུམ་ལོན་པའི་དུས། །མ་བསྡད་སོག་པོའི་ཡུལ་དུ་སོང་། །སོག་སྟོད་མི་དམར་རྒྱལ་པོ་ཡིས། །སྐྱེན་པོའི་མདའ་ར་གོང་མ་ནས། །མདའ་སྐྱེན་རྩེད་མོ་འགྲན་དགོས་ཟེར། །ཞེས་པ་དང་། མདའ་དུ་འཕང་གཤོག་རྩལ་མི་ཉམས་པར། །ཕོ་ང་རང་རྩལ་ཆེན་གོང་ཕུད་ཡིན། །[33]ཞེས་པ་བཞིན་གནམ་ཁྲི་ས་ཆའི་དཔའ་བོ་སྐར་ཚོགས་སྟོང་སྡུད་ཀྱི་གླུ་འདི་ལས་ཁོང་ཉིད་ལ་མདའ་རྩལ་བླ་ན་མེད་པ་ལྡན་པ་དང་། སོག་པོའི་ཡུལ་དུ་སོང་ནས་མདའ་རྩེད་འགྲན་ཏེ་རྒྱལ་ཁ་བླངས་པའི་ལོ་རྒྱུས་གསལ་པོར་བྲིས་ཡོད་ལ། 《གནམ་གླིང་ལུག་རྫོང་》དུ། དེ་ནས་ཉིན་བདུན་གྱི་དུས་ཚོད་དུ་མདའ་རྩལ་དང་རྟ་རྒྱུག་རྩལ་སྦྱང་། གར་འཁྲབ་པ་སོགས་རྩེ་མོ་རྟེན་འབྲེལ་ཆེ་བ་རྣམས་རྩེད་ནས་བཞུགས།[34]ཞེས་པ་ལས་གཡུལ་ལ་མ་ཆས་གོང་དུ་མདའ་རྩལ་ལ་སོགས་ཀྱི་ལུས་རྩལ་འགྲན་སྡུར་སྤེལ། རྒྱ་གླིང་གི་ནང་དུའང་རྒྱ་ཡི་འདུ་ར་གོང་མ་ནས་གསོལ་སྟོན་རྒྱ་ཆེན་པོ་བཤམས་ཏེ་མདའ་རྩལ་འགྲན་སྡུར་སྟེང་གླིང་གི་དཔའ་རྟུལ་ཚ་ཞིང་འདན་མས་རྒྱལ་ཁ་བླངས་པའི་གཏམ་རྒྱུད་ཡོད།[35] དེང་དུས་ཀྱི་མདའ་རྩལ་འགྲན་སྡུར་བྱེད་པ་ནི་འགྲན་སྡུར་གྱི་ཆེད་དུ་འགྲན་པ་ལྟ་བུ་ཞིག་མིན་པར་དེ་ཁྲོད་རིག་གནས་མང་པོ་ཞིག་རྒྱུན་འཛིན་དང་སྲུང་སྐྱོབ་གང་ལེགས་བྱེད་བཞིན་མཆིས་ཏེ། མདའ་རྩལ་འགྲན་སྡུར་སྐབས་མདའ་འཕེན་པ་ཁོ་ན་མ་ཡིན་པར་ཁ་མཚར་དང་། ཤགས་འགྱེད། རྩེད་རིགས། གླུ། ལ་གཞས། བཤད་པ། དུང་ལེན་སོགས་རྩེད་མོའི་རིགས་ཕུན་སུམ་ཚོགས་པ་ཞིག་ཡོད། གཞན། མདའ་རྩལ་འགྲན་སྡུར་སྐབས་མདའ་མོ་འབེན་ལ་ཕོག་ཚེ་བསུ་བ་རྒྱ་ཆེན་པོ་བྱེད་པའི་སྐབས་སུ་བསུ་སྟངས་ལའང་ནང་དོན་མང་པོ་ཞིག་ཡོད་པ། དཔེར་ན། རྟ་རྒོད་ཐང་ལ་རྒྱུགས་པ་དང་། འབྲུག་རྒྱུག་དང་། གཡག་རྒྱུག ལེབ་རྒྱུག རླུང་གནག་འཚུབ་མ། གཡུ་འབྲུག་ངར་སྐད། སྦྲུལ་ནག་འཁྱོག་འགྲོས་བཅས་ཡོད་དོ། །kXRཀྲུང་གོ་བོད་ཀྱི་དྲ་བ།

【དཔྱད་རྩོམ་འདི་ནི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གླིང་སྒྲུང་ལས་བྱུང་བའི་ལུས་རྩལ་རིག་གནས་ཀྱི་རྟོག་དཔྱོད་དང་ཞིབ་འཇུག(2012年度国家社会科学基金项目《史诗<格萨尔>“口述”中的体育文化普查与研究》批准号12XZW043)ཅེས་པའི་དཔྱད་འབྲས་ཀྱི་གྲས་ཡིན།】kXRཀྲུང་གོ་བོད་ཀྱི་དྲ་བ།


ལུང་ཁུངས།kXRཀྲུང་གོ་བོད་ཀྱི་དྲ་བ།

[①] 《རྨ་ཤེལ་བྲག》1982ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།kXRཀྲུང་གོ་བོད་ཀྱི་དྲ་བ།

[②] 《ཨ་གྲགས་གཟི་རྫོང་》1997ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།kXRཀྲུང་གོ་བོད་ཀྱི་དྲ་བ།

[③] 《ཨ་གྲགས་གཟི་རྫོང་》1997ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།kXRཀྲུང་གོ་བོད་ཀྱི་དྲ་བ།

[④] 《ཧོར་སེར་འགྱོད་པའི་མིག་ཆུ》1997ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས56ནས59བར་ན་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[⑤] 《ཁམས་གསུམ་བདེ་བཀོད》1997ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།kXRཀྲུང་གོ་བོད་ཀྱི་དྲ་བ།

[⑥] 《འཛམ་གླིང་སྤྱི་བསང་》1980ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས21ན་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[⑦] 《ཁྱུང་ཚ་སྤུན་ལྔ་འདུལ་བའི་དྲག་པོའི་གཡུལ་འགྱེད》1990ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།kXRཀྲུང་གོ་བོད་ཀྱི་དྲ་བ།

[⑧]  《ཧོར་གླིང་གཡུལ་འགྱེད》སྟོད་ཆ། 1962ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས375ནས376བར་ན་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[⑨] 《བོད་རྒྱ་ཚིག་མཛོད་ཆེན་མོ》1993ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས1377ན་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[⑩]  《ཧོར་གླིང་གཡུལ་འགྱེད》སྟོད་ཆ། 1962ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས376ན་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[11] 《ཐང་ཡིག་གསར་རྙིང་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ལྕགས་པར་མའི་ཤོག་ངོས8ན་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[12] 《ཨ་སྟག་ཤ་རྫོང་》2005ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས347ན་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[13]  《གླང་རུ》1997ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།kXRཀྲུང་གོ་བོད་ཀྱི་དྲ་བ།

[14] 《བྱེ་རིའི་བཙན་རྫོང་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ལྕགས་པར་མའི་ཤོག་ངོས172ན་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[15]  《རི་ནུབ》1997ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས153ནས155བར་ན་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[16]  《གེ་སར་སྒྲུང་དང་གནའ་བོའི་བོད་ཀྱི་དམངས་སྲོལ》ནག་ཀྱཱ་བ་ཤ་བོ་ཚེ་རིང་གིས་བརྩམས། 2010ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས70ན་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[17] 《བོད་ཀྱི་མདའི་རིག་གནས་སྐོར་རོབ་ཙམ་གླེང་བ》རྭ་ཡུམ་སྐྱབས་ཀྱིས་བརྩམས། 《ཀྲུང་གོའི་བོད་ཀྱི་ཤེས་རིག》1999ལོའི་དེབ་གཉིས་པ། ཤོག་ངོས97ན་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[18] 《མཁར་རྨེའུ་བསམ་གཏན་གྱི་གསུང་རྩོམ་ཕྱོགས་བསྒྲིགས》སྟོད་ཆ། 2007ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས342ན་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[19] 《མདའ་དང་འཕང་》སྟོད་ཆ། 2007ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས311ན་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[20] 《རྟ་རྒྱུགས་དཔྱིད་ཀྱི་ཉི་མ》1997ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས95ནས་96བར་ན་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[21] 《མཁར་རྨེའུ་བསམ་གཏན་གྱི་གསུང་རྩོམ་ཕྱོགས་བསྒྲིགས》སྟོད་ཆ། 2007ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས344ན་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[22] 《མངའ་རིས་སྤུ་རངས་འཁོར་ཆགས་ཁུལ་གྱི་ཞིང་ལས་དང་འབྲེལ་བའི་གནའ་སྲོལ་ཆོ་གའི་སྐོར་རགས་ཙམ་བརྗོད་པ》གུ་གེ་ཚེ་རིང་རྒྱལ་པོ་དང་སྤེལ་འཛོམས་ཀྱིས་བརྩམས། 《ཀྲུང་གོའི་བོད་རིག་པ》2010ལོའི་དེབ་བཞི་བ། ཤོག་ངོས59ན་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[23]གཡུང་དྲུང་བོན་གྱི་བསྟན་བཅོས་སོགས་སུ་འབྱུང་བའི་ལྷ་གསོལ་དང་མིང་སྲིང་ནོམ་བགོས་ལྟ་བུའི་གཏམ་དག་ཡིན། ཤིང་དཔར་མ་ཞིག་ལས་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[24] 《ཚ་བ་མདའ་རྫོང་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས202ན་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[25] 《བཀྲ་ཤིས་བརྩེགས་པ》2005ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས416ན་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[26] 《འདན་མ་ནས་རྫོང་》1997ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།kXRཀྲུང་གོ་བོད་ཀྱི་དྲ་བ།

[27] 《རི་ནུབ》1997ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས172ན་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[28] 《ཧོར་གླིང་གཡུལ་འགྱེད》སྨད་ཆ། 1962ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས199ན་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[29] 《བཀྲ་ཤིས་གཏེར་བུམ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས858ནས་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[30] 《དམྱལ་གླིང་མུན་པ་རང་གསལ》 1997ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས23ན་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[31] 《བོད་ལྗོངས་གནའ་རྫས་བརྟག་དཔྱད་ཀྱི་རྩ་གནད་ཆེན་མོ》ཞེས་པའི་རྒྱ་ཡིག་དཔེ་དེབ་ཏུ་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།kXRཀྲུང་གོ་བོད་ཀྱི་དྲ་བ།

[32] 《དུང་དཀར་ཚིག་མཛོད》2002ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས1145ན་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[33] 《གནམ་གླིང་ལུག་རྫོང་》2005ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས252ནས253བར་ན་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[34] 《གནམ་གླིང་ལུག་རྫོང་》2005ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས87ན་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

[35]《རྒྱ་གླིང་གཏམ་གྱི་ངོ་མཚར་ཕྲེང་བ》1982ལོར་ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཤོག་ངོས200ནས202བར་ན་གསལ།kXRཀྲུང་གོ་བོད་ཀྱི་དྲ་བ།

དཔྱད་རྩོམ་འདི《མང་ཚོགས་སྒྱུ་རྩལ》2014ལོའི་དཔར་ཐེངས་དང་པོ་ལས་བདམས།kXRཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།