བལ་གྱི་སྤྱོད་སྒོའི་སྐོར་རགས་ཙམ་གླེང་བ།

 【ནང་དོན་གནད་བསྡུས།】euzཀྲུང་གོ་བོད་ཀྱི་དྲ་བ།

སྤྱིར་དེང་གི་དུས་འདིར་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བ་དང་སྦྲགས་ཏེ། དངོས་པོ་གསར་བ་དང་མིང་བརྡ་གསར་བ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བ་རེད། དེ་ཡིན་ན་ང་ཚོས་དེ་དག་གི་བཀོལ་སྤྱོད་ཀྱི་རིན་ཐང་ངམ་འཚོ་བའི་ཕན་ནུས་ཀྱི་ཕྱོགས་སུ་དབྱེ་འབྱེད་མི་དམན་པ་ཞིག་བྱ་དགོས་པ་མ་ཟད། མེས་པོའི་རིང་ནས་དར་བའི་རིན་བྲལ་གྱི་དངོས་པོ་དག་ཀྱང་བརྗེད་པ་མེད་པར་དྲན་གསོ་དང་བདག་འཛིན། གཅེས་སྐྱོང་སོགས་གང་ལེགས་བྱ་དགོས་སྙམ། རྒྱུ་རྐྱེན་དེ་དག་གི་དབང་གིས་ད་རེས་བདག་གིས་ཕ་ཡུལ་མདོ་སྨད་ཀླུ་སྟོད་ས་ཁུལ་གྱི་ལུག་བལ་གྱི་སྤྱོད་སྒོའི་སྐོར་ནས་ཅུང་ཙམ་བརྗོད་པར་བྱའོ།euzཀྲུང་གོ་བོད་ཀྱི་དྲ་བ།

【བརྡ་ཆད་གཙོ་བོ།】 བལ། བལ་སྐུད། བལ་ཐིག ཕྱིང་བ། བལ་ཐགས།euzཀྲུང་གོ་བོད་ཀྱི་དྲ་བ།

euzཀྲུང་གོ་བོད་ཀྱི་དྲ་བ།


གླེང་སློང་བ།euzཀྲུང་གོ་བོད་ཀྱི་དྲ་བ།

དེ་ཡང《བཀའ་ཐང་སྡེ་ལྔ》ལས“དབང་མཛད་བཅུ་གཉིས་ཀྱི་ལྔ་བ་ཟ་རམས་སྐྱེས་དྲུག་གི་རིང་ལ་རྟ་ཞོན་པའི་སྲོལ་དར་གསུངས་པ་བཞིན་དུས་སྐབས་དེར་བོད་པ་རྣམས་ཀྱིས་རྐྱང་དང་། འབྲོང་། གནའ། རྒོ་བ། ཕག་རྒོད་སོགས་རི་སྐྱེས་སྲོག་ཆགས་རྣམས་བཟུང་ནས། རྟ་ནོར་ར་ཕག་སོགས་སུ་བཏུལ”ཞེས་པ་ལྟར་རང་རེ་ཡབ་མེས་དག་གིས་གནའ་སྔ་མོ་ཞིག་ནས་རྨིག་ཐོགས་འབྲོང་དང་རྒོ་བའི་རིགས་འདི་རང་གི་སྒོ་ཕྱུགས་སུ་བཏུལ་རྗེས། ཐོག་མར་དེའི་ཤ་ཁྲག་ལོངས་སུ་སྤྱད་པ་དང་། རིམ་བཞིན་དེའི་སྟེང་ནས་རང་གི་འཚོ་བ་ལ་ཉེ་བར་མཁོ་བའི་དངོས་པོ་མང་བོ་ཞིག་སྔོག་འདོན་བྱས་ནས་འཚོ་བའི་དགོས་མཁོ་སྐོང་ཅི་ཐུབ་བྱས་འདུག་པ《བོད་ཀྱི་གནའ་རབས་ལོ་རྒྱུས》སུ་ཟ་རམས་སྐྱེས་དྲུག་ཅེས་པའི་རྗེ་བོའི་རིང་ལ་སྒྱོགས་རྡོ་དང་འཕར་རྡེའུའི་མཚོན་ཆ་སོགས་བསྐྲུན་པའི་ལག་རྩལ་དར་ལ། འབངས་རྣམས་ལས་ཕལ་མོ་ཆེ་ཞིག་སྦྲ་གུར་དུ་འདུག་ཅིང་། འཇག་སྤྱིལ་དང་། ཤིང་སྤྱིལ། བྲག་ཕུག་ལ་སོགས་པར་གནས་བཅའ་བའང་མང་། གོས་སུ་རས་བལ་ཤིང་བལ་ལྤགས་པ་སོགས་དུས་ཚིགས་བཞིའི་འགྱུར་བ་དང་བསྟུན་ནས་གྱོན་པར་བལྟས་ན། དེ་དག་གི་ཁྲོད་ཀྱི་ལུག་ལྤགས་གཅིག་པུས་ཀྱང་ཁྱིམ་ཚང་ཞིག་གི་འཚོ་བའི་ཡོ་བྱད་དང་བཟའ་མིའི་གྱོན་པ་སོགས་གང་ཅིའི་ཐད་ལ་ལག་ཐོགས་མི་དགོས་པ་ཞིག་མཁོ་སྤྲོད་བྱེད་ནུས་པ་དཔེར་ན། ལུག་གི་ལྤགས་པས་སློག་པ་དང་ལྤགས་སྟན། ལྤགས་པའི་རྐང་སྣམ། ཁོག་སྟོད། སྨད་གཡོག ཐུལ་བ། སྐྱ་བ། མཛུབ་ཤུབས། ལག་འབོབ། བོད་ཚར། ཚ་རུའི་སྟོད་ལྭ། ཚར་ཞྭ། ཚ་རུའི་སྐེད་ལྗིབས་སོགས་བཟོ་ཐུབ་པ་ལྟ་བུའོ།euzཀྲུང་གོ་བོད་ཀྱི་དྲ་བ།

གོང་གསལ་དུ་གཡང་དཀར་ལུག་གི་ལྤགས་པའི་སྤྱོད་སྒོ་སྤྱི་བསྡོམས་རགས་པ་ཞིག་བྱས་པ་འདི་ལས་གཡང་དཀར་ལུག་ཁྱུ་ནི་ངེས་པ་དོན་གྱིས་རིན་བྲལ་གྱི་ནོར་བུ་ཞིག་ཡིན་པ་ངང་གིས་རྟོགས་ནུས་ལ། ང་ཚོས་རྟ་ཕོའི་རྨིག་སྒྲ་དང་འབྲི་མོའི་ངུར་སྒྲ། གཡང་དཀར་གྱི་འབའ་སྒྲ་ལ་གསན་གྱིན་དྲོད་ཁོལ་གྱིས་ལྟེམས་པའི་འཚོ་གཞིས་ཤིག་རུམ་ནས་ད་ལྟའང་འཚོ་བའི་རྒྱབ་རྟེན་དུ་བཅོལ་ཡོད་མོད། འོན་ཏེ་རྩིད་པ་དང་བལ་གྱིས་བཟོས་པའི་འཚོ་བའི་མཁོ་ཆས་དེ་དག་ད་ལྟ་སད་ཀྱིས་བཅོམ་པའི་མེ་ཏོག་བཞིན་རིམ་གྱིས་ཉམས་ཀྱིན་འདུག་པ་མིག་མཐོང་ལག་ཟིན་རེད། དེ་དག་ཡོད་ཚད་དུས་རབས་ཀྱི་དགོས་མཁོའམ་འཚོ་བའི་འགྱུར་ལྡོག་ལ་རག་ལས་ཆེ་བ་བདེན་པར་གྲུབ་ཀྱང་། ང་ཚོས་མེས་པོའི་ལག་རྩལ་གྱི་རིན་ཐང་ངམ་རང་གི་འཚོ་བའི་འཕེལ་རིམ་མ་རྟོགས་ན་ག་ལ་འགྲིག  དེ་ཡང་རང་རེ་བོད་ཀྱི་ཁ་དཔེ་ལ“མགོ་ནག་མི་རིགས་བརྟེན་ས་སྤུ་རིགས་དང་།། དཀར་ནག་ཕྱུགས་རིགས་བརྟེན་ས་རྩྭ་རིགས་ཡིན།།”ཞེས་པ་ལྟར་མི་ལོ་གང་མང་ཞིག་ལ་སྒོ་ཕྱུགས་ལ་བརྟེན་ནས་འཚོ་བ་བསྐྱངས་ནས་ཡོང་བའི་མི་རིགས་ཤིག་ཡིན་པ་གཞིར་བྱས་ཏེ། ད་རེས་བདག་གིས་གཡང་དཀར་ལུག་གི་བཙོང་རིན་བཀོལ་སྤྱོད་དང་ལྟོ་བར་ཤ་ཟ་བ། རྒྱབ་ལ་ལྤགས་པ་གྱོན་པའི་ཕན་ཡོན་ཕུད་དེ། ལུག་གི་བལ་རྐྱང་རྐྱང་གིས་ཀྱང་འབྲོག་པ་མང་ཚོགས་ཀྱི་འཚོ་བར་སྐྲུན་པའི་ཕན་ནུས་གསལ་སྒྲོས་གྱིས་ཡབ་མེས་ཀྱི་ལག་རྩལ་ངོ་མའམ་བལ་གྱིས་བཟོས་པའི་འཚོ་བའི་མཁོ་ཆས་ཏེ་བལ་སྐུད་དང་བལ་ཐིག ཕྱིང་བ། བལ་ཐགས་བཅས་ངོ་སྤྲོད་ཀྱི་ཚུལ་དུ་བརྗོད་པ་འདི་ལྟ་སྟེ།euzཀྲུང་གོ་བོད་ཀྱི་དྲ་བ།

དང་པོ། བལ་གྱི་མདོག་དང་རིགས་དབྱེ།euzཀྲུང་གོ་བོད་ཀྱི་དྲ་བ།

སྤྱིར་བལ་ནི་མཐོ་སྒང་གི་འབྲོག་པ་མང་ཚོགས་ཀྱི་སྒོ་ཕྱུགས་སམ་འཚོ་བའི་གཞི་རྟེན་ཏེ། གཡང་དཀར་ལུག་གི་རྒྱབ་ཀྱི་སྤུ་ལ་ཟེར་ཞིང་། འདི་ལ་དཀར་ཞིང་འཇམ་པའི་ཁྱད་ཆོས་སྣ་མང་འཛོམས་པས། འཚོ་བའི་ཁྲོད་དུ་སྤྱོད་སྒོའང་གཞལ་དུ་མེད་པ་ཞིག་མཆིས་སོ།euzཀྲུང་གོ་བོད་ཀྱི་དྲ་བ།

(གཅིག) བལ་མདོགeuzཀྲུང་གོ་བོད་ཀྱི་དྲ་བ།

དེ་ཡང་བལ་གྱི་མདོག་ལ་དཀར་བོ་དང་ནག་པོ། སེར་ནག སྔོན་པོ་བཅས་ཡོད། དེ་དག་ལས་མང་ཆེ་བ་ནི་བལ་དཀར་བོའི་རིགས་འདི་ཡིན་པས། ང་ཚོས་གཡང་དཀར་ལུག་ཁྱུ་ཞེས་འབོད་ལ། བལ་ཞེས་གླེང་ཚེ་མདོག་དཀར་བོ་ཞིག་ཏུ་ངོས་འཛིན་བྱ་ངེས་པ་དང་། བལ་དཀར་ནི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་བེད་སྤྱོད་ཆེ་ཤས་དེའང་ཡིན་ཏེ། བལ་དཀར་གྱི་རིགས་འདིས་བཟོ་སྐུད་དང་བལ་ཐག་སྣ་ཚོགས། ཕྱིང་བའི་གྱོན་པ་དང་ཡོ་བྱད། བལ་ཐགས་འཐག་སྟེ་ཕྱ་ར་དང་སྒྱེ། སྣམ་བུ། ཟ་ཏ། ཏ་ལེན་ལ་སོགས་པ་མདོག་དཀར་བོས་བཟོས་པ་མང་། བལ་ནག་པོ་ནི་ལུག་ནག་མང་བོ་མེད་པའི་རྐྱེན་གྱིས་འཚོ་བའི་ཁྲོད་ན་དེ་འདྲ་བེད་སྤྱོད་མི་ཆེ་མོད། འོན་ཏེ།《བོད་ཀྱི་གནའ་རབས་ལོ་རྒྱུས》སུ་བོད་ཀྱི་མིའུ་གདུང་དྲུག་གི་རིང་ལ་དམུ་ཚ་སྒའི་མི་རྒྱུད་ཀྱིས་ལུས་སུ་བལ་ནག་པོའི་སྣམ་བུ་གོས་སུ་བཀླུབས་ཞེས་བཀོད་འདུག་པར་བལྟས་ན། བོད་ལ་སྔ་དུས་སུ་བལ་ནག་གི་གྱོན་པ་དར་བ་གསལ་བོ་ཤེས་ཐུབ། བལ་སེར་ནག་དང་སྔོན་པོའི་རིགས་འདི་ནག་པོ་དང་བསྡུར་ནའང་ཉུང་བར་སྣང་བས། བལ་སེར་གྱི་སྒྱེའམ་ཕྱ་རའི་རིགས་རེ་འགའ་མ་གཏོགས་དངོས་པོ་གཞན་པ་མང་བོ་མཐོང་མ་བྱུང་། བལ་སྔོན་པོའང་དེ་བཞིན་དུ་སྣང་བས་དམིགས་གསལ་གྱི་ཁྱད་ཆོས་དང་ཡོན་ཏན་སོགས་བརྗོད་པར་མ་ནུས།euzཀྲུང་གོ་བོད་ཀྱི་དྲ་བ།

(གཉིས)བལ་རིགས།euzཀྲུང་གོ་བོད་ཀྱི་དྲ་བ།

བལ་གྱི་རིགས་ལ་ཁ་ཆུ་དང་ཡུ་ནུ། བལ་འཕྱིངས་བཅས་ཡོད་དེ། དེ་དག་རེ་རེ་བཞིན་བརྗོད་ན། ཁ་ཆུའི་རིགས་འདི་ཕོ་ལུག་གམ་ཤ་གཟན་གྱི་རྒྱབ་ན་མ་གཏོགས་མེད་ལ། སྔ་དུས་སུ་འདི་བཀལ་ནས་བཟོ་སྐུད་བྱས་ཏེ། སྦྲ་ནག་གི་ཁ་ཚུབ་དང་ཐི་གུ ཕྱིང་བའི་གྱོན་པ་སོགས་འཚེམ་གྱིན་ཡོད། ད་དུང་ཕྱིང་སྟན་འཇོག་སྐབས་དཀྱིལ་གཞུང་དུ་ཁ་ཆུ་རིང་བོ་བྱས་ནས་འཇོག་གིན་འདུག ཡུ་ནུ་ནི་ལུ་གུའི་བལ་ཡིན་ལ། རྒན་པ་ཚོས་བཤད་ན་གནའ་ཁ་བཏགས་ལས་བྱེད་ཀྱི་རྒྱུ་ཆ་ཞིག་ཡིན་པར་སྨྲ་ལ།《བོད་རིག་པའི་སྐོར་གྱི་རྩོམ་ཡིག་ཐོར་བུ》རུའང་ཁ་བཏགས་ནི་དཀར་རྟགས་ཀྱི་སྒྲ་ཟུར་ཆག་པ་ཡིན་ཏེ། གང་ལགས་ཞེ་ན། གནའ་བོའི་ཡུལ་སྲོལ་དུ་ཁ་བ་ཅན་གྱི་མི་རྣམས་ཀྱིས་རྟེན་འབྲེལ་མཚོན་ཆེད་གྱོན་པའི་དཔུང་བའི་སྟེང་དུ་རྩམ་པའི་དཀར་རྟགས་ཤིག་རྒྱག་སྲོལ་ཡོད། དེ་ནས་རིམ་བཞིན་བལ་དར་དང་དར་རས་དཀར་བོ་སོགས་མཇལ་དར་གྱི་རྣམ་གྲངས་མི་འདྲ་བ་མང་དུ་བྱུང་ཅེས་བརྗོད་པ་ལས་བལ་ནི་ཁ་བཏགས་ཀྱི་རྒྱུ་ཆ་ཡིན་པའི་ངེས་ཤེས་རྙེད་ཐུབ། ཡུ་ནུ་ལ་ད་དུང་འཇམ་ཞིང་དཀར་བའི་ཁྱད་ཆོས་ལྡན་པས་ཕྱིང་ཞྭ་འཇོག་བྱེད་ཀྱི་རྒྱུ་ཆའང་ཕུན་སུམ་ཚོགས་པ་ཞིག་ཡིན། བལ་རྡོ་རིལ་བྱེད་དུས་ཡུ་ནུ་གཅུ་ཐག་བྱེད་ཀྱིན་ཡོད་ལ། དེའི་རྒྱུ་མཚན་ནི་ཐུང་བའི་རྐྱེན་གྱིས་རྡོ་རིལ་བྱེད་མི་ཐུབ་པས་སོ། བལ་འཕྱིངས་ནི་དབྱར་ཟླ་ལྔ་བ་དྲུག་པའི་དུས་སུ་བལ་མ་བྲེགས་པར་བསྐྱུར་ནས་འཕྱིངས་པར་གྱུར་པའི་རིགས་དེ་ཡིན་ལ། ཁ་དཔེ་ལའང་བལ་འཕྱིངས་ན་སེད་དཀའ་ཟེར། འདིའི་སྔོན་དུས་ཁྱིམ་ཉུལ་ལམ་ཕན་ཚུན་འཚམས་འདྲི་བྱེད་དུ་ཆས་སྐབས། དེང་དུས་ཀྱི་ཁ་བཏགས་ཇི་བཞིན་བཀྲ་ཤིས་བདེ་ལེགས་ཞུ་བཞིན་འདུག་ལ། ད་དུང་སྔོན་དུས་སུ་འབྲོག་ཁུལ་གྱི་བྱིས་པ་གཅུད་བྱེད་ཀྱང་བྱེད་ཀྱིན་འདུགeuzཀྲུང་གོ་བོད་ཀྱི་དྲ་བ།

གཉིས་པ། བལ་སྐུད་འཁེལ་ཚུལ་དང་དེའི་ཕན་ཡོན།euzཀྲུང་གོ་བོད་ཀྱི་དྲ་བ།

(གཅིག)བལ་སྐུད་འཁེལ་ཚུལ།euzཀྲུང་གོ་བོད་ཀྱི་དྲ་བ།

བལ་སྐུད་ནི་མིའི་ལག་པ་དང་འཕང་། ཕྲུལ་ཤིང(ཁྲོལ་ཤིང)སོགས་ཀྱིས་འཁེལ་བའི་སྐུད་པ་ཕྲ་མོ་ཞིག་སྟེ། ལག་འཁེལ་སྐུད་པ་ནི་མི་གཉིས་ཀྱིས་ཕན་ཚུན་ནས་བཟུང་སྟེ་གཅིག་གིས་འཁེལ་གྱིན་ཡོད་ལ། དེ་ནི་དུམ་བུ་དུམ་བུ་བྱས་ནས་འཁེལ་ཡོད་པའི་སྐུད་པ་ཧ་ཅང་གྲིམས་པོ་ཞིག་ཡིན། འཕང་དང་ཕྲུལ་ཤིང(ཁྲོལ་ཤིང)གིས་འཁེལ་བའི་བལ་སྐུད་ཕལ་ཆེར་འདྲ་བར་སྣང་མོད། འོན་ཀྱང་འཕང་གིས་འཁེལ་བར་དུས་ཚོད་རིང་བོ་ཞིག་དགོས་ལ། སྐུད་པའི་སྤུས་ཀའང་འཕང་གིས་བཀལ་བ་ཡག་ཅིང་བསྒྲིམས་པར་སྨྲ། ཕྲུལ་ཤིང(ཁྲོལ་ཤིང)གིས་འཁེལ་བར་མི་མང་བོ་དགོས་ཏེ། ཕྲུལ་ཤིང(ཁྲོལ་ཤིང)འཐེན་མཁན་དང་བལ་སྐུད་འཁེལ་མཁན་གཉིས་ཀ་དགོས་ལ། ཕྲུལ་ཤིང(ཁྲོལ་ཤིང)གཅིག་གི་སྟེང་དུ་མི་གཉིས་གསུམ་ཙམ་གྱིས་བལ་སྐུད་འཁེལ་ཐུབ།euzཀྲུང་གོ་བོད་ཀྱི་དྲ་བ།

(གཉིས)བལ་སྐུད་ཀྱི་ཕན་ཡོན།euzཀྲུང་གོ་བོད་ཀྱི་དྲ་བ།

ལག་འཁེལ་སྐུད་པས་སྦྲའི་ཁ་ཚུབ་དང་སློག་པ(ལྤགས་རྩག)སྒྱེ། ཕྱིང་བའི་གྱོན་པ་དང་སྟན། ཕྱིང་བ་དང་ཐགས་ཀྱི་ཤུབས་སྣ་ཚོགས། དེ་མིན་གྱོན་པར་ལྷན་པ་རྒྱག་པ་སོགས་ཀྱི་བཟོ་སྐུད་སྣ་ཚོགས་བྱེད་ནུས་མོད། ཡིན་ཡང་རྒན་པ་ཚོས་ལབ་ན་བལ་སྐུད་ལ་འཇམ་པའི་ཁྱད་ཆོས་ལྡན་པ་ལས་རྩིད་སྐུད་དང་བསྡུར་ན་ཆད་སླ་བར་སྨྲ། འཕང་དང་ཕྲུལ་ཤིང(ཁྲོལ་ཤིང)གང་ཡིན་ཡང་། འདི་གཉིས་ཀྱིས་བཀལ་བའི་སྐུད་པས་འབྲོག་པ་མང་ཚོགས་ཀྱིས་གྲུ་གུ་ཆེ་ཆུང་མང་བོ་རྡོག་སྲིད། གྲུ་གུ་ནི་སྐུད་པ་གཉིས་རྐྱ་བྱས་ཏེ་བར་ལ་མཛུབ་མོ་བཞག་ནས་འཁྱིལ་དུ་མི་འཇུག་པར་རྡོག་པའི་རིལ་རིལ་ཞིག་ལ་ཟེར། དེ་ཡང་གནའ་མིའི་ཁ་དཔེ་ལ“གྲུ་གུ་རྡོག་གི་རྡོག་གི་ཇེ་ཆེ་དང་།། སྤོ་ཐོ་རིལ་གྱིན་རིལ་གྱིན་ཇེ་ཆུང་ཟེར།།”སྐུད་པས་གྲུ་གུ་རྡོག་རྗེས་གྲུ་གུ་ཡར་ཁྱེར་མར་ཁྱེར་བྱས་ནས་ཐགས་འབྲན་པ་དང་འཐག་པའི་ལས་ཀ་བྱེད་ཀྱིན་ཡོད།euzཀྲུང་གོ་བོད་ཀྱི་དྲ་བ།

གསུམ་པ། བལ་ཐིགeuzཀྲུང་གོ་བོད་ཀྱི་དྲ་བ།

བལ་ཐིག་ནི་འཚོ་བའི་ཐད་ལ་བཀོལ་སྤྱོད་སྣ་མང་འཛོམས་པའི་ཐག་པའི་རིགས་ཤིག་སྟེ། དེ་ལ་སྒ་ཐག་དང་སྲབ་མདའ། དེ་མིན་ནོར་ནག་འདོགས་བྱེད་དང་ལུག་འཇུག་བྱེད། བྱིས་པ་བསྡམ་བྱེད་སོགས་རང་རང་གི་ཁྱད་ཆོས་ལྡན་པའི་དངོས་པོ་སྣ་མང་ཡོད།euzཀྲུང་གོ་བོད་ཀྱི་དྲ་བ།

(གཅིག)བལ་གྱི་ཐི་གུ་བརྒྱུས་ཚུལ།euzཀྲུང་གོ་བོད་ཀྱི་དྲ་བ།

སྤྱིར་བལ་གྱི་ཐི་གུ་བརྒྱུས་པར་ཐོག་མར་བལ་སེད་པ་དང་དེ་ནས་ཐི་གུ་བརྒྱུས་ཀྱིན་ཡོད། བལ་གྱི་ཐི་གུ་ལ་བརྒྱུས་སྟངས་ཀྱི་ངོས་ནས་ཡར་བརྒྱུས་དང་མར་བརྒྱུས་གཉིས་ཡོད་ལ། དེ་ལྟར་བརྒྱུས་ན་ཐག་པ་མི་འཁྱིལ་བའི་ཕན་ཡོན་ལྡན་པས་ཡར་བརྒྱུས་དང་མར་བརྒྱུས་བྱེད་ཀྱིན་ཡོད། དེ་ལ་གཉིས་བརྒྱུས་དང་གསུམ་བརྒྱུས། དྲུག་བརྒྱུས་སོགས་ཡོད་ལ། དེ་དག་ཡར་བརྒྱུས་དང་མར་བརྒྱུས་གཉིས་གཤིབ་སྟེ་བཟོ་བཞིན་ཡོད་པ་མ་ཟད། དེ་ལའང་གཉིས་བཟོ་དང་བཞི་བཟོ། དྲུག་བཟོ། བརྒྱད་བཟོ་སོགས་ཡོད།euzཀྲུང་གོ་བོད་ཀྱི་དྲ་བ།

(གཉིས)བལ་ཐིག་གི་རིགས་དབྱེ་དང་སྤྱོད་སྒོ།euzཀྲུང་གོ་བོད་ཀྱི་དྲ་བ།

གནའ་མིའི་ཁ་དཔེ་ལ“བལ་གྱི་ཉག་མ་ཕྲ་ན་ཡང་།། སྐུད་པ་བསྒྲིམས་ན་སེང་གེ་འཆིང་།།”ཞེས་པ་ལྟར་བལ་ཐག་ནི་འབྲོག་པའི་འཚོ་བར་བཀོལ་སྤྱོད་སྣ་མང་འཛོམས་པ་ཞིག་སྟེ། བེའུ་ཐག་དང་འཛུལ་ཐིག  སྐ་རགས། སྒ་ཐག སྲབ་མདའ། སྲབ་ཅོག  བཅུག་ཐག སྣ་ཐག འུར་ཆ། སྐེ་ལོང་། བྱུ་གུ ཐོ་ཐག རྨུ་ཐག ལྷམ་སྒྲོག་སོགས་ཡོད་ལ། དེ་དག་རེ་རེ་བཞིན་བརྗོད་ན་གཤམ་གསལ་ལྟར།euzཀྲུང་གོ་བོད་ཀྱི་དྲ་བ།

༡. བེའུ་ཐག་གམ་སྦྲེལ་ཐག་ནི་བེའུ་ཕུར་བར་ལག་འདོགས་བྱེད་སྐབས་བཀོལ་བའི་ཐི་གུ་ཡར་བརྒྱུས་དང་མར་བརྒྱུས་གཤིབ་ནས་གཉིས་བཟོ་བྱས་ཡོད་པ་ཞིག་སྟེ། བེའུ་ལག་འདོགས་མ་བྱས་པར་སྐེ་འདོགས་བྱས་ན་སྟབས་མ་ལེགས་པར་སྐེ་འགག་ནས་འཆི་ངེས་པས་རྒྱུན་ལྡན་དུ་བེའུ་ཐག་གིས་ལག་འདོགས་བྱེད་ཀྱིན་ཡོད། དེ་མིན་བཞོ་མ་ཚོས་བེའུ་དང་ཡ་རུ་སོགས་ཀྱི་ལག་པ་ཕན་ཚུན་སྦྲེལ་སྐབས་ཐག་པ་འདི་བཀོལ་གྱིན་ཡོད།euzཀྲུང་གོ་བོད་ཀྱི་དྲ་བ།

༢. འཛུལ་ཐིག་ནི་བྱིས་པ་འཛོང་ཁུག་ཏུ་བསྡམ་བྱེད་ཀྱི་ཐི་གུ་གྲིམས་མེད་པར་ལྷོད་པོ་ངང་ཡར་བརྒྱུས་བྱས་ཡོད་པ་ཞིག་སྟེ། འབྲོག་ཁུལ་གྱི་བྱིས་པ་འཛོང་ཁུག་ཏུ་བསྡམ་སྐབས་ད་ལྟའང་བཀོལ་སྤྱོད་བྱེད་ཀྱིན་ཡོད།euzཀྲུང་གོ་བོད་ཀྱི་དྲ་བ།

༣.སྐ་རགས་ནི་ཐི་གུ་ཡར་བརྒྱུས་དང་མར་བརྒྱུས་གཤིབ་ནས་གཉིས་བཟོ་བྱས་ཡོད་པ་ཞིག་སྟེ། བོད་ཀྱི་མིའུ་གདུང་དྲུག་གི་རིང་ལ་དམུ་ཚ་སྒའི་མི་རྒྱུད་རྣམས་ཀྱིས་བལ་ཐིག་དཀར་པོ་སྣེ་འཛར་དམར་བོ་ཅན་སྐ་རགས་སུ་བཅིངས་པ་བོད་ཀྱི《གནའ་རབས་ལོ་རྒྱུས》སུ་གསལ།euzཀྲུང་གོ་བོད་ཀྱི་དྲ་བ།

༤. སྒ་ཐག་ནི་སྣ་སྒའི་ཐག་པ་ཞིག་སྟེ། མཐའ་གཉིས་ཐི་གུ་ཡར་བརྒྱུས་དང་དཀྱིལ་མར་བརྒྱུས་བྱས་ནས་སྐུད་པས་བཟོས་ཡོད་ལ། འདི་ལ་གོང་ཐག་དང་གློ་ཐག གློ་རྨེད་སོགས་ཡོད། ལར་གོང་ཐག་གིས་སྣ་སྒ་གྲུག་མགོར་ནུར་དུ་མི་འཇུག་པ་དང་གློ་ཐག་གིས་སྣ་སྒ་གཡས་གཡོན་ལ་འཇུར་དུ་མི་འཇུག གློ་རྨེད་ཀྱིས་ངོ་ཐུར་ལ་འགྲོ་སྐབས་སྣ་སྒ་ཐུར་ནུར་དུ་མི་འཇུག་པའི་ནུས་པ་ཐོན་གྱིན་ཡོད།euzཀྲུང་གོ་བོད་ཀྱི་དྲ་བ།

༥. སྲབ་མདའ་ནི་ཐི་གུ་དྲུག་བརྒྱུས་བྱས་ནས་བཟོས་ཡོད་པ་ཞིག་སྟེ། རྟའི་སྲབ་ཀྱི་ཨ་ལོང་ཏུ་བཏགས་ཡོད་ལ། མང་ཆེ་བ་རིང་ཚད་རྨི་ལྔ་དྲུག་ཙམ་ཡིན་མོད། རང་གི་འདོད་མོས་ལྟར་བྱས་ཀྱང་ཆོགeuzཀྲུང་གོ་བོད་ཀྱི་དྲ་བ།

༦. སྲབ་ཅོག་ནི་རྟའི་ཁ་ལོ་བསྒྱུར་བྱེད་ཀྱི་ཐག་པ་ཞིག་སྟེ། ཐི་གུ་ཡར་བརྒྱུས་དང་མར་བརྒྱུས་གཤིབ་ནས་བཞི་བཟོ་དང་དྲུག་བཟོ། བརྒྱད་བཟོ་སོགས་བྱེད་ཀྱིན་ཡོད་ལ། དེའི་རིགས་ཀྱི་བརྒྱད་བཟོས་ནི་སྲབ་ཅོག་ཧ་ཅང་ཡག་པ་ཞིག་ཡིན།euzཀྲུང་གོ་བོད་ཀྱི་དྲ་བ།

༧. བཅུག་ཐག་ནི་བལ་འབྲེག་སྐབས་དེ་མ་ཐག་ཏུ་ལུག་འཇུག་བྱེད་དུ་བརྒྱུས་པའི་ཐི་གུ་དུམ་བུ་ཞིག་གི་མིང་།euzཀྲུང་གོ་བོད་ཀྱི་དྲ་བ།

༨. སྣ་ཐག་ནི་གཡག་དང་མཛོ་ཡི་ཁ་ལོ་བསྒྱུར་བྱེད་ཀྱི་ཐི་གུ་ཞིག་སྟེ། ཐི་གུ་ཡར་བརྒྱུས་དང་མར་བརྒྱུས་གཤིབ་ནས་བཟོས་ཡོད་ལ། རི་ཁ་ནས་ཞོན་པ་སྤེན་མ་དང་སུ་རུ་ལའང་འདོགས་ཐུབ།euzཀྲུང་གོ་བོད་ཀྱི་དྲ་བ།

༩. འུར་ཆའི་ལུང་ཐག་ནི་ཐི་གུ་ཡར་བརྒྱུས་དང་མར་བརྒྱུས་གཤིབ་ནས་བཟོས་ཡོད་ལ། དཀྱིལ་དུ་ཕྱིང་བ་ལེབ་མོ་ཞིག་བཞག་ཡོད་པའི་སྟེང་དུ་རྩིད་སྐུད་ནག་པོས་བཟོས་ཡོད། ཁེད་དུ“མགོ་ནི་སྲིད་པའི་ཨ་ལོང་འདྲ།། སྐེད་པ་དངུལ་དཀར་མེ་ལོང་འདྲ།། རྔ་མ་སྦྲུལ་གྱི་མཇུག་མ་འདྲ།། སྟོང་གསུམ་ཀླད་ལ་སྐོར་བའི་ཚེ།། དུད་འགྲོ་ཟོག་གི་སྙིང་རྩ་འདར།།”ཞེས་པ་དང་། དེ་ཡང་བོད་ཀྱི་མངའ་མཛད་དགུའི་ཐོག་མ་གནོད་སྦྱིན་ནག་པོའི་དུས་ནས་བཟུང་དགྲ་འགོག་རང་སྲུང་གི་ནུས་པ་ཐོན་པའི་མཚོན་ཆའི་བྱེད་ཐབས་བཀོལ་རྒྱུའི་སྲོལ་བྱུང་ཡོད་པས། འུར་རྡོ་ཡང་དེ་དུས་བྱུང་བ《ཆོས་འབྱུང་མཁས་པའི་དགའ་སྟོན》ལས་དྲུག་པ“ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་ཏེ།། ལང་ཏང་ལིང་ཏང་བར་ཁ་འུར་རྡོ་འཕེན།།”ཞེས་པར་གསལ་ལོ།euzཀྲུང་གོ་བོད་ཀྱི་དྲ་བ།

༡༠. སྐེ་ལོང་ནི་ནོར་ནག་འདོགས་བྱེད་ཀྱི་སྐེ་ཐག་སྟེ། དཀྱིལ་དུ་ཤིང་གི་ཆ་རུ་ཆུང་ཆུང་ཞིག་བཏགས་ཡོད།euzཀྲུང་གོ་བོད་ཀྱི་དྲ་བ།

༡༡. བྱུ་གུ་ནི་ནོར་རྡང་གི་ཐོག་ཏུ་བཏགས་ཡོད་པ་ཞིག་སྟེ། ཆ་རུའི་སྟེང་དུ་ཨ་ལོང་བྱས་ནས་འདོགས་བྱེད་ཀྱི་ཐི་གུ་ཕྲ་མོ་ཞིག་ཡིན།euzཀྲུང་གོ་བོད་ཀྱི་དྲ་བ།

༡༢. ཐོ་ཐག་ནི་མཚན་མོ་སྤྱང་ཀི་ལ་འདྲོགས་སློང་བྱེད་ཀྱི་ཐག་པ་ཞིག་སྟེ། ཐི་གུ་མར་བརྒྱུས་བྱེད་དགོས་པ་ཞིག་ཡིན་ལ། དེའི་མར་བརྒྱུས་བྱེད་པའི་རྒྱུ་མཚན་ནི་གནོད་སྐྱེལ་ངན་པའི་རིགས་འགོག་བྱེད་ཡིན་པས་སོ།euzཀྲུང་གོ་བོད་ཀྱི་དྲ་བ།

༡༣. རྨུ་ཐག་ནི་ཐི་གུ་གསུམ་ཡར་བརྒྱུས་བྱས་ནས་དཀྱིལ་དུ་བལ་དྲངས་ཏེ་སིག་སིག་བྱས་ཡོད་པ་ཞིག་སྟེ། ལབ་ཙེ་ཡི་མདའ་ཡི་སྟེང་དུ་འཐེན་གྱིན་ཡོད་ལ། འདིའི་མི་ཕྱུགས་སོགས་ཀྱི་ཚེ་ཐག་རིང་བའང་མཚོན།euzཀྲུང་གོ་བོད་ཀྱི་དྲ་བ།

༡༤. ལྷམ་སྒྲོག་ནི་ཕྱིང་ལྷམ་ཡུ་རིང་གི་ཁ་བསྡམ་བྱེད་ཅིག་སྟེ། ཐི་གུ་ཡར་བརྒྱུས་ཀྱི་མགོ་ཕྱིར་གུག་ནས་ཨ་ལོང་བྱས་ཏེ་བཟོས་ཡོད།euzཀྲུང་གོ་བོད་ཀྱི་དྲ་བ།

བཞི་བ། ཕྱིང་བ།euzཀྲུང་གོ་བོད་ཀྱི་དྲ་བ།

ཕྱིང་བ་ནི་ལུག་བལ་གྱིས་བཞག་པའི་ཐོན་རྫས་ཤིག་སྟེ། སྲ་ཞིང་འཇམ་པའི་ཁྱད་ཆོས་ལྡན་ལ། དེ་འཇོག་སྐབས་མི་མང་པོས་གྲངས་ཀ་དབྱངས་སུ་བཀུག་ནས་ཕར་མཉེ་ཚུར་མཉེ་བྱེད་པ་ཞིག་ཡིན།euzཀྲུང་གོ་བོད་ཀྱི་དྲ་བ།

གཅིག ) ཕྱིང་བ་འཇོག་སྟངས།euzཀྲུང་གོ་བོད་ཀྱི་དྲ་བ།

སྤྱིར་ཕྱིང་བ་འཇོག་བྱེད་ཀྱི་རྒྱུ་ནི་བལ་རིགས་གང་ཡིན་ཡང་ཆོག་མོད། འོན་ཀྱང་དེ་དག་ལས་ཡག་ཤོས་ནི་ལོ་གཉིས་ཅན་གྱི་ལུག་གི་སྟོན་ཁའི་བལ་ཡིན། གང་ལྟར་ཕྱིང་བ་འཇོག་སྐབས་ཐོག་མར་ལུག་བལ་ཡག་པོ་བསེད་ནས་བལ་འདབ་བྱས་ཏེ་ཕྱར་བ་སོགས་སྣོད་ཀྱི་ནང་དུ་རྩྭ་ཤིང་དང་རྡུལ་སོགས་མི་འགྲོ་བར་ཉར་དགོས་ལ། དེ་རྗེས་ཕྱིང་མཁན་ཞིག་བཙལ་ནས་ཕྱིང་བ་འཇོག་ཏུ་འཇུག་དགོས་ཤིང་། དུས་ཚོད་དབྱར་རམ་སྟོན་གྱི་གནམ་གཤིས་དྲོ་ཞིང་དྭངས་པའི་སྐབས་སུ་འདེམས་དགོས་ལ། འཇོག་སའི་ས་ཆ་ནི་སྤང་ངོས་ཧ་ཅང་བདེ་བའི་ཆུ་འགྲམ་ཞིག་ཡིན་དགོས་པ་དང་། ཕྱིང་བ་འཇོག་སའི་ཕྱར་བ་གསུམ་བཞི་ཙམ་གྲ་སྒྲིག་བྱ་དགོས། སྨྱུག་མ་ཡོད་སར་ཕྱིང་གདན་སྨྱུག་སྟན་བྱེད་པ་དང་དེང་གི་དུས་སུ་ཆུ་ཤོག་བྱེད་ཀྱིན་འདུག གང་ལྟར་སྔར་དུས་བལ་རྣམས་ཕྱར་བ་ཞེང་ལྔ་ནས་དྲུག་ཅན་གྱི་སྟེང་དུ་དུམ་བུར་བཅད་དེ། ཕན་ཚུན་སྣེ་མོ་ཐོད་གཏུགས་ནས་སྲབ་མཐུག་མཉམ་པོར་བཞག་རྗེས་སྤེན་མས་ཆུ་ཅུང་ཙམ་རེ་གཏོར་བ་དང་། དེ་རྗེས་ཕྱར་བའི་ཁུགས་སོར་བཏུམས་ནས་མཐའ་གཉིས་བལ་སྐུད་ཀྱིས་བཙེམས་པ་ཡིན། དེ་དག་ཡོད་ཚད་ཚགས་སུ་ཆུད་རྗེས་དལ་མོའི་ངང་ཕུར་ཕུར་བྱེད་ལ། ཕྱིང་བ་བརླིང་ལུགས་ལ་གླུ་དང་གཏམ་དཔེ་སྣ་ཚོགས་ཡོད་དེ། དཔེར་ན་གཏམ་དཔེ་ལ“ཕར་མཉེ་བལ་འཐབ་འཐབ།། ཚུར་མཉེ་ཕྱིང་བ་འཇོག་འཇོག།”ཅེས་པ་དང་། གླུ་ལ་རྨ་ཆུའི་གླུ་བ་རྡོ་རེད་ཡིས་བླངས་པའི“གཡང་དཀར་ཚེར་མོ་ལུག་གི་བལ་དཀར་ཁ་ཆུ་འཇིལ་ལི་ལི། འཚེར་མོ་ལྷས་ལ་འཛོམས་དུས། ལུག་ཆུང་འབའ་སྒྲ་ལྷང་སེ་ལྷང་། ཕྱིང་དཀར་ཆུ་རླིང་རེད། གོས་ཀྱི་དྭངས་རྩེ་རེད། གེ་སར་དམག་ལྭ་རེད། སྟག་ཤར་ཇག་ལ་འགྲོ་བའི་ཇག་ཕྱིང་རེད། བུ་མོ་གནས་ལ་འགྲོ་བའི་གནས་ཕྱིང་རེད།”ཅེས་པ་དང་།《ཨ་མདོའི་རིག་གནས་གླེང་བའི་གཏམ་ཚོགས》སུ་གླུ་ལ། ཇི་སྐད་དུ། “ཕ་ས་རིལ་རིལ་རིལ། ཨ་ལུང་གྱུག་གྱུག་གྱུག འདབ་མ་ཅིག་ཅིག་གཅིག་ཡ། གཉིས་ཡ། གསུམ་ཡ། ཇག་ལ་འགྲོ་བའི་ཇག་ཕྱིང་། ནགས་ལ་འགྲོ་བའི་ནགས་ཕྱིང་། དབུས་ལ་འགྲོ་བའི་དབུས་ཕྱིང་། སྟོང་རླིང་གཅིག སྟོང་རླིང་གཉིས། སྟོང་རླིང་གསུམ།”ཞེས་པ་དང་། གཞན་ད་དུང“ཨ་ལ་མ་ནི་པད་མེ། འཕྱིང་ཡག་ལྷ་བུ་ཡི་ལྷ་འཕྱིང་། གཡང་ཡག་གཡང་དཀར་ལ་ཁ་ཆུ། གཅིག་ཡག་ཨ་བུ་ཡི་རྐྱ་འཕྱིང་། གཉིས་ཡག་བྱི་མོ་ཡི་རྫི་འཕྱིང་། གསུམ་ཡག་སོ་ཁ་ཡི་དར་ཕྱིང་། བཞི་ཡག་ལྷ་བཞི་ཡི་དཀར་འཕྱིང་། ལྔ་ཡག་ལྷ་ལྔ་ཡི་འཕྱིང་ཞྭ། དྲུག་ཡག་གྲུས་མ་ཡི་རྫི་འཕྱིང་།”ཞེས་པ་མང་དུ་ཡོད་ཀྱང་། འདིར་མང་དུ་བྲི་བར་མི་བྱའོ།euzཀྲུང་གོ་བོད་ཀྱི་དྲ་བ།

དེ་མིན་སྤྱིར་བཏང་ཕྱིང་བ་རིལ་སྐབས་གྲངས་ཀ་བརྩི་བཞིན་ཡོད་ལ། དེའང་སྤྱིར་བཏང་གི་གྲངས་ཀ་བརྩི་ཚུལ་དང་མི་འདྲ་སྟེ། གྲངས་ཀ་དབྱངས་ལ་བཀུག་ནས་བརྩི་བཞིན་ཡོད། དཔེར་ན་གཅིག་རེད་གོ་གཉིས་རེད། གསུམ་རེད་གོ་བཞི་རེད་བཅས་བརྒྱ་ཉིས་བརྒྱ་བྱས་ནས་གྲངས་ཀ་སྟོང་གཅིག་བར་དུ་ཕྱིང་བ་ཕར་མཉེ་ཚུར་མཉེ་བྱེད་ཀྱིན་ཡོད་ལ། སྟོང་གཅིག་འདང་རྗེས་ཁ་ཕྱེས་ནས་སྤེན་མས་ཆུ་ཅུང་ཙམ་གཏོར་བ་དང་ཕྱར་ཁུག་ནས་ཕྱིར་བླངས་ཏེ། ཕྱིང་བ་གཅིག་པུ་རིལ་རིལ་བྱས་ནས་གྲངས་ཀ་གསུམ་བརྒྱ་ཙམ་བརྩི་ལ། ཧེ་ར(སོག་སྐད)ལ་སོགས་བརླིང་སྐབས་གྲངས་ཀ་ཁྲི་གཅིག་བརྩི་མོད། འོན་ཀྱང་དེའི་རིགས་ནི་དུས་ཚོད་ཐུང་ཐུང་ཞིག་ཏུ་འགྲུབ་མི་ཐུབ་པས། རྫི་བོ་དག་གིས་རྫི་ལ་ཁྱེར་ནས་ཕུར་ཕུར་བྱེད་ཀྱིན་ཡོད། ཕྱིང་བ་བརླིང་ལུགས་ཀྱི་གྲངས་ཀ་བརྩི་ཚུལ་ལ་ས་ཆ་སོ་སོར་མི་འདྲ་ས་མང་པོ་འདུག་ཀྱང་འདིར་རྒྱས་པར་མ་སྨྲས་སོ།euzཀྲུང་གོ་བོད་ཀྱི་དྲ་བ།

(གཉིས)ཕྱིང་བའི་གྱོན་པ།euzཀྲུང་གོ་བོད་ཀྱི་དྲ་བ།

ཕྱིང་བའི་གྱོན་པ་ལ་མགོ་ཕྱིང་དང་གཉའ་གཅུད། ཧེ་ར་(སོག་སྐད)ཕྱིང་འབོབ། ལྷམ་གྱི་ཡུ་བ། ཕྱིང་ཞྭ་སོགས་ཡོད།euzཀྲུང་གོ་བོད་ཀྱི་དྲ་བ།

༡. མགོ་ཕྱིང་དང་གཉའ་གཅུད་ནི་ཞྭ་མགོ་ཡོད་མེད་ཙམ་མ་གཏོགས་འདྲ་བར་སྣང་། དེ་གཉིས་ཀར་ཕུ་ཐུང་མེད་པ་མ་ཟད། གྱོན་སྟངས་ཀྱང་འདྲ་སྟེ་སྐེ་ན་ཆ་རུའི་སྒྲོག་གུ་གཅིག་ལས་མེད། རིང་ཐུང་ཡང་སྤྱིར་བཏང་གི་ཁོག་སྟོད་དང་འདྲ་མཚུངས་ཡིན། བུད་མེད་ཚོས་ཆར་བའི་ནང་དུ་འབྲི་མོ་བཞོ་དུས་མགོ་ཕྱིང་དང་གཉའ་གཅུད་གྱོན་ངེས་ལ། དེར་གཙོ་བོ་ཆར་གྱིས་མི་བརླན་པའི་ཁྱད་ཆོས་ལྡན།euzཀྲུང་གོ་བོད་ཀྱི་དྲ་བ།

༢. ཧེ་ར་ནི་ཕལ་ཆེར་སོག་སྐད་ཡིན་ཚོད་འདུག་སྟེ་དོན་དུ་ཆར་ལྭ་དང་དོན་འདྲ་མོད།《དམངས་ཁྲོད་རྒྱུན་བཀོལ་ཐ་སྙད་ཕྱོགས་བསྒྲིགས》སུ་འདི་ལ་ཕེ་ར་ཞེས་ཀྱང་བྲིས་འདུག འདི་ནི་བོད་ལྭའི་དབྱིབས་ལྟར་བལ་འཕྱིང་ལས་བཟོས་ཡོད་པའི་འབྲོག་པའི་གྱོན་ཆས་རིགས་ཤིག་ཡིན་ལ། ད་ལྟའང་སྐྱེས་པ་ཚོའི་གྲས་ན་གྱོན་མཁན་རེ་འགའ་འདུག  དེ་མིན་མི་ཚེ་ལས་འདས་རྗེས་བེམ་པོ་ཧེ་རའི་ཁུག་ལ་གཅུད་དེ་སྟེང་དུ་གྲུ་གུའི་སྐུད་པ་བསྡམས་ནས་ས་གནས་ལ་ཁྱེར་བ་རེད།     euzཀྲུང་གོ་བོད་ཀྱི་དྲ་བ།

༣. ཕྱིང་འབོབ་ནི་ཕྱིང་ལྷམ་དང་དོན་འདྲ་སྟེ། འདི་ལ་ཆེ་ཆུང་དང་རིང་ཐུང་། སྲབ་མཐུག་མི་འདྲ་བ་མང་།euzཀྲུང་གོ་བོད་ཀྱི་དྲ་བ།

༤. ལྷམ་གྱི་ཡུ་བ་ནི་ཀོ་ལྷམ་ལ་སོགས་པའི་ལྷམ་གྱི་ཡུ་བ་ཕྱིང་བའི་བཟོས་པ་སྟེ་ལྷམ་སྒྲོག་བལ་ཐིག་གིས་བཅིང་བ་དེའོ།།euzཀྲུང་གོ་བོད་ཀྱི་དྲ་བ།

༥. ཕྱིང་ཞྭ་ལ་ཕྱི་ཐུམ་ཡོད་པ་དང་མེད་པ་གཉིས་སུ་མཆིས་ཏེ། སྔར་ཝ་ཞྭའི་ནང་མ་ཕྱིང་བ་ཡིན་ལ༢༠༠༦ལོ་ནས་གྱོན་སྲོལ་བཅད། དེ་མིན་ཚར་ཞྭའི་ནང་མ་མང་ཆེ་བ་ཕྱིང་བ་ཡིན་ལ། ཕྱིང་ཞྭ་ཕྱི་ཐུམ་གོས་ཀྱི་གཡོགས་པའང་ཡོད། ཕྱི་ཐུམ་མེད་པའི་ཕྱིང་ཞྭ་ཡང་མང་བོ་ཡོད་དེ། དབུས་ཞྭ་དང་ཕྱིང་ཞྭ་ལེབ་མོ། གཏོར་དབྱིབས་ཙོར་ལོ་དམར་བོ་ཅན། དེ་མིན་སྟེང་དུ་བཀྲ་ཤིས་པའི་རི་མོ་སྣ་ཚོགས་ཅན་ཡང་ཡོད་དོ།།euzཀྲུང་གོ་བོད་ཀྱི་དྲ་བ།

(གསུམ)ཕྱིང་བའི་ཉེར་མཁོའི་ཡོ་བྱད།euzཀྲུང་གོ་བོད་ཀྱི་དྲ་བ།

ཕྱིང་བའི་ཡོ་བྱད་ལ་ཕྱིང་གུར་དང་ཕྱིང་གོར། ཕྱིང་སྒ། སྒ་སྟན། ཕྱིང་གདན། མཆར་སྟན། ཆག་ཕྱིང་། བོའུ་ཤུབས། ཕོར་ཤུབས། རྔ་ཤུབས། དྲིལ་བུ་དང་མདའ་རུའི་ཤུབས་སོགས་ཡོད་ལ། དེ་དག་གི་ཕན་ཡོན་ནམ་སྤྱོད་སྒོ་རགས་ཙམ་བརྗོད་ན།euzཀྲུང་གོ་བོད་ཀྱི་དྲ་བ།

༡. ཕྱིང་གུར་ནི་མི་རྣམས་སྡོད་སའི་གུར་ཁྱིམ་སྟེ། རྨ་ལྷོ་སོག་རྫོང་དང་བསང་ཆུ་རྫོང་ཁོ་ཚེ་ཞང་གི་ས་ཁུལ་དུ་ད་ལྟའང་རེ་འགའ་ཡོད།euzཀྲུང་གོ་བོད་ཀྱི་དྲ་བ།

༢. ཕྱིང་གོར་(མགོ་བརྟེན)ནི་སྦྲ་ནག་གི་གྲུ་ག་བཞིའི་གྲུ་མགོ་རེ་རེ་ན་ཡོད་པ་ཞིག་སྟེ། སྦྲའི་ཀ་མགོ་རྟེན་བྱེད་ཅིག་ལ་ཟེར།  euzཀྲུང་གོ་བོད་ཀྱི་དྲ་བ།

༣. ཕྱིང་སྒ་ནི་རྟ་ལ་སྟོད་པའི་སྒ་ཡིན་ལ། དེའི་ཤིང་སྒའི་སྟེང་དང་སྤོམ་ངོས་སུ་ཕྱིང་བས་གཡོགས་ལ། རྟ་རྒྱུག་བྱེད་སྐབས་བྱིས་པའི་འཕོངས་ཤ་བདེ་ཆེད་དུ་ཕྱིང་བ་རྐྱང་རྐྱང་གི་སྒ་སྟོད་པའང་ཡོད་དེ། བླ་བྲང་གི་བསང་ཁོག་སྡེ་བའི་བསང་གི་རྟ་རྒྱུག་གི་སྐབས་སུ་ད་ལྟའང་ཕྱིང་བའི་སྒ་ཆས་ཀྱི་རིགས་མང་དུ་སྣང་། དེ་བཞིན་ཏུ་ཕྱིང་བའི་སྒ་སྟན་ནི་རྟའི་རྒྱབ་བདེ་ཆེད་དུ་སྒ་འོག་ལ་གདིང་རྒྱུའི་སྟན་ལ་ཟེར།euzཀྲུང་གོ་བོད་ཀྱི་དྲ་བ།

༤. ཕྱིང་གདན་ནི་ཁྱིམ་ལ་གཏིང་རྒྱུའི་སྟན་གྱི་མིང་སྟེ། འདི་ལ་དབྱིབས་དང་ཆེ་ཆུང་། མདོག་ཡག་བཙོག་སོགས་རིགས་མི་འདྲ་བ་མང་།euzཀྲུང་གོ་བོད་ཀྱི་དྲ་བ།

༥. མཆར་སྟན་ནི་སྦྲ་ནག་གི་ཆ་རུའི་འོག་སྟན་ཏེ། དེ་ལ་རེ་ལྡེ་དང་མཆར་ལུང་དམ་དུ་སྦྲེལ་བའི་ཕན་ཡོན་ལྡན།euzཀྲུང་གོ་བོད་ཀྱི་དྲ་བ།

༦. ཆག་ཕྱིང་ནི་མི་ཕྱུགས་སོགས་ཀྱི་རྐང་ལག་ལ་ཆག་སྐྱོན་ཤོར་ཚེ་ཆག་འཇོག་ཤེས་མཁན་ཞིག་བོས་ཏེ། ཕྱིང་བའི་ཁུག་ལ་ཤིང་ལེབ་བམ་སྨྱུག་ཐུར་བཞག་ནས་ཆག་སྐྱོན་བྱུང་སར་ལྗིབས་པའི་ཕྱིང་བ་ལ་ཟེར།euzཀྲུང་གོ་བོད་ཀྱི་དྲ་བ།

༧. ཕྱིང་བའི་ཕྱི་ཐུམ་མམ་ཤུབས་ལ་བོའུ་ཤུབས་དང་ཕོར་ཤུབས། རྔ་ཤུབས། དྲིལ་བུ་དང་མདའ་རུའི་ཤུབས་སོགས་ཡོད་ལ། དེ་དག་ལ་དངོས་པོ་ཆག་གྲུམ་མི་ཤོར་བ་དང་རྙིང་དུ་མི་འཇུག་པའི་ཕན་ཡོན་ལྡན་ནོ།།euzཀྲུང་གོ་བོད་ཀྱི་དྲ་བ།

ལྔ་བ། བལ་ཐགས།euzཀྲུང་གོ་བོད་ཀྱི་དྲ་བ།

བལ་ཐགས་ནི་འཕང་དང་ཁྲུལ(ཕྲུལ)་ཤིང་སོགས་ཀྱིས་བཀལ་བའི་སྐུད་པས་འཐག་པའི་ཐོན་རྫས་ཤིག་སྟེ། འབྲོག་པའི་འཚོ་བའི་ཁྲོད་དུ་གུར་ཁྱིམ་དང་སྣོད། གྱོན་པ་སོགས་མང་པོ་ཡོད།euzཀྲུང་གོ་བོད་ཀྱི་དྲ་བ།

(གཅིག )བལ་གྱི་ཐགས་འཐག་ཚུལ།euzཀྲུང་གོ་བོད་ཀྱི་དྲ་བ།

སྤྱིར་ཐགས་འཐག་པ་ནི་བུད་མེད་དག་གི་ལས་ཀ་ཡིན་ལ། ཐགས་ནི་ཐགས་མགོ་དང་ཐགས་སྔ་ལ་ཕུར་བ་བསྡབས་དེ། འཕང་དང་ཁྲོས་(འཕྲོས་)ལ་འཐེན་པའི་སྐུད་པ་གྲུ་གུར་རྡོག་པ་ཡར་ཁྱེར་དང་མར་ཁྱེར་བྱས་ནས་ཐོག་མར་ཐགས་འབྲན་པ་དང། དེ་རྗེས་བུད་མེད་ཚོས་སྟེང་དུ་ཞོན་ནས་རྒྱུ་སྤུན་འཕྲེད་དམ་ཞེང་ལ་དྲང་ནས་ཤིང་ལེབ་ཅིག་གིས་འཐག་ཀྱིན་ཡོད།euzཀྲུང་གོ་བོད་ཀྱི་དྲ་བ།

(གཉིས )བལ་ཐགས་ཀྱི་རིགས་དབྱེ།euzཀྲུང་གོ་བོད་ཀྱི་དྲ་བ།

བལ་ཐགས་ཀྱི་རིགས་ལ་ཕྱ་ར་དང་དོ་ཕྱར། སྒོ་ཕྱར། ཕྱར་སྟན། ཕྱུར་སྒྱེ། སྒྱེ། ཏ་ལེན། ཟ་ཏ། བསང་ཁུག གསུར་ཁུག ཚྭ་ཁུག ཇ་ཁུག སྣམ་བུ། ཕྲུག་ལྭ། ཕྲུག་ཁྲ་སོགས་ཡོད་དེ།euzཀྲུང་གོ་བོད་ཀྱི་དྲ་བ།

༡. དེ་ཡང་ཁེད་དུ་ཕྱ་ར་ནི"རྒྱལ་བོའི་ན་བཟར་མི་ཐེ། བཙུན་མོའི་འཕྱོར་ལྭར་མི་ཐེ། གོས་གོང་བ་མེད་པའི་སྒྲོག་གུ་ཅན།"ཟེར། དེ་ལ་ཁྱིམ་གྱི་དོ་ཆ་འགབ་བྱེད་ཀྱི་དོ་ཕྱར་དང་སྦྲ་ནག་གི་སྒོ་ཁའི་རླུང་འགོག་བྱེད་ཀྱི་སྒོ་ཕྱར། ཕྱུར་བ་བཙགས་བྱེད་ཀྱི་ཕྱུར་སྒྱེ་དང་ཕྱུར་བ་ཉི་མར་སྐམ་བྱེད་ཀྱི་འོག་སྟན་ཏེ་ཕྱར་གདན། འབྲས་དང་ནས། ཨོང་བ་སོགས་ཀྱི་སྡུད་སྣོད་སྒྱེ། བལྟས་ན་ཆེ་ཆུང་མེད་ལ་ཁུར་ན་ཡང་ལྗི་མེད་པའི་ཏ་ལེན། རི་ལ་སོང་ན་ཕོ་བ་མི་ལྟོགས་པ་དང་ཡུལ་གཞན་ལ་སོང་ན་ལམ་བྲོ་སློང་མི་དགོས་པར་རྩམ་ཕྱུར་འཛོམས་པའི་ཟ་ཏ་སོགས་ཡོད།euzཀྲུང་གོ་བོད་ཀྱི་དྲ་བ།

༢. ཁེད་དུ་གཡང་ཁྱིམ་ཚང་གི་ཀ་ངོས་སུ་འོ་མའི་ཁུག་མ་ནག་པོ་ཞིག་ཅེས་པ་བལ་ནག་གིས་འཐག་པའི་ཇ་ཁུག་གི་དོན་ཡིན་ཏེ། དེ་མིན་བསང་ཁུག་དང་གསུར་ཁུག ཚྭ་ཁུག་སོགས་ཀྱང་ཡོད།euzཀྲུང་གོ་བོད་ཀྱི་དྲ་བ།

༣. གྱོན་པ་ལ་སྣམ་བུའི་རིགས་ཏེ། ལྭ་སྣམ་དཀར་བོ་དང་དམར་བོ། དམར་སྨུག་སོགས་ཡོད་ལ། མདོ་སྨད་ཡུལ་དུ་ཅུང་དར་ཁྱབ་ཆེ་བ་ནི་ཕྲུག་ལྭ་དམར་སྨུག་དང་ཕྲུག་ཁྲའི་རིགས་ཡིན། འདིའི་རིགས་ཀྱི་ལག་ཤེས་ནི་ལྷ་སའི་ས་ཆ་མ་གཏོགས་ཨ་མདོའི་ས་ན་བཏག་ཤེས་མཁན་ཉུང་དུ་སྣང་བས། ད་རེས་རྒྱུ་ཆ་ཁ་གསལ་བ་ཞིག་བརྗོད་མ་ཐུབ་མོད། འོན་ཏེབོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོརུ་ལྭ་སྣམ་བཏག་ན། བོད་ལུག་གི་སྟོན་བལ་སྤུས་ལེགས་ཅན་བསེད་ནས་སྦོམ་ཕྲ་དང་འཁལ་མདུད་དམ་འུལ་བ་མེད་པ་འཁེལ་བ་ཀུན་ལ་གཅེས་ཏེ། བལ་སྐུད་ཀྱི་གྲུ་གུས་སྣམ་བུ་འདང་ངེས་བྱུང་བ་དང་རིང་ཐུང་འདོམ་པ་བཅུ་གསུམ། ཞེང་ལ་མཐོ་ཕྱེད་གཉིས་ཙམ་འབྱུང་བའི་ཚད་དུ་བྱས་ནས་ཐགས་འབྲན། སྣས་ལས་?ཐགས་ཆའི་སྟེང་གི་ཐགས་སྐུད་ཐོག་འོག་དགར་བྱེད་ཀྱི་ཡོ་བྱད་ཅིག?དྲངས་ནས་ཐགས་འཐག་པར་ཚགས་ཅི་ཙམ་དམ་པོར་འཐག་ཐུབ་པ་དེ་ཙམ་གྱིས་བཟང་སྟེ། ཐགས་བཟང་ངན་ལག་པས་སྣམ་བུ་བཅངས་ནས་གྱེན་དུ་བསླངས་ན་མཐོ་གང་ཡན་ཆད་ལངས་ཐུབ་པ་ནི་བཟང་གྲས་ཡིན་ལ། དེ་ལས་ལྡོག་སྟེ"མཉེ་ངན་མཉེ་དེ་མཐའ་ནས་གྱོང་། ཐགས་ངན་འཐག་དེ་དཀྱིལ་ནས་བུག"ཟེར་བ་མི་ལེགས་སོ།།euzཀྲུང་གོ་བོད་ཀྱི་དྲ་བ།

དེ་ལྟར་སྣམ་བུ་བཏགས་ཟིན་པ་དག་ཤིང་སྡོང་སྦོམ་པོ་ཧྲིལ་བོར་བརྐོས་པའི་གཞོང་བ་ལྟ་བུའི་ནང་དུ་ཆུ་དྲོན་གྱིས་སྦང་ནས་རྐང་བརྫིས་ཆུ་སྲུབ་ཉིན་གསུམ་ཙམ་བཏང་ནས། སྣམ་བུའི་ངོས་སུ་བལ་སྤུས་འཐག་རིས་མི་མངོན་པར་ཕྱིང་བ་ལྟར་མདོག་དཀར་ལ་གཙང་བ་ནི་བསྲུབས་ཐུབ་པའི་ཚད་ཡིན་པར་སྨྲ། དེ་ལྟར་གྲུབ་པའི་ལྭ་སྣམ་ལས་མདོ་སྨད་དུ་དར་ཁྱབ་ཆེ་བ་ནི་གོང་དུ་བཤད་པ་ལྟར་ཕྲུག་ལྭ་དམར་སྨུག་དང་ཕྲུག་ཁྲའི་རིགས་ཡིན་ལ། ཕྲུག་ལྭ་དམར་སྨུག་ནི་མདོ་སྨད་བསང་ཆུ་རྫོང་གི་འབོ་ར་དང་ཨ་མཆོག་གི་བུད་མེད་ཚོའི་གྲས་ན་གྱོན་མཁན་མང་བ་དང་། དེ་མིན་མདོ་སྨད་ཀླུ་ཆུའི་ས་ཁུལ་དུ་སྐྱེས་པ་ཚོས་བཞི་བའི་སྨྱུང་གནས་དང་དྲུག་པའི་ལབ་ཙེ་སོགས་དབྱར་དུས་སུ་ཕྲུག་ལྭ་གྱོན་ངེས། ཕྲུག་ཁྲ་ལ་ཆ་རུ་དང་པང་དན་སོགས་ཡོད་དེ་བོད་ལྭའི་འདབ་ཁ་དང་གོང་བའི་ཁ་ལ་འཇོག་རྒྱུ་ཞིག་གོ།euzཀྲུང་གོ་བོད་ཀྱི་དྲ་བ།

དྲུག་པ། མཇུག་གི་གཏམ།euzཀྲུང་གོ་བོད་ཀྱི་དྲ་བ།

གོང་དུ་ལུག་བལ་གྱི་རིགས་དབྱེ་དང་སྤྱོད་སྒོ། མེས་པོའི་ལག་ཤེས་བཟོ་ལས་ཀྱི་རིན་ཐང་སོགས་རགས་ཙམ་བརྗོད་དེ་འགྲེམ་ཁུལ་ཙམ་བྱས་མོད། འོན་ཏེ་ཁ་གསལ་ཞིང་གོ་བདེ་བ། གསོན་ཉམས་ལྡན་ཞིང་ཡིད་དུ་འོང་བ་ཞིག་རྒྱུ་ཆ་འཚོལ་སྡུད་བྱེད་པའི་ཆ་རྐྱེན་དང་དུས་ཚོད་ཀྱི་རིང་ཐུང་། མི་བུ་རང་གི་རིག་གནས་ཆུ་ཚད་སོགས་ཕྱོགས་གང་ཅིའི་ཐད་ནས་གྱ་ནོམ་པ་ཞིག་འབྲི་མ་ཐུབ་པས་སྐྱོན་ཆའམ་མ་འདང་བའི་ཆ་མང་པོ་ཞིག་ཡོད་པ་སྨྲས་མ་དགོས་པ་ཞིག་རེད། ཡིན་ནའང་བོད་ཀྱི་ལག་ཤེས་བཟོ་ལས་མ་ཉམས་གོང་སྤེལ་དང་ཉམས་པ་སླར་གསོའི་ཚུལ་དུ། ད་རེས་བདག་གིས་ལུག་བལ་གྱི་སྤྱོད་སྒོའི་སྐོར་རགས་ཙམ་བརྗོད་པ་ཡིན་ལ། དེ་ཡང་བོད་རང་གི་སྔར་ཡོད་ཀྱི་ལག་ཤེས་བཟོ་ལས་མ་རྩ་བྱས་ནས་བལ་ཀྱིས་དེང་རབས་ཅན་ཀྱི་གྱོན་པ་སྣ་ཚོགས་བཟོས་ཏེ། བླ་ན་མེད་པའི་མེས་པོའི་ལག་རྩལ་འདི་དག་སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་རུ་དར་ཁྱབ་དུ་བཏང་ན། རང་རིགས་ཀྱི་ལག་ཤེས་བཟོ་ལས་སྔར་བས་འཕེལ་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་མ་ཟད། སྤྱི་ཚོགས་དཔལ་འབྱོར་གྱི་དགོས་མཁོ་ཡང་སྐོང་ཐུབ་པར་འདོད་དེ། འདིར་སྔར་ཡོད་ཀྱི་ལག་ཤེས་བཟོ་ལས་དག་གསལ་སྒྲོས་ཀྱི་ཚུལ་དུ་གླེང་བ་ཡིན་ནོ།euzཀྲུང་གོ་བོད་ཀྱི་དྲ་བ།


དཔྱད་གཞིའི་ཡིག་ཆ།euzཀྲུང་གོ་བོད་ཀྱི་དྲ་བ།

《དམངས་ཁྲོད་ཐ་སྙད་རིག་འགྲེལ་སྲོལ་རྒྱུན་གསལ་བའི་མེ་ལོང་》འབྲི་རུ་དཀོན་མཆོག་ཐུབ་བསྟན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོའི་ཟླ་༡༠བའི་དཔར་ཐེངས་དང་པོ།euzཀྲུང་གོ་བོད་ཀྱི་དྲ་བ།

《མང་ཚོགས་སྒྱུ་རྩལ》 ༢༠༠༩ལོའི་དེབ་བཞི་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ལོའི་ཟླ༡༢པའི་ཚེས་༡༥ལ་དཔར། euzཀྲུང་གོ་བོད་ཀྱི་དྲ་བ།

སྤང་རྒྱན་མེ་ཏོག ༢༠༡༤ལོའི་དེབ་བཞི་བ།euzཀྲུང་གོ་བོད་ཀྱི་དྲ་བ།

《བཀའ་ཆེམས་ཀ་ཁོལ་མ》 སྲོང་བཙན་སྒམ་པོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ལོའི་ཟླ༩བའི་པར་ཐེངས་དང་པོ།euzཀྲུང་གོ་བོད་ཀྱི་དྲ་བ།

《མདོ་སྨད་ཆོས་འབྱུང་》 བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ལོའི་ཟླ༨པའི་པར་ཐེངས་གསུམ་པ།euzཀྲུང་གོ་བོད་ཀྱི་དྲ་བ།

《མདོ་སྨད་ཞིབ་འཇུག》  དམ་ཆོས། ཆ་རིས་སྐལ་བཟང་ཐོགས་མེད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ༥བའི་པར་ཐེངས་དང་པོ།euzཀྲུང་གོ་བོད་ཀྱི་དྲ་བ།

《མདོ་སྨད་རྒན་གྱའི་ལོ་རྒྱུས་སྔོན་བྱུང་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ》རྒན་གྱའི་དཀོན་མཆོག་རྒྱ་མཚོ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོའི་ཟླ༧པར་པེ་ཅིན་དུ་དཔར་ཐེངས་དང་པོ་བརྒྱབ།euzཀྲུང་གོ་བོད་ཀྱི་དྲ་བ།

མཆན།euzཀྲུང་གོ་བོད་ཀྱི་དྲ་བ།

《བོད་ཀྱི་གནའ་རབས་ལོ་རྒྱུས》 རེབ་གོང་རྡོ་རྗེ་མཁར་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ༧པའི་དཔར་ཐེངས་དང་པོ། ཤོག་ངོས་༢༤༢དང༣༠༦དུ་གསལ།euzཀྲུང་གོ་བོད་ཀྱི་དྲ་བ།

《བཀའ་ཐང་སྡེ་ལྔ》 གུ་རུ་ཨོ་རྒྱན་གླིང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༨.༦.༡༢པའི་པར་ཐེངས་དང་པོའི་ཤོག་ངོས༡༡༣དུ་གསལ།euzཀྲུང་གོ་བོད་ཀྱི་དྲ་བ།

《ཆོས་འབྱུང་མཁས་པའི་དགའ་སྟོན》 དཔའ་བོ་གཙུག་ལག་ཕྲེང་བ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ལོའི་ཟླ༣པའི་པེ་ཅིན་གྱི་པར་ཐེངས་གཉིས་པའི་ཤོག་ངོས༨༢སུ་གསལ།euzཀྲུང་གོ་བོད་ཀྱི་དྲ་བ།

དམངས་ཁྲོད་རྒྱུན་བཀོལ་ཐ་སྙད་ཕྱོགས་བསྒྲིགས་གངས་ལྗོངས་ཤེས་རིག་ནོར་བའི་སློབ་གླིང་གིས་སྒྲིག་རྩོམ་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོའི་ཟླ༦པའི་དཔར་ཐེངས་གཉིས་པའི་ཤོག་ངོས༦༧དུ་གསལ།euzཀྲུང་གོ་བོད་ཀྱི་དྲ་བ།

《ཨ་མདོའི་རིག་གནས་གླེང་བའི་གཏམ་ཚོགས》དེབ་ཕྲེང་དང་པོ། སངས་རྒྱས་མཁར་གྱིས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོའི་ཟླ༧པའི་དཔར་ཐེངས་དང་པོའི་ཤོག་ངོས༣༦༢སུ་གསལ།euzཀྲུང་གོ་བོད་ཀྱི་དྲ་བ།

བོད་རིག་པའི་སྐོར་གྱི་རྩོམ་ཡིག་ཐོར་བུ། ཤར་ཡུལ་ཕུན་ཚོགས་ཚེ་རིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ༣པའི་པར་ཐེངས་དང་པོའི་ཤོག་ངོས༣༩རུ་གསལ།euzཀྲུང་གོ་བོད་ཀྱི་དྲ་བ།

《བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།》སྨད་ཆ དཀོན་མཆོག་བསྟན་འཛིན། འཕྲིན་ལས་རྒྱལ་མཚན། པདྨ་གཡུ་སྒྲོན་བཅས་ཀྱིས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས༢༢༥རུ་གསལ།euzཀྲུང་གོ་བོད་ཀྱི་དྲ་བ།

བློ་འདྲི་ས།euzཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་པ་པོ། བེའུ་གཤོང་ལྷ་མོ་སྐྱབས། ༢༠༡༥.༣.༧euzཀྲུང་གོ་བོད་ཀྱི་དྲ་བ།

མགོན་པོ་འཚོ། ལོ༧༦ ཀན་སུའུ་ཀླུ་ཆུའི་དཔལ་སྒུར་སྡེ་བ། ༢༠༡༥.༡.༢༣euzཀྲུང་གོ་བོད་ཀྱི་དྲ་བ།

སྐལ་བཟང་སྦྱིན་པ། ལོ༦༡ ཀན་སུའུ་ཀླུ་ཆུའི་དཔལ་སྒུར་སྡེ་བ། ༢༠༡༥.༣.༡༤euzཀྲུང་གོ་བོད་ཀྱི་དྲ་བ།

བན་དེ་མཁར། ལོ༤༥ ཀན་སུའུ་ཀླུ་ཆུའི་དཔལ་སྒུར་སྡེ་བ། ༢༠༡༥.༣.༨euzཀྲུང་གོ་བོད་ཀྱི་དྲ་བ།

བཀྲ་ཤིས་ལྷ་མོ། ལོ༤༡ ཀན་སུའུ་ཀླུ་ཆུའི་དཔོན་སྐོར་སྡེ་བ། ༢༠༡༥.༣.༢༥euzཀྲུང་གོ་བོད་ཀྱི་དྲ་བ།

མགོན་པོ་བཀྲ་ཤིས། ལོ༧༦ ཀན་སུའུ་ཀླུ་ཆུའི་དཔལ་སྒུར་སྡེ་བ། ༢༠༡༥.༣.༡༥euzཀྲུང་གོ་བོད་ཀྱི་དྲ་བ།

བཀའ་དྲིན་ཞུ་ཡིགeuzཀྲུང་གོ་བོད་ཀྱི་དྲ་བ།

སྤྱིར་དཔྱད་རྩོམ་ཞིག་འབྲི་བར་རིག་གནས་ཀྱི་ཆུ་ཚད་ངེས་ཅན་ཞིག་དགོས་པ་མ་ཟད། ལྷག་པར་དུ་དམངས་སྲོལ་རིག་གནས་དང་འབྲེལ་བའི་དཔྱད་རྩོམ་ཞིག་འབྲི་བར་རིག་གནས་ཆུ་ཚད་དང་འཚོ་བ་དངོས་ཀྱི་ཉམས་མྱོང་མི་དམན་པ་ཞིག་འཛོམས་དགོས་པ་སྨྲ་མི་དགོས་པ་ཞིག་རེད། དེ་ཡིན་ན་ཐེངས་འདིའི་བདག་གི་དཔྱད་རྩོམ་གྱི་རྒྱུ་ཆ་ནི་རང་ཉིད་ཀྱིས་དངོས་སུ་ཡུལ་སྡེ་འགའི་བལ་གྱི་ལག་ཤེས་བཟོ་ལས་ལ་མཁྱེན་རྒྱ་ཡངས་པའི་རྒན་རབས་པ་རྣམས་ལ་བཅར་འདྲི་བྱས་པ་དང་། བལ་རིགས་ཀྱི་ཐོན་རྗས་རེ་འགར་དངོས་སུ་ཞིབ་འཇུག་བགྱིས་པ་ཡིན། ཡིན་ནའང་ས་གནས་སོ་སོའི་ཡུལ་སྐད་མི་འདྲ་བས་བལ་དང་འབྲེལ་བའི་བརྡ་ཆད་རེ་འགའ་འཆུག་པ་མེད་པའི་ངང་ཡིག་ཐོག་ཏུ་ཕབ་པར་དཀའ་ཁག་ཆེན་པོ་འདུག དེར་མ་ཟད་རྩོམ་ཡིག་འདི་ཡུལ་སྐད་ལ་ཅི་ནུས་ཀྱིས་བསྟུན་ཐབས་བྱས་ཡོད་ལ། དེ་ཡང་དམངས་སྲོལ་རིག་གནས་ཀྱི་བྲོ་བ་མི་ཉམས་པའམ་རྩོམ་ཡིག་གི་ཁྱད་ཆོས་ཕྱིར་མངོན་པའི་སླད་དུ་ཟེར་ཡང་མི་ཆོག་པ་མེད་སྙམ། དེང་གི་དུས་ལ་བལ་གྱི་རིག་གནས་མཚོན་བྱེད་ཐད་ཀྱི་གནའ་མྱིའི་ངག་རྒྱུན་ཡང་མང་པོ་ཞིག་ད་ལྟ་འཇིག་ཚར་བར་བཤད། ཡིན་རུང་ཅུང་ཙམ་ཡོད་པ་དཔྱད་རྩོམ་འདིའི་དོན་ཚན་རེ་རེར་འགོད་ཐབས་བྱས་ཡོད། གང་ལྟར། ད་ནི་དཔྱད་རྩོམ་འདི་འགྲུབ་པ་ལ་མཐུན་རྐྱེན་སྦྱོར་མཁན་གྱི་སྐུ་དྲིན་ཅན་རྣམས་ལ་རེ་རེ་ནས་བཀའ་དྲིན་ཞུ་རྒྱུ་ལས་ཅི་ཡང་མི་འདུག་སྟེ། དཔྱད་རྩོམ་འདི་ལེགས་འགྲུབ་བྱུང་བར་མཐུན་རྐྱེན་སྦྱོར་མཁན་གྱི་དྲིན་ཆེན་ཕ་མ་རྣམ་གཉིས་དང་ཤ་ཉེ་རིང་ཚང་མར་སྙིང་ཁུངས་རུས་པའི་སྟེང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། མི་ལོ་བཅུ་ཕྲག་ལྷག་ལ་སློབ་གྲྭ་འགྲིམ་པའི་རིང་དུ་ཤེས་རིག་གི་བུམ་པ་གང་བྱོའི་ཚུལ་དུ་གནང་བའི་དགེ་རྒན་རྣམ་པ་དང་ལྷག་དོན་བདག་གི་དཔྱད་རྩོམ་གྱི་ཁ་ཕྱོགས་ལ་མཛུབ་སྟོན་གནང་མཁན་བེའུ་གཤོང་ལྷ་མོ་སྐྱབས། བློ་འདྲི་སའམ་བཅར་འདྲི་བྱ་ཡུལ་ཏེ། བལ་གྱི་ལག་ཤེས་བཟོ་ལས་བརྒྱུད་འཛིན་རྒན་གཞོན་རྣམ་པའི་གསུངས་ནི་ངའི་རྩོམ་ཡིག་འདི་གྲུབ་པའི་ནང་སྙིང་ལྟ་བུ་ཡིན་པས། ཁྱེད་རྣམ་པར་སེམས་བསམ་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ། བརྩེ་བའི་ཕྱི་ཐག་རིང་བའི་གྲོགས་པོ་རྣམ་པས་ང་ལ་རོགས་སྐྱོར་གང་མང་མཛད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྒོས་སུ་དཔྱད་རྩོམ་གྱི་མགོ་མཇུག་བར་གསུམ་ལ་ཞུ་དག་མཛད་པའི་མཛུབ་སྟོན་དགེ་རྒན་འབྲུག་རྒྱལ་མཁར་ལགས་ལ་སྙིང་ཁུངས་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ།euzཀྲུང་གོ་བོད་ཀྱི་དྲ་བ།

མཐར་བཀའ་དྲིན་སྐུ་དྲིན་ཅན་རྣམ་པའི་ལུས་ལ་ན་ཚ་མེད་ཅིང་བྱ་བ་ལམ་འགྲོ་ཡོང་བ་དང་། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭའི་བྱ་གཞག་གོང་ནས་གོང་དུ་འཕེལ་བར་བཀྲ་ཤིས་སྨོན་འདུན་ཞུ།euzཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།