ཀྲུང་གོ་བོད་ཀྱི་དྲ་བ།

སྨྱུང་གནས་སྲུང་བ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2016-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྨྱུང་གནས་ནི་སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད། རྫུན་སྨྲ། ཆང་འཐུང་། ཁྲི་སྟན་ཆེ་མཐོ། གླུ་གར་དང་དྲི་རྒྱན། ཕྱི་དྲོའི་ཁ་ཟས་བཅས་སྤོང་བའི་སྡོམ་པ་ཞིག་ཡིན། སྤྱིར་ཟླ་བ་རེའི་གནམ་སྟོང་དང་ཚེས་གཅིག ཚེས་བརྒྱད། ཉ་བཅས་ལ་སྨྱུང་གནས་སྲུང་མཁན་མང་།སྨྱུང་གནས་སྲུང་ཡུན་ནི་ཇིན་གཉིས་ཡིན་ཏེ། ཉིན་དང་པོར་ནངས་ཇ་མི་འཐུང་། དྲོས་ཇ་ལ་གུང་ཚིགས་ཞེས་ཞོ་དང་འོ་མ།འབྲས་དང་གྲོ་མ་སོགས་དཀར་ཟས་ལས་ཤ་རིགས་དང་ཙོང་སྒོག་གི་ཟ་མི་རུང་།གུང་ཚིགས་གྲོལ་བར་ལན་ཆགས་འཕེན་པ་དང་ཆབ་གསོལ་བའི་ཕྱག་ལེན་མཆིས།ཉིན་གཇིས་པར་ཟས་ཟ་མི་རུང་བར་མ་ཟད་སྐད་ཆའང་བཤད་མི་རུང་བར་ངག་སྒོ་བསྡམ་དགོས།དེ་ནས་ཉིན་གསུམ་པའི་སྔ་དྲོ་ཆུ་ཚོད་གསུམ་ཡས་མས་སུ་ཐོར་ཐུག་ཅེས་ཕྱེ་ཐུག་ནང་འོ་མ་སྡུག་པའི་ནངས་ཇ་འཐུང་བ་དང་ཆབ་གསོལ་རྗེས་སྨྱུང་གནས་སྲུང་བའི་ཆོ་ག་དང་བྱེད་སྒོའི་མཇུག་ཡོངས་སུ་རྫོགས།

ffc04740701dd0e19c9eaa351396dffe.jpg

སྨྱུང་གནས་སྲུང་བ་ནི་ལུས་ངག་ཡིད་གསུམ་བསྡམས་ནས་མི་དགེའི་ལས་དྲན་པ་དང་རེག་པ་སྤངས་ནས་དགེ་བའི་ལས་མ་ནི་འདོན་པ་དང་སྐོར་བ་འགྲོ་བ་སོགས་བྱས་ནས་ངན་སོང་གི་སྡུག་བསྔལ་སེལ་བའི་ཐབས་མཆོག་ཏུ་བརྩི་བཞིན་ཡོད་པས།ཚེ་འདས་ཀྱི་དགེ་རྩར་སྨྱུང་གནས་སྲུང་བ་ཤིན་ཏུ་མང་།ཀན་ལྷོའི་ས་ཆར་མཚོན་ན་ཧོར་ཟླ་བཞི་པ་དང་དགུ་པ་ནི་སྨྱུང་གནས་སྲུང་བའི་དུས་ཚིགས་གལ་ཆེན་གཉིས་ཡིན་ཏེ།བཞི་བའི་སྨྱུང་གནས་དང་དགུ་བའི་སྨྱུང་གནས་ཞེས་འབོད།བཞི་བའི་སྨྱུང་གནས་ནི་ས་ག་ཟླ་བའི་ཚེས་བཅུ་བཞི་དང་བཅོ་ལྔར་སྲུང་བ་ཡིན་ལ།བཞི་བའི་བཅོ་ལྔ་ནི་བཅོམ་ལྡན་འདས་མངལ་དུ་ཞུགས་པ་དང་།སངས་རྒྱས་པ།མྱ་ངན་ལས་འདས་པ་སྟེ་དུས་ཆེན་གསུམ་འཛོམས་ཀྱི་རྗེས་དྲན་དུས་ཆེན་ཡིན་པས།བཅོམ་ལྡན་འདས་ལ་རྗེས་དྲན་གྱི་ཆོས་ལུགས་བྱེད་སྒོ་ལས་རིམ་གྱིས་མང་ཚོགས་སུ་དར་བ་དང་།དེ་ནས་རིམ་གྱིས་དམངས་སྲོལ་ཁྱད་ཆོས་ཅན་གྱི་རིག་གནས་ཤིག་ཏུ་གྱུར་པ་རེད།དགུ་བའི་སྙུང་གནས་ནི་ཧོར་ཟླ་དགུ་བའི་ཚེས་ཉེར་གཅིག་དང་ཉེར་གཉིས་ལ་སྲུང་བ་ཡིན་ཏེ།ཚེས་ཉེར་གཉིས་ནི་བཅོམ་ལྡན་འདས་ལྷ་བབས་པའི་དུས་ཆེན་ཡིན་པས་དེ་ལ་རྗེས་དྲན་བྱེད་པ་ལས་བྱུང་བ་རེད།སྨྱུང་གནས་གྱི་དུས་ཆེན་དེ་གཉིས་ལས་ཀྱང་བཞི་བའི་སྨྱང་གནས་ཀྱི་ཆོ་ག་དང་མཛད་སྒོ་རྒྱ་ཆེར་སྤེལ་སྲོལ་ཆགས་ཡོད་དེ།ཤོག་པའམ་སྡེ་བས་ཐུན་མོང་དུ་འཛིན་པ་དང་ཁྱིམ་ཚང་སོ་སོས་ཁྱིམ་སྲུང་ངམ་ནོར་ལུག་འཚོ་བའི་མི་གཅིག་གཉིས་མ་གཏོགས་ཚང་མ་རང་རང་གི་དགོན་པ་དང་སྡེ་འདབས་སུ་སྒར་བཏབ་ནས་སྐྱ་སེར་གཅིག་འདུས་ཀྱིས་སྨྱུང་གནས་སྲུང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།