ཀྲུང་གོ་བོད་ཀྱི་དྲ་བ།

རེབ་གོང་པ་མཁར་རྩེ་རྒྱལ་གྱིས་བརྩམས་པའི་འཇིག་རྟེན་མཆོད་བསྟོད་ཀྱི་སྔོན་འགྲོའི་གཏམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཇིག་རྟེན་མཆོད་བསྟོད་སྐོར་གྱི་སྔོན་འགྲོའི་གཏམ་ཁག་དང་པོ།

ཐུབ་བསྟན་ཕུན་ཚོགས།


རེབ་གོང་པ་མཁར་རྩེ་རྒྱལ་ནི་ཐོག་མར་ཁོ་བོའི་གྲོགས་པོ་རྙིང་བ་ཞིག་ཡིན་པ་མ་ཟད་རྗེས་སུ་རིམ་པར་དགེ་སློབ་ཀྱི་འབྲེལ་བ་ཆགས་པ་ཞིག་རེད། སྤྱི་ལོ་1985ལོར་མཁར་རྩེ་རྒྱལ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རྒྱ་སྐད་ཚན་ཁག་ཏུ་སློབ་སྦྱོང་གནང་སྐབས་ཁོང་གི་བོད་ཡིག་ཆུ་ཚད་དེ་བོད་སྐད་ཚན་ཁག་གི་སློབ་མ་རྣམས་ལས་མཐོ་བ་མ་ཟད། མཛེས་ཤིང་ཡིད་དུ་འོང་བའི་ཡིག་གཟུགས་དེས་ཀུན་གྱི་ཡིད་དབང་འཕྲོག་ཅིང་ཡོད། སྐབས་དེར་བོད་ཡིག་ཆེད་སྦྱོང་མ་ཡིན་པའི་བོད་རིགས་གཞོན་ནུའི་ཁྲོད་དུ་ཁོང་ལྟ་བུའི་བོད་ཡིག་མཁས་པ་དེ་ཧ་ཅང་ཉུང་ངུ་ཆགས་ཡོད་པ་རེད། བྱས་ཙང་ངེད་གཉིས་འབྲེལ་འདྲིས་ཟབ་མོ་ཞིག་ཆགས་པ་ནས་རྟག་པར་བོད་ཀྱི་ཤེས་རིག་སྐོར་ལ་བཀའ་མོལ་བྱེད་ཅིང་ཡོད། སྐབས་དེར་ཁོ་བོའི་མིག་ལམ་དུ་ཁོང་ནི་སྤྱང་གྲུང་ལྡན་པ་དང་། ངག་སྒོ་ཡངས་པ། འབྲེལ་འདྲིས་བདེ་ཞིང་འཇོན་ཐང་ལྡན་པའི་གཞོན་ནུ་ཞིག་ཡིན་པར་མཐོང་ཞིང་ཡོད།

སྤྱི་ལོ་1999ལོར་ཁོང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཚན་ཁག་ཏུ་རབ་འབྱམས་པའི་སློབ་མ་ཆེད་སྦྱོང་ཕེབས་སྐབས། ངེད་གཉིས་དགེ་སློབ་ཀྱི་འབྲེལ་བ་ཆགས་པ་རེད། སྐབས་དེར་ཁོང་གི་ཐོགས་པ་མེད་པའི་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་དང་། གསལ་གྲུང་རྣོ་གསུམ་དང་ལྡན་པའི་རིག་སྟོབས། ལྷུན་ཆགས་མཛེས་སྡུག་ལྡན་པའི་ཕོ་སྒོ། ཉམས་དགའ་ཞིང་བག་བྲོ་བའི་རང་གཤིས་བཅས་ནི་ན་མཉམ་ཕོ་མོ་ཀུན་གྱི་ཡིད་སྨོན་གྱི་ཡུལ་དུ་གྱུར་ཡོད་པ་རེད། ད་ལེན་རེབ་གོང་པ་མཁར་རྩེ་རྒྱལ་གྱིས་《འཇིག་རྟེན་མཆོད་བསྟོད་》ཟེར་བའི་རེབ་གོང་གི་དམངས་ཁྲོད་ཆོས་ལུགས་རིག་གནས་ཞིབ་འཇུག་སྐོར་གྱི་དེབ་འདི་འབྲི་གནང་མཛད་པ་ནི་བོད་ཀྱི་ལོ་རྒྱུས་རིག་གནས་ཞིབ་འཇུག་གི་ཐད་ལ་ས་གནས་སོ་སོའི་ལོ་རྒྱུས་ཞིབ་འཇུག་བྱེད་རྒྱུའི་སྟོང་ཆ་ཞིག་ཁ་སྐོང་བྱས་ཡོད་པ་མ་ཟད། བོད་ཀྱི་དམངས་སྲོལ་ལ་བོད་རང་གི་དོན་དངོས་དང་མཐུན་པའི་ཞིབ་འཇུག་བྱ་རྒྱུའི་འགོ་བཙུགས་པ་དང་། བྱེ་བྲག་ཏུ་རེབ་གོང་གི་ཡུལ་སྲོལ་དང་། གོམས་གཤིས། རིག་གནས། འཚོ་བ་སོགས་ཕྲ་ཞིང་ཞིབ་པའི་སྒོ་ནས་ལོ་རྒྱུས་ཀྱི་ཕུགས་རྩ་འཚོལ་ཞིང་ཞིབ་འཇུག་བྱས་པའི་བསྟན་བཅོས་ཤིག་བྱུང་འདུག།

དེབ་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོ་བོ་ནི།

གཅིག བོད་ཀྱི་ཡུལ་འདིར་ཡུལ་སོ་སོའི་ལོ་རྒྱུས་དང་དམངས་སྲོལ་འབྲེལ་ནས་ཞིབ་འཇུག་བྱས་པའི་ས་གནས་ལོ་རྒྱུས་དེ་སྲིད་མཐའ་ཙམ་རེད། དེབ་འདིའི་ནང་དུ་ཡུལ་རེབ་གོང་གི་ཕྱི་སྣོད་ཀྱི་བཀོད་པ། ནང་སྐྱེ་འགྲོའི་བྱུང་ཁུངས་སོགས་ཀྱི་ལོ་རྒྱུས་རྣམས་དམངས་སྲོལ་དང་འབྲེལ་ནས་ཞིབ་འཇུག་བྱས་ཤིང་། གནའ་བོའི་ལོ་གྲངས་སྟོང་ཕྲག་མང་པོའི་གོང་དུ་གསར་སྐྱེས་བྱུང་བའི་རིག་གནས་འགའ་ཞིག་དེང་དུས་དམངས་ཁྲོད་དུ་གསོན་ཉམས་ལྡན་པར་གནས་ཡོད་པའི་ལོ་རྒྱུས་དང་། དོན་དངོས་ཀྱི་དཔེར་བརྗོད་བཅས་གསལ་བོར་བསྟན་འདུག

གཉིས། གནའ་བོའི་དུས་སུ་འཇིག་རྟེན་འདིར་དམངས་སྲོལ་གྱི་ཁྲོད་དུ་ལྷ་འདྲེའི་ལྟ་བ་ཕྱུག་ཤོས་དང་། རྣམ་གྲངས་མང་ཤོས་དེ་ང་ཚོ་བོད་རིགས་ཆགས་ཡོད་པ་རེད། འོན་ཀྱང་ལྷ་འདྲེ་དེ་དག་གི་བྱུང་ཁུངས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་། བསམ་བློའི་ཁྱད་ཆོས། ཕན་གནོད་ཀྱི་རྣམ་པ་སོགས་གཅིག་གྱུར་གྱི་སྒོ་ནས་ངོ་སྤྲོད་དང་ཞིབ་འཇུག་བྱས་པའི་ཡིག་ཆ་ཞིག་ད་བར་དུ་བྱུང་མེད། རེབ་གོང་པ་མཁར་རྩེ་རྒྱལ་གྱིས་གནའ་བོའི་བོད་ཀྱི་ཤེས་རིག་རྣལ་མ་ལ་ཞིབ་འཇུག་བྱེད་བདེ་བའི་ཆེད་དུ་བོད་ཀྱི་ཡིག་ཚང་ཁག་ལས་ལྷ་སྲིན་སྡེ་བརྒྱད་དང་། ཡུལ་ལྷ་གཞི་བདག་སྐོར་གྱི་དཔྱད་གཞི་རྣམས་འབད་པ་ཆེན་པོས་བསྡུ་རུབ་བྱས་ཤིང་། དམངས་ཁྲོད་དུ་ཁྱབ་པའི་ངག་རྒྱུན་རྙིང་བ་རྣམས་འཚོལ་སྡུད་བྱས་ནས་བོད་ཀྱི་ལྷ་འདྲེའི་རིགས་ཀྱི་དབྱེ་བ་དང་། ཁ་དོག་དང་རྣམ་པ། ཕན་གནོད་བྱེད་སྟངས་ཀྱི་ཁྱད་ཆོས་རྣམས་གསོན་ཉམས་ལྡན་པའི་སྒོ་ནས་འགྲེལ་བཤད་གནང་འདུག

གསུམ། ཐུན་མོང་མ་ཡིན་པ་རེབ་གོང་ཡུལ་གྱི་དམངས་ཁྲོད་ཀླུ་རོལ་གྱི་གར་འཆམ་ནང་དུ་ཡུལ་ལྷ་གཞི་བདག་དང་། ལྷ་ཀླུ་གཉན་གསུམ་སོགས་རྣམ་གྲངས་མང་པོ་ཞིག་འཆམ་སྲོལ་ཡོད་པ་དེ་དག་རེ་རེ་བཞིན་ཞིབ་འགྲེལ་བྱས་ཡོད་པས། བོད་ཀྱི་དམངས་སྲོལ་དང་ཆོས་ལུགས་ཞིབ་འཇུག་བྱེད་མཁན་རྣམས་ལ་སྨག་ལ་སྒྲོན་མེ་བཏེགས་པ་ལྟ་བུ་ཞིབ་འཇུག་གི་འགྲོ་ལམ་ཡང་དག་པ་ཞིག་གནང་འདུག དེས་ན་བོད་ཀྱི་ཤེས་རིག་སྤྱི་དང་བྱེ་བྲག་དམངས་སྲོལ་གྱི་རིག་གནས་མི་ཉམས་གོང་སྤེལ་ཡོང་བའི་ཆེད་དུ་བསྟན་བཅོས་འདི་ཉིད་མྱུར་དུ་པར་སྐྲུན་གནང་ཞིང་བོད་ཁམས་ཡོངས་ལ་འགྲེམ་སྤེལ་ཐུབ་པའི་རེ་སྨོན་དང་བཅས། །

སྤྱི་ལོ2008ལོའི་ཟླ་བ8པའི་ཚེས19ཉིན་རྒྱ་ནག་པེ་ཅིང་དུ།

111.jpg

ཐུབ་བསྟན་ཕུན་ཚོགས་ལགས་ནི1955ལོའི་ཟླ་བ2པའི་ཚེས7ཉིན་མདོ་ཁམས་སྡེ་དགེ་རྫོང་གི་དཔལ་སྤུངས་གྲོང་རྡལ་དཔའ་སྟོད་རུ་ཁག་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐུ་འཁྲུངས། ཁོའི་སྔ་རྗེས་སུ་མཁས་དབང་ཐང་བླ་ཚེ་དབང་དང་སྐྱབས་ཆེན་ཕན་བདེ་དཔོན་མང་པོ་བསྟེན་ནས་སུམ་རྟགས་དག་གསུམ་དང་སྒྲ། བོད་ཀྱི་ལོ་རྒྱུས། སྙན་ངག ཚད་མ། མངོན་བརྗོད། སྡེབ་སྦྱོར། སྤྱོད་འཇུག དབུ་ཕར་འདུལ་མཛོད། བྲིས། རི་མོ་དང་གསང་སྔགས་ཀྱི་ཆོས་སྐོར་སོགས་བསླབས་ཏེ་ས་གནས་དེར་ཅུང་སྙན་གྲགས་ལྡན་པའི་མཁས་པ་ཆུང་ཆུང་ཞིག་ཏུ་གྱུར། སྤྱི་ལོ1982ལོར་ཁོང་གིས་བོད་ཡིག་སློབ་གྲྭར་རིག་པ་དོན་དུ་གཉེར་འགོ་བརྩམས།  སྤྱི་ལོ1982ལོ་ནས་སྤྱི་ལོ་1986ལོའི་བར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་སློབ་སྦྱོང་བྱས། སྤྱི་ལོ་1986ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་ཏེ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་ལས་བགོས་བྱས།

2012ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་རུ་ལས་གནས་སྤོས་ཤིང་ད་སྐབས་ཞིབ་འཇུག་སློབ་མའི་འཛུབ་སྟོན་དགེ་རྒན་དང་འབུམ་རམས་པའི་འཛུབ་སྟོན་དགེ་རྒན་ཆེན་མོའི་འགན་ཅིག་ལྕོགས་སུ་བཞེས་ཡོད། ཁོང་གིས་ལོ་བཅོ་ལྔ་ཙམ་གྱི་རིང་དུ་བསྟན་བཅོས་དེབ་མང་པོ་བརྩམས་ཡོད་པ་ལས། 《བོད་ཀྱི་སུམ་རྟགས་ཀྱི་དྲིས་ལན་དུས་མིག་རྩེ་མོ།》《སྐར་ རྩིས་རིན་ཆེན་སྙིང་པོ།》 《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེའུ་མིག》 《གསོ་རིག་སྙིང་ནོར་གཅེས་བསྡུས།》 《བོད་སྨན་གྱི་འབྱུང་བའི་རྫས་རིགས་ཀྱི་རྣམ་བཤད།》 [དབྱིན་ཡིག] 《ཟླ་བའི་གོ་ལའི་སླ་གཟུགས་ཀྱི་རྣམ་བཤད།》 [རྒྱ་ཡིག་བོད་ཡིག་ཏུ་བསྒྱུར་བ།]《བོད་ཡིག་ཚིག་གཏེར་རྒྱ་མཚོ།》[བོད་ཡིག་ཚིག་མཛོད།]《རྩོམ་སྒྲིག་ལེགས་གྲུབ།》བཅས་ནི་ཀློག་པ་པོ་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱེད་པའི་དཔེ་ཆ་རུ་གྱུར་ཡོད།ཁོང་གིས་བོད་རྒྱ་དབྱིན་གསུམ་གྱི་ཐོག་ནས་བྲིས་པའི་རིག་གཞུང་དཔྱད་རྩོམ་སུམ་ཅུ་ལྷག་རྒྱལ་ཁབ་ཕྱི་ནང་གི་དུས་དེབ་དང་ཚགས་པར་ཐོག་བཀོད་ཡོད་ལ། རྩོམ་ཡིག་ཁ་ཤས་ལ་རྒྱལ་ཁབ་རིམ་པ་དང་རྒྱལ་སྤྱིའི་ཐོག་བྱ་དགའ་ཐོབ་ཡོད། ཐུབ་བསྟན་ཕུན་ཚོགས་ལགས་ནི་མིང་དོན་མཚུངས་པའི་རྒྱལ་སྤྱིའི་བོད་རིག་པའི་སྡེ་ན་མཚན་སྙན་འབར་བའི་རིག་པ་སྨྲ་བ་ཆེན་མོ་ཞིག་ཡིན་ཞིང་། ཁོང་གིས་བགྲང་ལོ་སུམ་ཅུ་ལྷག་གི་རིང་ལ་མི་རིགས་སློབ་གསོའི་ལས་འགན་ཕྲག་ཏུ་བཞེས་ཏེ་བོད་མདོ་དབུས་ཁམས་གསུམ་གྱི་སྐལ་ལྡན་སློབ་བུ་མང་པོ་གསོ་སྐྱོང་གནང་ཡོད་པ་ཙམ་དུ་མ་ཟད། འོད་སྟོང་འབར་བའི་བོད་ཀྱི་རིག་གནས་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་འཛམ་གླིང་ཧྲིལ་པོའི་ཁྱོན་དུ་དར་ཁྱབ་བྱུང་བར་མཛད་འཕྲིན་རླབས་ཆེར་སྐྱོང་བཞིན་ཡོད། །

འཇིག་རྟེན་མཆོད་བསྟོད་སྐོར་གྱི་སྔོན་འགྲོའི་གཏམ་ཁག་གཉིས་པ།

འབྲུག་ཐར།  


ང་དང་འཇིག་རྟེན་མཆོད་བསྟོད་རྩོམ་པ་པོ་རེབ་གོང་པ་མཁར་རྩེ་རྒྱལ་ལགས་གཉིས་ནི། དེ་སྔོན་2001ལོའི་ཟླ་10པར་པེ་ཅིན་དུ་བསྡུས་པའི་སྐབས་གཉིས་པའི་རྒྱལ་སྤྱིའི་ཧྥ་རན་སི་དང་ཀྲུང་གོ་བོད་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་སྟེང་ཕན་ཚུན་ཐོག་མར་ངོ་ཤེས་པ་ཡིན། ལོ་དེར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་རིག་གནས་འགྲོ་བ་མིའི་རིགས་རིག་པའི་ཞིབ་འཇུག་སའོ་ཡི་གདན་ཞུས་ལྟར། ཁོ་བོ་ཀན་སུའུ་ནས་ཆེད་མར་པེ་ཅིན་དུ་ཆས་ཏེ་རེབ་འདིའི་ཚོགས་འདུར་ཞུགས། སྐབས་དེར་ངས་ཀན་སུའུ་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ཁང་དུ་སའོ་ཀྲང་གི་གཙོ་འགན་ཁུར་བཞིན་ཡོད་ཅིང་། སྐུ་ཞབས་མཁར་རྩེ་རྒྱལ་ལགས་ཀྱིས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་གླིང་དུ་མི་རིགས་རིག་པའི་སྐོར་གྱི་ཞིབ་འཇུག་སློབ་མ་འདོན་བཞིན་ཡོད། རེབ་འདིའི་ཚོགས་འདུའི་སྟེང་སྐུ་ཞབས་ཁོང་ཚོགས་ཐོག་ལོ་ཙྭ་བར་ཞུས་ཡོད་པ་མ་ཟད། ང་ཚོ་བོད་རིགས་ཞིབ་འཇུག་པ་སྐོར་ཞིག་གི་དཔྱད་རྩོམ་ཚང་མ་ཁོས་ཕྱི་གླིང་བའི་མཁས་པ་རྣམ་པར་ཚོགས་ཐོག་སྐད་བསྒྱུར་གནང་པ་ཡིན། བསྟུད་མར་ཉིན་འགའི་རིང་གི་བགྲོ་གླེང་ཚོགས་འདུ་བརྒྱུད། ང་རང་གསར་སྐྱེས་གཞོན་རབས་ལོ་ཙྭ་བ་ཁོང་ལ་ཞེ་བསམ་པའི་གཏིང་ནས་དགའ་བོ་ཞིག་བྱུང་སོང་། དགའ་སྣང་དེ་ནི་རང་རིགས་བར་རང་བཞིན་ལྷན་སྐྱེས་ཀྱིས་འདྲིས་སླ་ཞིང་སྙིང་ཉེ་བའི་དུངས་ཞེན་བཅོས་མ་མིན་པ་ཞིག་ཡིན། སྐབས་དེ་ཉིད་ནས་བཟུང་ངེད་གཉིས་བར་རིམ་པར་བློས་ཐུབ་ཀྱི་གྲོགས་པོའམ་ཡང་ན་དགེ་སློབ་ཀྱི་འབྲེལ་བ་ལྟ་བུའི་མཛའ་བཤེས་གཏིང་ཟབ་མོ་ཞིག་ངང་གིས་ཆགས། དུས་དེ་རིང་བར་ཡིད་ནས་བརྗེད་ཐབས་བྲལ་བ་ཞིག་ནི། ཁོང་གིས་རེབ་དེའི་ཚོགས་ཐོག་ལོ་ཙྭ་བརྒྱུད་དེ་ཕྱི་ནང་མཁས་པའི་ཚོགས་དབུས་སུ་བག་ཆགས་གཏིང་ཟབ་མོ་ཞིག་བཞག་པ་ནི། བོད་ཀྱི་རིག་གནས་དང་ལྷ་བྲིས་སྒྱུ་རྩལ་གྱི་ཕ་ས་སྟེ། མདོ་སྨད་རེབ་གོང་གསེར་མོ་ལྗོངས་ནས་ཡོང་བའི་གསར་སྐྱེས་ན་གཞོན་ཁོང་ལ་རིག་གཞུང་ཞིབ་འཇུག་པ་ཞིག་ལ་ཅི་ནས་འཛོམས་དགོས་པའི་སྐད་ཡིག་རིགས་སྣ་ཚོགས་མཁྱེན་པའི་འཇོན་ཐང་ལས་གཞན། རྒྱལ་སྤྱིའི་རྒྱལ་ནང་གི་བོད་རིག་པའི་ཞིབ་འཇུག་གནས་བབ་དང་། ལྷག་དོན་བོད་ཀྱི་སྲོལ་རྒྱུན་རིག་གནས་རང་ངོས་ལ་རྒྱུས་མངའ་ཅུང་གཏིང་ཟབ་མོ་ཞིག་ཡོད་པ་དེ་རེད། ཚོགས་འདུའི་བར་གླགས་ནས་ཕན་ཚུན་གཅིག་ངོ་གཅིག་འཕྲོད་ཀྱི་ལབ་གླེང་སྣ་ཚོགས་བརྒྱུད། ངས་ཁོ་རང་ཞིབ་འཇུག་སློབ་མ་ལས་ཐོན་རྗེས་ང་ཚོ་ཀན་སུའུ་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ཁང་དུ་ལས་གནས་སྤོར་འདོད་ཡོད་པ་ཚོར་བྱུང་། ཁོང་གི་ལྷག་བསམ་ཟོལ་མེད་ཀྱི་དྲང་གཏམ་དང་། སྐད་ཡིག་རིགས་གསུམ་ལ་གཞན་དྲིང་མི་འཇོག་པའི་སྦྱངས་བརྩོན་འབུར་དུ་ཐོན་པའི་ཆ་རྐྱེན་དེ་ནི། སྐབས་དེར་ང་རང་གིས་གཞོན་རབས་པ་ཁོང་ལ་གདེང་འཇོག་ཚད་མཐོན་པོ་མི་འཇོག་རང་འཇོག་བྱུང་བའི་རྒྱུ་མཚན་གཙོ་བོ་ཞིག་ཡིན། སློབ་ཡུན་ལོ་གསུམ་མཇུག་སྒྲིལ་རྗེས་ཀྱི་2002ལོའི་ཟླ་7པར། ཁོ་རང་མ་ཡུམ་སློབ་གྲྭ་ལས་ཕྱིར་རྨ་ལྷོར་ལོག་སྟེ་སྔར་གྱི་ལས་གནས་སུ་མུ་མཐུད་བྱ་བ་ལས་ཤིང་། 2003ལོར་རྩ་འཛུགས་རིམ་པས་ཁོང་རྨ་ལྷོ་ཁུལ་མི་དོན་ཅུའུ་ཡི་འགོ་ཁྲིད་དུ་བསྐོ་བཞག་བྱས་ནས་སྲིད་འཛིན་བྱ་བའི་ལས་སུ་ཞུགས་མགོ་བརྩམས།

ལོ་མང་པོའི་རིང་། དམིགས་བསལ་གྱི་ས་བབ་དང་འབྲེལ་བའི་དབང་གིས། རེབ་གོང་དང་བླ་བྲང་བཀྲ་ཤིས་འཁྱིལ་གཉིས་བར་ཕན་ཚུན་འགྲོ་འོང་དང་འབྲེལ་འདྲིས་ནམ་ཡང་ཟམ་ཆད་མ་མྱོང་ཞིང་། ཡུལ་ཕྱོགས་གཉིས་བར་གྱི་རིག་གནས་འབྲེལ་བ་ནི་ཐོག་མཐའ་ཀུན་ཏུ་ཕན་ཚུན་སུ་སུ་ལའང་ཁ་འབྲལ་ཐབས་མེད་པའི་འཛིན་སྐྱོང་སྤེལ་རེས་ཀྱི་སྲོལ་མཐར་ཆགས་སུ་བཟུང་། ཕྱོགས་གཉིས་ཀའི་དགོན་པ་གྲྭ་ས་འཛུགས་སྲོལ་ནས་ཆོས་འཆད་ཉན་དགེ་འདུན་གྱི་སྡེ་སྐྱོང་ཚུལ། ལྟ་བའི་ཉམས་ལེན་ཐོས་བསམ་སྒོམ་གསུམ་བྱེད་སྟངས་ལ་སོགས་པ་ཚང་མ་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ལུགས་ཡིན་པ་གཅིག་འདྲ་ཡིན་པའི་ཆ་ནས་གཉིས་ཀ་མི་འགལ། བླ་བྲང་བཀྲ་ཤིས་འཁྱིལ་འདི་ཐོག་མར་ཕྱག་འདེབས་མཛད་པ་ནས་བར་དུ་བསྟན་པ་དར་ཚུལ་གྱི་ལོ་རྒྱུས་སྔ་ཞིང་། ནང་བཞུགས་རྟེན་དང་གཙུག་ལག་བཀའ་པོད་རི་བོའི་གཏོས་དང་མཉམ། བསྟན་པའི་བྱ་བ་ཐོས་བསམ་སྒོམ་གསུམ་དང་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལ་རྩེ་གཅིག་ཏུ་གཞོལ་བའི་བླ་མ་དགེ་བའི་བཤེས་གཉེན་གྱི་སྡེ་དར་ཞིང་རྒྱས་པའི་ཐོག ཆོས་འཆད་ཉན་དང་བསླབ་པ་སློབ་གཉེར་བྱེད་སྟངས་ཀྱི་སྲོལ་བཟང་སྔར་ཇི་བཞིན་བསྐྱངས་དང་དེང་མུ་འཐུད་སྐྱོང་མུས་ལགས་ན། བླ་བྲང་བཀྲ་ཤིས་ཀྱི་ཆོས་དུང་གཡས་སུ་འཁྱིལ་བའི་དགེ་འདུན་གྱི་འདུས་སྡེ་ཆེན་པོ་འདི་ལ་སྲོལ་རྒྱུན་རིག་གནས་ཀྱི་གཏེར་མཛོད་ཆེན་མོ་དང་། མདོ་སྨད་དབུས་གཙང་གཉིས་པ་ཞེས་བོད་མི་དད་ལྡན་སེར་སྐྱ་ཀུན་གྱིས་བསྐལ་བའི་བར་དུ་མངོན་པར་བསྟོད། རྒྱུ་མཚན་འདི་འདྲ་ཞིག་ལ་བསམ་བློ་སྔོན་དུ་བཏང་བས། ངེད་ཀན་སུའུ་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ཁང་འདི་ཐོག་མ་ཉིད་ནས་བླ་བྲང་བཀྲ་ཤིས་འཁྱིལ་ཆགས་ས་གཙོས་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་བཙུགས་པ་ལགས། རྫོང་མཁར་འདི་ནས་གསེར་ལྡན་ཆུ་བོ་དལ་གྱིས་འབབ་པའི་ལྷོ་ཕྱོགས་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་རམ་ལྷ་རིས་སྒྱུ་རྩལ་གྱི་ཕ་ས་གསེར་མོ་ལྗོངས་བར་དུ་ལམ་ཐག་སྤྱི་ལེ་བརྒྱ་ཐམ་པ་བརྒལ་ཙམ་མ་གཏོགས་མེད་པས། གསལ་བོར་བཤད་ན་ཡུལ་ཕྱོགས་འདི་གཉིས་ནི་རི་ཞིག་གི་ཕར་ནང་ཚུར་ནང་ལས་ཁད་ཐག་རིང་བོ་ཞིག་ཡེ་ནས་མིན། ལོ་ཟླ་དུ་མའི་རིང་། ངེད་ཞིབ་འཇུག་ཁང་གིས་ཞིབ་འཇུག་མི་སྣ་ཉུང་བའི་ཁར་མ་དངུལ་དཀོན་པའི་གནས་ཚུལ་འོག སྔར་བཞིན་དཀའ་བ་བརྒྱ་ཕྲག་གདོང་གིས་བསུས་ཏེ་ཞིང་ཆེན་རིམ་པ་དང་རྒྱལ་ཁབ་རིམ་པའི་ཞིབ་འཇུག་ལས་གཞི་གལ་ཆེན་དག་ཡོངས་འགྲུབ་བྱས་པ་ཡིན། ང་ཚོའི་ཞིབ་འཇུག་བྱ་ཡུལ་གྱི་ཁོངས་སུ་མདོ་སྨད་བོད་ཁམས་ཀྱི་རིག་གནས་ལོ་རྒྱུས་དང་། དམངས་སྲོལ་ཆོས་ལུགས། གཞུང་བཀའ་པོད་ལྔ་གཙོས་པའི་ནང་བསྟན་ཆོས་གཞུང་། དེ་བཞིན་གནམ་རིག་སྐར་རྩིས་ནས་དེང་སང་གི་སྲིད་འབྱོར་རིག་གསུམ་དང་མི་རིགས་སློབ་གསོ་སོགས་ཕྱོགས་སྣ་མང་པོ་འདུས། རེབ་གོང་ཡུལ་གྱི་བོད་མིའི་ཤེས་རིག་སྒྱུ་རྩལ་དང་། ཚོ་ཤོག་དམངས་ཁྲོད་ཀྱི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་རྫས་རྩ་ཤིན་ཏུ་ཆེན་པོ་དག་ལ། ང་ཚོ་ཞིབ་འཇུག་པའི་སྡེས་དེ་སྔོན་ནས་གདེང་འཇོག་ཚད་མཐོན་པོ་བྱེད་ཀྱིན་ཡོད། དེ་རིང་། ང་རང་འདིར་སྐུ་ཞབས་མཁར་རྩེ་རྒྱལ་གྱིས་བརྩམས་གནང་མཛད་པའི་ལྗིད་ཏིག་ཏིག་གི་རིག་གཞུང་བརྩམས་ཆོས་འདིར་ཀློག་པ་པོ་སུ་ཡང་མཇལ་མེད་པའི་ཐོག་མར་ཞལ་མཇལ་ཐུབ་པའི་སྐུ་བསོད་བྱུང་བས་ཧ་ཅང་དགའ་སྤྲོ་སྐྱེས། བརྩམས་ཆོས་འདི་ལས་ཁྱིམ་མཚེས་ཉེ་འཁོར་དུ་གྱུར་བའི་རེབ་གོང་དམངས་ཁྲོད་དུ་འདི་འདྲར་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་རྔམས་མཐུག་པོ་ཞིག་ཡོད་པ་ནི་བདག་གི་བློ་ཡུལ་ལས་འགོངས་པའི་ཚོད་དུ་འདུག་པ་དང་། འདི་ལས་དེ་སྔ་ཕལ་ཆེར་མི་སུ་ཡང་རེབ་གོང་དམངས་ཁྲོད་རིག་གནས་ཀྱི་གཏིང་ཟབ་སར་འཛུལ་ཏེ་རྒྱུ་ཆ་ཨང་དང་པོ་སྔོག་འདོན་དང་། ལེགས་སྒྲིག ཞིབ་འཇུག པར་སྐྲུན་བཅས་བྱས་མེད་པའི་བོད་གདོད་མའི་སྐབས་ཀྱི་རིག་གནས་སྣང་ཚུལ་གསོན་པོ་དེ་དག་གི་སྐོར་ང་ཚོའི་ཞིབ་འཇུག་ལས་གཞིའི་ཁྲོད་ད་སྔ་ད་རུང་སྟོང་ཆར་ལུས་ཡོད་པ་ཚོར་ལ། དམིགས་བསལ་གྱི་སྤྱི་ཚོགས་ལོ་རྒྱུས་དང་། དམིགས་བསལ་གྱི་འཚོ་སྡོད་ཁོར་ཡུག དམིགས་བསལ་གྱི་བསམ་བློ་དང་ལྟ་བའི་རྒྱབ་ལྗོངས་འོག་གྲུབ་པའི་དམིགས་བསལ་གྱི་རིག་གནས་སྣང་ཚུལ་འདི་འདྲ་ཞིག་དེང་སང་ཀན་སུའུ་བོད་ཁུལ་ཕར་ཞོག ཐ་ན་ཨ་མདོ་བོད་པའི་ཡུལ་ཁམས་གང་དུའང་མཐོང་དཀོན་པའི་ཚོད་དུ་འདུག་པ་ཡང་ངང་གིས་ཚོར་བྱུང་།

བོད་རིག་པའི་སྐོར་ལ་ཞིབ་འཇུག་དོན་གཉེར་བགྱིས་པའི་ལོ་གང་མང་རིང་། ངའི་སེམས་སུ་དུས་རྟག་པར་གསང་བ་བསམ་གྱིས་མི་ཁྱབ་པའི་རེབ་གོང་ཟེར་བའི་གནའ་བོའི་ཡུལ་གྲུ་འདིར་ནམ་ཞིག་གི་ཚེ་ངེས་པར་གོམ་པའི་འདེགས་འཇོག་སྤོས་ཏེ། འདི་གའི་དམངས་ཁྲོད་དུ་ཁྱབ་པའི་མར་དྲི་རྩམ་དྲིའི་རོ་མངར་མ་ཡལ་བའི་དམངས་སྲོལ་རིག་གནས་སྐོར་དེ་སྔོག་བཤེར་ཐེངས་གཅིག་བྱེད་དགོས་བསམ་ཡོད། འོན་ཀྱང་། ཕྱི་ནང་གི་རྒྱུ་རྐྱེན་གང་མང་དབང་གིས་ཁོ་བོའི་འདོད་དོན་འདི་ཐོག་མཐའ་བར་གསུམ་དུ་འགྲུབ་ཐུབ་མ་སོང་། དགའ་འོས་པ་ཞིག་ནི། 2001ལོའི་ཚོགས་འདུ་དེ་བརྒྱུད་ནས་ཁོ་བོས་སྐུ་ཞབས་མཁར་རྩེ་རྒྱལ་ལགས་ངོ་ཤེས་པས་མི་ཚད། དེའི་རྗེས་ཀྱི་ལོ་ངོ་དྲུག་གི་རིང་སྟེ། རིག་གཞུང་བརྩམས་ཆོས་འདི་ཐོག་མར་འབྲི་མགོ་བཟུང་བ་ནས་གཞུག་མཇུག་སྡོམ་དང་བཅས་པར་རེ་ཞིག་རྫོགས་རྟགས་བཀོད་པའི་བར་དུ། ངེད་གཉིས་རྟག་པར་ཕར་འགྲོ་ཚུར་འོང་དང་། འཕྲིན་ཡིག་གམ་ཡང་ན་ཐད་ཀར་ཁ་པར་གཏོང་རེས་ཀྱི་ལམ་ནས་འབྲེལ་ཟམ་རྒྱུན་ཆད་མ་མྱོང་། ཐོག་མ་ནས་ངས་ཁོ་རང་ངེད་ཞིབ་འཇུག་ཁང་དུ་ལས་གནས་སྤོར་རྒྱུ་ཁས་ལེན་བྱས་ཡོད་པའི་དོན་དེ་ཐོག་མཐའ་བར་དུ་ངའི་བསམ་འདུན་ལྟར་མ་བྱུང་མོད། འོན་ཀྱང་ངས་ཁོ་རང་ཅི་ནས་འཁྱོངས་དགོས་པ་ཕ་སེམས་བུ་ཐོག་ཏུ་བཅོལ་བ་ཇི་ལྟ་བུའི་རེ་བ་བླང་བྱ་དེ་ཅུང་མ་འགོར་བར་ང་རང་ལན་ཀྲུའུ་སློབ་ཆེན་དུ་ལས་གནས་སྤར་བ་དང་ཁོ་རང་གི་ལས་བབ་གོ་གནས་ལ་གློ་བུར་འགྱུར་ལྡོག་བྱུང་བའི་རྐྱེན་དབང་གིས་ཝུ་བའི་རླབས་ཕྲེང་གི་རྗེས་སུ་རྐང་བ་འགོད་པའི་ཚོད་དུ་སོང་མེད། ཁོང་གིས་རིག་གཞུང་བརྩམས་ཆོས་འདིར་འབད་པ་བརྒྱ་ཕྲག་གི་ངལ་བ་དང་དུ་བླངས་པ་དང་། རེབ་གོང་རིག་གནས་ཞིབ་འཇུག་གི་ཐད་བླངས་པའི་གྲུབ་འབྲས་གཟེངས་སུ་ཐོན་པ་འདིའི་ཐད་ནས་ཤེས་ཐུབ་པ་ནི། ཁོས་ཕ་ཡུལ་རེབ་གོང་གི་རིག་གནས་ལས་དོན་འཕེལ་རྒྱས་ལ་ལྷག་བསམ་ཚད་མེད་བཅངས་ཡོད་པ་དང་། རིག་གཞུང་ཞིབ་འཇུག་བྱེད་པ་དེ་མི་ཞིག་གི་སྐྱེ་བ་བླངས་པའི་མི་ཚེའི་རིན་ཐང་ངོ་མར་མཐོང་བ་དེ་ཡིན། ཞིབ་འཇུག་ལས་གཞི་འདི་འདྲ་ཞིག་ཁུར་དུ་ལེན་པ་ལ་དགོས་ངེས་ཀྱི་མ་དངུལ་སྐར་ལི་གང་མེད་པ་དང་། རང་བབ་སྲིད་ལས་དང་འཚོ་བའི་ཕྱོགས་ནས་འདོད་ཡོན་ལོངས་སྤྱོད་ཀྱི་བསླུ་བྲིད་ལ་བློ་གཏན་ནས་མ་ཕྱོགས་པར། ལས་ཞོར་ཁོམ་ལོང་བར་ནས་རིག་གཞུང་བརྩམས་ཆོས་གྱ་ནོམ་པ་འདི་འདྲ་ཞིག་རང་སྒེར་ཐོག་ནས་ལེགས་གྲུབ་བྱུང་བ་ནི། ཁོང་གིས་མེད་བརླག་ཏུ་འགྲོ་ཉེན་ལ་ཐུག་དང་ཐུག་བཞིན་པའི་རེབ་གོང་རིག་གནས་ཐད་ལོ་རྒྱུས་ཀྱིས་སྤྲད་པའི་འགན་ཞིག་ཕྲག་ཏུ་བླངས་པའམ་ཡང་ན་མྱུར་སྐྱོབ་ཀྱི་ལས་བབས་ལྕི་མོ་ཞིག་མ་སྐུལ་རང་འགུལ་གྱིས་དང་དུ་བླངས་པ་དེ་ཡིན།

2003ལོའི་ཚུན་དུ། སྐུ་ཞབས་ཁོང་གི་ཆེད་མའི་གདན་ཞུས་ལྟར་ང་རང་སྔ་གཞུག་རེབ་ཐེངས་གསུམ་ལ་རེབ་གོང་དུ་སོང་སྟེ་དམངས་ཁྲོད་ཀྱི་དྲུག་པའི་ཀླུ་རོལ་ཆེན་མོའི་ཆོ་གར་བལྟས་པ་ཡིན། དེ་ཡང་སྐུ་ཞབས་ཁོང་གི་གཏིང་ཟབ་ཅིང་ཞིབ་ཚགས་པ་དང་། གསལ་ཆ་རྒྱུས་མངའ་ཡོད་པའི་ངོ་སྤྲོད་མཚམས་སྦྱོར་ལ་བརྟེན་ནས། ང་རང་རེབ་གོང་དམངས་ཁྲོད་ཀྱི་དམངས་སྲོལ་རིག་གནས་ལ་རྒྱུས་ལོན་དེ་ལས་མང་བོ་བྱུང་བ་མ་ཟད། བྲིས་ཡིག་ཐོག་གི་རྒྱུ་ཆ་མེད་ཀྱང་མི་རབས་ནས་མི་རབས་བར་འདི་གའི་དམངས་ཁྲོད་དུ་ཁྱབ་པའི་རིག་གནས་སྣང་ཚུལ་གསོན་པོ་འདི་སྔོག་འདོན་དང་། ལེགས་སྒྲིག ཞིབ་འཇུག་བཅས་བྱེད་དགོས་པའི་ཁ་ཚ་དགོས་གཏུག་གི་རང་བཞིན་ལ་ཐོག་མར་ངེས་ཤེས་དྲག་པོ་སྐྱེས་པ་ནས་མཐའ་མར་བྲེལ་ཤ་ལངས་པ་བྱུང་། འོན་ཀྱང་ལས་འདི་སྒྲུབ་རྒྱུ་ལས་སླ་མོ་ཞིག་གང་ནས་ཡིན། རང་གཞན་གནས་སྐབས་མཐར་ཐུག་ཀུན་ཏུ་ཕན་བདེ་རྒྱ་ཆེན་པོ་མངའ་བའི་རིག་གནས་བྱ་གཞག་འདི་ཡོངས་སུ་འགྲུབ་དགོས་ན། འདིའི་ཐད་ཡུལ་དངོས་བརྟག་དཔྱོད་བྱེད་མཁས་པས་མི་ཚད་ཡུལ་འདིའི་དམངས་སྲོལ་དང་འཚོ་བའི་གནས་སྟངས་ངོ་མར་རྒྱུས་མངའ་གསལ་ཆ་ཡོད་པ་དང་། དེའི་ཁར་ད་དུང་རིག་གཞུང་སྡེ་ཚན་མི་འདྲ་བ་སོ་སོའི་ལྟ་ཟུར་ནས་དཔྱད་པ་གཏོང་ཤེས་པ་ཞིག་ངེས་པར་ཡིན་དགོས་ཏེ། གཡག་ཞར་གྱིས་རྩྭ་ཟ་བ་ལྟ་བུའི་རིག་པ་རྩིང་བོ་དང་། རྟ་རྒྱུགས་ཞོར་མེ་ཏོག་འཐུ་ཞོར་གྱི་ཡུན་ཐུང་འབད་པ་ཙམ། ཡང་ན་གཞན་གྱིས་བྲིས་པའི་ཡིག་ཆ་ཁུངས་དག་མི་དག་གཉིས་ཀ་དཔྱད་གཞིར་བཟུང་ནས་ཡར་བཅོས་མར་བསྣོག་བཅོ་བརྒྱད་བྱས་པ་ནི་སྣག་ཤོག་ཟད་གྲོན་གྱི་རྒྱུ་ཁོ་ན་ལས་འབྲས་བུ་ངོ་མ་ཞིག་ལེན་གང་ནས་ཐུབ། དེང་འདིར་རེབ་གོང་རིག་གནས་ཞིབ་འཇུག་ཕྱོགས་ནས་ཀུན་གྱི་སྣེ་ཁྲིད་པ་ལྟ་བུར་གྱུར་ཡོད་པའི་སྐུ་ཞབས་ཁོང་ཉིད་ནི། སྐབས་དེར་ང་རང་གིས་བློར་ཤིིན་ཏུ་བབས་པ་དང་དེ་ལས་འཚམ་པོ་མེད་པའི་མི་ཞིག་ཡིན། བརྩམས་ཆོས་འདི་འབྲི་མགོ་རྩོམ་སྐབས། ངས་ཁོ་བོར་ལྷག་བསམ་རྣམ་དག་གི་རེ་བ་ཞིག་བཏོན་པ་ནི། རེབ་གོང་དམངས་ཁྲོད་ཀྱི་དམངས་སྲོལ་དད་མོས་འདིར་གཏོགས་པའི་རིག་གཞུང་ཞིབ་འཇུག་གི་སྟོང་ཆ་དེ་ཁྱོད་ཀྱིས་ཁ་བསྐོང་དགོས་ཏེ། ཁྱོད་ཀྱིས་ད་གཟོད་ལས་འདི་ཚེགས་མེད་དུ་འགྲུབ་ངེས་པར་བདག་ལ་ཡིད་ཆེས་ཡོད་ཅེས་བཤད་མྱོང་། ལོ་ཧྲིལ་བོ་དྲུག་གི་འབད་པ་དོན་གཉེར་བརྒྱུད། སྐུ་ཞབས་ཁོང་གི་《འཇིག་རྟེན་མཆོད་བསྟོད་》ཅེས་པའི་རིག་གཞུང་བརྩམས་ཆོས་འདི་རྣམ་པ་གསར་རྐྱང་གི་ཁྱད་ཆོས་དང་བཅས་རྒྱ་ཆེའི་ཀློག་པ་པོ་དང་ཞལ་མཇལ་བྱུང་སོང་། འདིར་ཁོ་བོས་དྲི་མེད་ལྷག་བསམ་གྱི་རང་མདངས་འཛིན་པའི་ལྷ་དར་དཀར་པོ་སྲིད་དུ་རིང་བ་ཞིག་ཐོད་དུ་བཀྱགས་ནས་རྟེན་འབྲེལ་བཀྲ་ཤིས་ཁ་གཡང་ཞིག་བོས་པ་ཡིན། དེའི་ཞོར་ལ་རྩོམ་པ་པོ་ཁོང་རང་ཉིད་ཀྱི་རེ་བ་ལྟར་གཞུང་དངོས་ལ་འཇུག་པའི་ཐོག་མར་བསྔགས་བརྗོད་མེ་ཏོག་གི་ཕྲེང་བས་སྔོན་བསུ་བའི་ཀླད་ཀྱི་གཏམ་ཞིག་འབྲི་རྒྱུའི་གོ་སྐབས་བྱུང་བ་ལ་དགའ་བ་ཚད་མེད་དང་བཅས། འདིར་རིག་གཞུང་བརྩམས་ཆོས་འདི་ལ་ང་རང་ཉིད་ཀྱི་དཔྱད་པ་གདེང་འཇོག་ཙམ་ཞིག་མཁྱེན་དཔྱོད་ཡངས་པའི་མཁས་པ་རྣམ་པ་དང་བློ་གཟུ་བོར་གནས་པའི་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་འགོད་ཁུལ་བགྱི་བ་ལ།

དང་པོ། ཕྱོགས་སྣ་མང་པོ་ནས་རྒྱུ་ཆ་སྔོག་འདོན་བྱས་ཏེ། རྩད་གཅོད་ཞིབ་འཇུག་གཏིང་ཟབ་མོ་གནང་ཡོད་པ།

རྩོམ་པ་པོ་ཁོང་ཉིད་རེབ་གོང་ནས་སྐྱེས་པའི་མི་ཞིག་ཡིན་པའི་ཆ་ནས། འདི་གའི་སྲོལ་རྒྱུན་རིག་གནས་ཀྱི་བག་ཆགས་གཏིང་ཟབ་མོ་ཞིག་ཆུང་དུས་ནས་རྒྱུད་ལ་ཤུགས་ཀྱིས་བསྒོས་ཡོད་པ་དང་། རེབ་གོང་གི་ཕྱི་སྣོད་ཀྱི་བཀོད་པ་རང་བྱུང་ཁོར་ཡུག་དང་། ནང་བཅུད་ཀྱི་སེམས་ཅན་སྐྱེ་འགྲོའི་བྱ་བྱེད་ལས་གསུམ་ཚང་མར་གསལ་ཆ་ཡོད་པ་ལས་གཞན། ཡུལ་འདིའི་སྐད་ཡིག་རིག་གནས་དང་། ཡུལ་སྲོལ་གོམས་གཤིས་ལ་སོགས་པར་རྒྱུས་ལོན་གཏིང་ཟབ་མོ་ཡོད་པས་ན། འདི་དག་ཚང་མ་ཁོས་རང་གི་ཕ་ཡུལ་གྱི་རིག་གནས་ལ་ཞིབ་འཇུག་བྱེད་པའི་དགོས་ངེས་ཆ་རྐྱེན་ཨང་དང་པོ་ཡིན་པ་ནི་སྨྲོས་མ་དགོས་ལ། ཁོའི་ལུས་སྟེང་དུ་རང་བཞིན་ལྷན་སྐྱེས་ཀྱིས་འཛོམས་པའི་མཐུན་རྐྱེན་འདི་འདྲ་ནི། མི་རིགས་གཅིག་ཡིན་རུང་ཡུལ་ཁོངས་གཞན་ནས་ཡིན་ན་ཁོ་རང་དང་བསྡུར་ཐབས་ཡོད་མ་ཡིན། དཔེ་ཆའི་ནང་དྲངས་ཡོད་པའི་རྩད་ཞིབ་ཡིག་ཆ་གང་མང་ཞིག་ནི། རེབ་གོང་རིག་གནས་ཀྱི་གཏེར་མཛོད་ཆེན་མོའི་ནང་ཁོང་ཆུང་དུས་ནས་ཐོས་རྣ་བྱང་དང་མཐོང་མིག་བྱང་དུ་གྱུར་བའི་བརྗོད་བྱ་རྐྱང་རྐྱང་ཡིན་གཤིས། ཞིབ་འཇུག་རྒྱུ་ཆ་འདི་འདྲ་བ་ཁོ་རང་ལ་མཚོན་ལ་ལས་སླ་བོས་རག་ཐུབ་མོད་ཀྱང་གཞན་རྣམས་ལ་མཚོན་ན་ཧ་ཅང་དཀའ་མོ་ཡིན། རྩད་གཅོད་ཞིབ་འཇུག་གང་མང་བགྱིས་པའི་རྨང་གཞིའི་སྟེང་ཡོངས་ཁྱབ་ཏུ་སྔོག་འདོན་ལེགས་སྒྲིག་བྱས་ཏེ་ཇི་བཞིན་ཡིག་ཐོག་ཏུ་བཀོད་པའི་ཟིན་ཐོ་དག་ནི་དཔེ་དེབ་འདིའི་འཛད་མེད་ཀྱི་རྒྱུ་ཆའི་ཐོན་ཁུངས་ཡིན། འབྲེལ་ཡོད་བརྗོད་བྱ་དང་བརྗོད་དོན་ཁ་ཚང་ཕྱོགས་གཅིག་ཏུ་བསྡུ་རུབ་བྱས་པ་ནི་རྩོམ་པ་པོའི་དུས་ཡུན་ཐུང་ཐུང་རིང་གི་འབད་པ་ཙམ་གང་ནས་ཡིན་ཏེ། གཞུང་ལུགས་དང་ལག་ལེན་ཕན་ཚུན་ཟུང་འབྲེལ་གྱིས་ཚོ་སྡེ་ཁྱིམ་གྲོང་དང་དམངས་ཁྲོད་དུ་ཟབ་ཞུགས་དང་། མི་དམངས་མང་ཚོགས་དང་ཁྱད་པར་དུ་འཇིག་རྟེན་གནའ་མི་རྒན་པོར་ཁ་འདྲི་བློ་འདྲི་བྱས་པའི་སྔོན་འགྲོའི་འོག རང་གི་མཐོང་སྣེ་དང་ལྟ་ཟུར་མི་འདྲ་བ་ཕྱོགས་སྣ་མང་པོའི་ཐོག་ནས་རྒྱུས་ལོན་གཏིང་ཟབ་མོ་བྱས་པས། ད་གཟོད་འབྲས་བུའི་ཁུར་གྱིས་ལྗིད་པ་དང་དྲི་ཞིམ་ཕྱོགས་བཅུར་འཐིབས་པའི་གདོད་མའི་རིག་གནས་ཀྱི་གསོས་གྱ་ནོམ་པ་འདི་འདྲ་ཞིག་ལན་སོན་བྱུང་། རེབ་གོང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་དང་། ཡུལ་འདིར་རིག་གནས་ཕུན་སུམ་ཚོགས་པ་འདི་འདྲ་ཞིག་ཡོད་པར་གཞན་རྣམས་ལ་དྲིལ་སྒྲོག་བྱེད་རྒྱུར་སྤྲོ་བ་རབ་ཏུ་བརྟས་པའི་སྐུ་ཞབས་ཁོང་ཉིད་ཀྱིས། ཞིབ་འཇུག་གི་ལས་གཞི་འདིའི་ཐད་སྒྲུབ་པའི་རྨང་གཞིའི་ལས་ཀ་དེ་ངོ་མ་བཤད་ན་ཧ་ཅང་ཏན་ཏིག་དང་གཟབ་ནན་ཡིན་པ་རེད། འདི་གའི་དམངས་ཁྲོད་དུ་ཟབ་འཇུག་བྱས་པའི་རྨང་གཞི་མི་འདྲ་བའི་དབང་གིས། རྩད་གཅོད་ཞིབ་འཇུག་ཁྲོད་གནད་དོན་གར་ཡོད་འཚོལ་བ་དང་དེ་ཐག་གཅོད་བྱེད་པའི་དཀའ་ས་གནད་ས་གར་ཡོད་ངོས་འཛིན་ཕྱོགས་ཀྱང་རང་བཞིན་གྱིས་མི་འདྲ། དེས་ན་སྐུ་ཞབས་ཁོང་ཉིད་ཀྱིས་རེབ་གོང་གི་དམངས་སྲོལ་རིག་གནས་སྐོར་བྲིས་པ་དང་གཞན་གྱིས་བྲིས་པ་གཉིས་མི་འདྲ་སྟེ། ད་སྔ་བལྟས་ན་ཞིབ་འཇུག་གི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་ཐད་ནས་གཞན་དང་ཁྱད་པར་ཧ་ཅང་ཆེན་པོ་ཡོད་དེ། རིག་གཞུང་བརྩམས་ཆོས་འདིའི་རིན་ཐང་གཙོ་བོ་ཡང་འདིའི་ནང་དུ་མ་འདུས་པ་མེད་སྙམ།

དཔེ་ཆ་འདིའི་ས་བཅད་དང་ལེའུ་རེ་རེའི་གཤམ་དུ་བཀོད་པའི་ཟུར་མཆན་ལས་ང་ཚོས་ཤེས་ཐུབ་པ་ནི། སྐུ་ཞབས་ཁོང་གིིས་རྒྱ་བོད་དབྱིན་གསུམ་གྱི་ཡིག་རིགས་སྣ་ཚོགས་ཐོག་ནས་འབྲེལ་ཡོད་ཟུར་ལྟའི་དཔྱད་གཞི་སྣ་ཚོགས་ལྟ་ཀློག་བྱས་ཏེ་ཁུངས་གསལ་བོར་དྲངས་ཡོད་པའི་ཁར། དམངས་ཁྲོད་དུ་ཁ་འདྲི་རྩད་གཅོད་བྱས་པའི་མི་དག་ཕལ་ཆེར་ལོ་དྲུག་ཅུ་ཐམ་པ་ཡན་གྱི་ལོ་ལོན་རྒན་པ་རྐྱང་ཡིན་ལ། ལ་ལ་ཞིག་ལོ་བརྒྱད་ཅུ་དགུ་ཅུར་སོན་པའི་གནའ་མི་ཧ་ཅང་རྒན་གྲས་ཡིན་པ་རེད། འདིར་ཁོ་ཚོས་ཤོད་པའི་ལྷ་སྒྲུང་ངག་རྒྱུན་དང་། ཆུང་དུས་ཁོ་རང་ཚོ་དངོས་སུ་གོ་ཐོས་མྱོང་གསུམ་བརྒྱུད་པའི་དོན་དག་དེ་དག་ལ་ཡིད་རྟོན་ཆོག་མིན་དང་བདེན་ཡོད་དུ་གྲུབ་མིན་བཤད་རྒྱུ་མིན་པར། ཐོག་མར་ཁ་ཚོན་བཅད་ཆོག་པ་ཞིག་ནི། གནའ་མི་རྒན་པོའི་ཁ་ཡི་ངག་སྒྲུང་འདི་རིག་གནས་སྣང་ཚུལ་ཁྱད་པར་བ་ཞིག་ཡིིན་པའི་ཆ་དང་། དེ་དག་རང་རིགས་བྱེ་བ་གྲངས་མེད་ཀྱི་ཕ་མེས་གོང་མ་དག་གི་བསམ་བློའི་ཁྱབ་ཁོངས་སུ་ནམ་ཡང་གསང་བ་མི་མངོན་པའི་ཚུལ་གྱིས་གནས་པ་ཞིག་ཡིན་པའི་ཆ་ནས། གདོད་མའི་ཆོས་དད་དང་སྲོལ་རྒྱུན་ལྟ་བ་རྙིང་བས་ཕྱི་ནང་རིམ་པ་དགུ་བརྩེགས་སུ་བཏུམས་པའི་གསང་བའི་ཡོལ་རས་དེ་ཧུར་གྱིས་འབྱེད་པ་ལ། བོད་དམངས་ཁྲོད་ཀྱི་ཆོས་ལུགས་རིག་གནས་སྣང་ཚུལ་འདི་རང་ངོས་ནས་མ་གཏོགས་གཞན་དུ་དྲིས་ལན་ངོ་མ་དེ་ལོགས་སུ་བཙལ་རྒྱུ་མེད་པ་དེ་ཡིན། སྐུ་ཞབས་ཁོང་གིས་དུས་ཚོད་དང་སེམས་ཤུགས་མི་ཉུང་བ་ཞིག་བཀོལ་ནས་རེབ་གོང་དམངས་ཁྲོད་དུ་ཁྱབ་པའི་རྒྱུ་ཆ་ཐར་ཐོར་དུམ་བུ་རིང་ཐུང་སྣ་ཚོགས་བྱེའུས་རྒུམ་འབུ་འཐུ་འཐུ་བྱས་ནས་གཞོགས་གཅིག་ཏུ་ཕྱོགས་བསྡུས་དང་། ཚན་རིག་དང་མཐུན་པའི་སྒོ་ནས་མུ་ཏིག་སྲད་ལབརྒྱུས་པ་ལྟར་ཕན་ཚུན་གོང་བསྒྲིགས་པར་མ་ཟད། དེ་དག་གཞུང་ལུགས་གཏིང་ཟབ་མོ་ཞིག་གི་ཚད་དུ་བཞག་ནས་དཔྱད་པ་བཏང་ཡོད་པ་དང་། དཔེ་དེབ་འདིའི་རྩ་བའི་གཞུང་ལུགས་ཀྱི་རྐང་རྡོའམ་མ་སྒྲོམ་དེ་རིག་གཞུང་རྐྱང་བའི་ངོས་ནས་བསམ་བློ་བཏང་བ་ཞིག་རེད་འདུག གཞུང་དངོས་ཀྱི་སྐབས་སུ་བོད་གདོད་མའི་དམངས་སྲོལ་དང་། གདོད་མའི་ཆོས་ལུགས། བོད་སྔ་རབས་ཀྱི་རིག་གནས་ལོ་རྒྱུས། གཞན་ཡང་སྔ་དུས་བོད་ཀྱི་དམག་དོན་དང་འབྲེལ་ཡོད་ས་རྒྱུས་ཤེས་བྱ་དང་། གནའ་མིས་ལྷ་ཀླུ་གཉན་བཙན་ལ་མཆོད་བཀུར་ཕུལ་ཏེ་ཆར་ཆུ་དུས་སུ་འབབ་པ་དང་། འབྱུང་ཁམས་དོ་སྙོམས་ཡོང་བ། རིགས་དྲུག་སེམས་ཅན་འདྲ་མཉམ་འཆམ་མཐུན་ཡོང་བའི་བབ་ཆགས་ཀྱི་མཚན་ཉིད་རིག་པའི་བསམ་བློ་ཡང་ངང་ངམ་ཤུགས་ནས་བརྗོད་ཡོད་པ་རེད། དེ་ལས་ཀྱང་བོད་ཀྱི་ལྷ་སྲིན་སྡེ་བརྒྱད་ཀྱི་སྐོར་དང་ཡུལ་ལྷ་གཞི་བདག་གི་གསོལ་མཆོད་སྐོར་དེ། ཞིབ་འཇུག་གི་ངལ་བ་ལྷུར་ལེན་པ་ལ་མ་གཞི་ནས་དཀའ་རྙོག་ཆེས་ཆེ་བ་ཞིག་ཡིན་མོད། འོན་ཀྱང་སྐུ་ཞབས་ཁོང་ཉིད་བོད་མིའི་བླ་སྲོག་ལ་ཐུག་པའི་རིག་གནས་བསམ་བློའི་གཏིང་རུམ་དུ་སྤོབས་པས་འཛུལ་ཏེ། རང་རིག་རྩལ་ཏུ་སྦྲུགས་ནས་དབྱེ་ཞིབ་རྒྱས་ཙམ་བྱས་འདུག ཚིག་སྦྱོར་ཁ་གསལ་ཞིང་གོ་བདེ་བ་དང་། བརྗོད་བྱའི་དོན་འབུར་དུ་བཏོན་ཡོད་པས། ལྷ་སྲིན་སྡེ་བརྒྱད་དང་ཡུལ་ལྷ་གཞི་བདག་གི་གསོལ་མཆོད་སྐོར་དེ་བརྩམས་གཞུང་འདིའི་དོན་གནད་ཆེས་གལ་ཆེན་དུ་གྲུབ་འདུག དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། བརྩམས་ཆོས་འདི་ལེགས་གྲུབ་བྱུང་བ་འདིས། བོད་ཀྱི་དམངས་སྲོལ་རིག་གནས་ཞིབ་འཇུག་ཁོངས་གཏོགས་ཀྱི་བར་སྟོང་དེ་ཁ་གསབ་བྱས་ཡོད་པ་མ་ཟད། ཞིབ་འཇུག་བྱེད་མཁན་རྣམས་ལ་ནང་དོན་ཕུན་སུམ་ཚོགས་པའི་དཔྱད་གཞིའི་ཡིག་ཆ་ཞིབ་རྒྱས་ཤིག་མཁོ་འདོན་དང་། ཀློག་པ་པོ་རྣམས་ལ་རིག་གནས་འདི་འདྲ་ཞིག་དར་བའི་ཡུལ་དང་དུས་ཀྱི་མྱོང་ཚོར་མི་འདྲ་བ་ཞིག་སྦྱིན་ངེས་པ་ཡིན།

གཉིས། ཞིབ་འཇུག་བྱེད་ཐབས་རྣམ་པ་གསར་རྐྱང་ཡིན་ལ། ཁུངས་གཏུགས་སའི་ཡིག་ཚང་འཛོམས་པོ་ཡིན།

རྩོམ་པ་པོས་རིག་གཞུང་སྡེ་ཚན་མི་འདྲ་བ་སྣ་ཚོགས་ཀྱི་ལྟ་ཟུར་ནས། རང་བྱང་ཆ་ལྡན་པའི་བོད་རང་སྐད་ངོ་མའི་སྟེང་ནས་གཞུང་འདི་བརྩམས་གྲུབ་ལེགས་པར་བྱུང་ཡོད་པ་རེད། དེབ་འདི་ཀློག་སྐབས་ཀྱི་བདག་གི་ཚོར་རྟོགས་དང་པོ་ནི། བརྗོད་བྱའི་དོན་དང་བརྗོད་བྱེད་ཚིག་གང་ཆར་ནས་བལྟས་ན། དཔེ་ཆའི་མགོ་མཇུག་བར་གསུམ་ཚང་མར་རེབ་གོང་ས་གནས་ཀྱི་རིག་གནས་དྲི་བསུང་སྟུག་པོ་ཞིག་འཐིབས་འདུག་ལ། ནང་དོན་བརྗོད་བྱ་ཚང་མ་ཡང་བོད་མི་རིགས་ཀྱི་གནའ་སྔ་མོའི་སྲོལ་རྒྱུན་རིག་གནས་ཀྱི་རྒྱབ་ལྗོངས་མཐུག་པོའི་འོག་ཏུ། ཁུངས་ལུང་རྒྱབ་རྟེན་ཡོད་པ་དང་། བརྒྱུད་རིམ་གོ་རིམ་ལྡན་པ། ལེའུ་གོང་འོག་ཕན་ཚུན་ཟུར་བརྒྱན་རེས་ཀྱིས་རིམ་པར་བགྲོ་གླེང་བྱས་ཡོད་པའི་ཐོག དེང་སང་རྒྱལ་སྤྱིའི་སྟེང་རྒྱུགས་ཆེ་བའི་དམངས་སྲོལ་རིག་པ་དང་། ལྷ་ཆོས་རིག་པ། མི་རིགས་རིག་པ། རིག་གནས་མིའི་རིགས་རིག་པ་བཅས་རྣམ་པ་གསར་རྐྱང་གི་རིག་གཞུང་ཞིབ་འཇུག་བྱེད་ཐབས་སྤྱད་དེ་དཔྱད་པ་བཏང་ཡོད་པ་རེད། གལ་སྲིད་རྩོམ་པ་པོ་ཁོང་ཉིད་ཡིག་རིགས་སྣ་ཚོགས་དང་རིག་གཞུང་སྡེ་ཚན་གཞན་དག་སྐོར་གྱི་གཞུང་ལུགས་ཤེས་བྱར་མཁྱེན་རྒྱ་ཆུང་བ་ཞིག་ཡིན་ན། ཆུ་ཚད་འདི་འདྲ་ཞིག་གི་བརྩམས་ཆོས་ལེགས་གྲུབ་ཡོང་རྒྱུ་ནི་ཧ་ཅང་དཀའ་མོ་ཡིན་ངེས་སོ། ཁོང་གིས་ལེའུ་མང་པོའི་ནང་དུ་ནུབ་ཕྱོགས་མི་རིགས་རིག་པ་དང་འགྲོ་བ་མིའི་རིགས་རིག་པའི་རིག་གཞུང་ཤིང་རྟའི་སྲོལ་འབྱེད་མཁན་དང་། ཁྱད་པར་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བོད་རིག་མཁས་ཆེན་གང་མང་གི་གསུང་གནད་གལ་ཆེན་ཁུངས་དྲངས་ཏེ་རང་གི་གཞུང་ལུགས་ཀྱི་རྒྱབ་རྟེན་བྱས་ཡོད་པ་ནི་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འཁུམས། གོང་ནས་བཤད་ཟིན་པ་ལྟར། ལེའུ་དང་ས་བཅད་རེ་རེའི་འོག་ཏུ་ཟུར་མཆན་ཞིབ་མོ་བཏབ་ཡོད་པ་དང་། རྩོམ་པ་པོ་རང་ཉིད་ཀྱི་ཚེགས་བརྩོན་འགྲུས་ལ་བརྟེན་ནས་ཡུལ་དངོས་གང་རུང་ནས་བླངས་པའི་ཚོན་པར་མང་པོ་ཞིག་རྩ་བའི་ནང་དོན་དང་སྦྲགས་མར་སྤེལ་ཡོད་པ་དེ་ནི་གཟབ་ནན་ཏན་ཏིག་གི་སྤྱོད་སྟངས་དང་འགན་འཁྲིའི་རྣམ་འགྱུར་ཧ་ཅང་ཡག་པོ་ཞིག་ཡིན་པར་མ་ཟད། བརྩམས་ཆོས་འདི་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བའི་སྔོན་འགྲོ་གལ་ཆེན་ཞིག་ཀྱང་ཡིན། དེང་སང་གི་བོད་རིག་པའི་ཞིབ་འཇུག་བྱེད་ཕྱོགས་ནི། མི་རྣམས་ཀྱིས་ཞིབ་འཇུག་བྱེད་ཐབས་མི་འདྲ་བ་སྣ་ཚོགས་བཀོལ་བར་སྐུལ་ལྕག་དང་། རང་རང་གི་རིག་གཞུང་ལྟ་བ་འདོན་པར་བརྩི་མཐོང་བྱེད་པ་ཡིན། ཕན་ཚུན་བརྩི་བཀུར་དང་ཕན་ཚུན་ཡིད་ཆེས་ཀྱི་སྟེང་ནས་མཁས་བརྒྱ་འགྲན་གླེང་བྱེད་པའི་ཁ་ཕྱོགས་གསར་བ་འདིས། དེང་སང་གི་བོད་ཀྱི་རིག་པ་སྨྲ་བ་རྣམས་སྔོན་ཆད་ཆོས་ལུགས་ཀྱི་ལྟ་བའི་ལངས་ཕྱོགས་ནས་འགྲེངས་ཏེ་ལོ་རྒྱུས་དང་རིག་གནས་སྣང་ཚུལ་འགྲེལ་བརྗོད་དང་། ལུང་རིགས་ཀྱི་རྒྱབ་རྟེན་བཙུན་པོ་མཐའ་གཅིག་ཏུ་བླ་རྒྱུད་མཁན་རབས་གང་ཞིག་ལ་གཏུགས་ཅི་ཐུབ་ཀྱིས་གཞན་གྱི་ཟེར་རྗེས་འབྲངས་བ་མིན་ན་འོལ་ཚོད་ཀྱིས་གཡམ་ལ་རྒྱུགས་པར་ཡིད་སུན་པ་མཚོན་ལ། ཨུ་ཚུགས་མཁྲེགས་བཟུང་གི་མཁས་རྟགས་སྟོན་སྲོལ་འདི་དེང་སང་གི་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱེད་ཐབས་ཀྱིས་ཕར་གཡུགས་ཚར་བ་དང་། མར་ཁེ་སིའི་རྩོད་སྒྲུབ་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལྟ་བའི་ལངས་ཕྱོགས་ནས་མི་རིགས་ཀྱི་རིག་གནས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་སྲོལ་བཟང་དེ་རིམ་པར་ཆགས་ཡོད་པ་འདི་ཡིན། དེ་བས་སྐུ་ཞབས་མཁར་རྩེ་རྒྱལ་ལགས་ཀྱིས་བརྩམས་གཞུང་འདིར་བཅངས་པའི་རིག་གཞུང་གི་ལྟ་བ་དང་ལངས་ཕྱོགས་ནི་ཡང་དག་པ་ཡིན་ཏེ། དེང་སང་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ཞིབ་འཇུག་ཁྲོད་རྒྱུགས་ཆེ་བའི་ཞིབ་འཇུག་ཐབས་ལམ་ཧུར་བརྩོན་གྱིས་ཚུར་འདྲེན་བྱས་ཡོད་པའི་ཁར། སྲོལ་རྒྱུན་བཟང་བོ་མུ་འཐུད་འཛིན་སྐྱོང་སྤེལ་གསུམ་དང་། དེང་རབས་མཁོ་ཆ་ཕྱོགས་ཡོངས་ནས་ཚུར་ལེན་བྱས་ཡོད་པས་ན། རིག་གཞུང་བསམ་བློ་དང་ཞིབ་འཇུག་བྱེད་ཐབས་རང་ངོས་ནས་བཤད་ན་ཐོད་བརྒལ་གསར་བ་ཞིག་གི་རྟགས་མཚན་ཀྱང་ཡིན་པར་སེམས་སོ། 

གསུམ། བརྩམས་གཞུང་འདིའི་རིན་ཐང་དང་དོན་སྙིང་གཙོ་བོ།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་ལས་རིགས་ཐད་འཕེལ་རྒྱས་སྔ་ན་མེད་པ་བྱུང་བ་དང་། ཁྱད་པར་དུ་མཚོ་བོད་ལྕགས་ལམ་ཁྱོན་ཡོངས་སུ་ཤར་རྒྱུགས་བྱུང་ཐུབ་པ་འདིས། མཚོ་སྔོན་གྱི་མི་རིགས་དམངས་སྲོལ་རིག་གནས་ལྗོངས་རྒྱུའི་ལས་དོན་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གཟི་བྱིན་གསར་བ་བསྣན་ཅིང་། མཚོ་སྔོན་གྱི་མི་རིགས་སྣ་འདུས་རང་བཞིན་པའི་རིག་གནས་ལ་ཕྱིའི་འཇིག་རྟེན་མིའི་དོ་ཁུར་ཆེན་པོ་བྱུང་། རྨ་ལྷོ་ཁུལ་གྱིས་འཕེལ་རྒྱས་ཀྱི་སྐབས་གླགས་འདི་དང་བསྟུན་ཏེ། རང་གི་མཚན་སྙན་གླིང་ལ་གྲགས་པར་དྲིལ་སྒྲོག་ཤུགས་ཆེན་བྱེད་ཀྱིན་ཡོད་ཅིང་། རེབ་གོང་ལྷ་རིས་སྒྱུ་རྩལ་དེ་ཐོན་ལས་ཅན་གྱི་ཚོང་ལམ་དུ་ཇི་ལྟར་ཞུགས་རྒྱུ་དང་། ཕྱིའི་མ་དངུལ་ཇི་ལྟར་ནང་འདྲེན་བྱས་ཏེ་ལྗོངས་རྒྱུའི་ཁོར་ཡུག་ཇེ་ལེགས་ཇེ་མཛེས་སུ་གཏོང་བ་དང་། དེ་ལ་བརྟེན་ནས་ས་ཁུལ་འདིའི་ཡུལ་སྐོར་རིག་གནས་བྱ་གཞག་ཇི་ལྟར་གོང་ནས་གོང་དུ་སྤེལ་བ། རྨ་ལྷོའི་དཔལ་འབྱོར་སྤྱི་ཚོགས་ལྷག་ཏུ་བཟང་ཞིང་དེ་ལས་མགྱོགས་པའི་སྒོ་ནས་དར་རྒྱས་འབྱུང་བར་བསམ་བློ་གཏོང་བཞིན་ཡོད་པ་རེད། རྨ་ལྷོའི་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་འབེན་དང་རིགས་ལམ་འདི་ནི་མིག་རྒྱང་རིང་བའི་ལས་སྟངས་ཤིག་ཡིན་པས། རྨ་ལྷོའི་འཕེལ་རྒྱས་ཀྱི་འགྲོ་ལམ་དང་མཐུན་པ་ཡིན། རྨ་ལྷོ་ཁུལ་དུ་མཚར་སྡུག་འོད་སྟོང་བཀྲ་བའི་མི་རིགས་རིག་གནས་དང་། སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྲོལ་གོམས་འདྲིས། མཚན་སྙན་གྲགས་པ་འབར་བའི་རེབ་གོང་སྒྱུ་རྩལ། དེ་མིན་གནའ་རབས་ཁྱད་ཆོས་ལྡན་པའི་མཇལ་སྐོར་ལྟ་སྐོར་བྱེད་ས་སོགས་གང་མང་ཡོད་པས། འདི་དག་ཐམས་ཅད་ནི་སྔོག་འདོན་བྱས་ན་བྱེད་རིན་ཡོད་པ་དང་། ཚོང་རའི་དགོས་མཁོར་ཁ་གཏད་ཆོག་ཆོག་ཡིན་པའི་རིག་གནས་ཐོན་ཁུངས་གྱ་ནོམ་པ་ཞིག་ཡིན་པ་རེད། དཔེར་ན། རེབ་གོང་ཡུལ་འདི་ཁོ་ནར་ཡོད་པ་དང་ས་གནས་ཡུལ་ཁོངས་ཀྱི་ཁྱད་ཆོས་གྲ་མ་ཉམས་གྲུ་མ་ཆག་པར་བཟུང་ཡོད་པའི་དམངས་སྲོལ་ཆོས་ལུགས་རིག་གནས་ཏེ། རེབ་གོང་གི་དྲུག་པའི་ལྷ་ཟླ་ཆེན་མོ་ཁོ་ནར་ཆ་མཚོན་ནའང་དེས་ཕྱི་མགྲོན་ནང་འབོད་ཀྱི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་ཅིང་། དམངས་སྲོལ་རིག་གནས་འདི་ལྟ་བུ་ང་ཚོ་ཀན་སུའུ་བོད་ཁུལ་དུ་མཚོན་ན་སྔ་ས་ནས་མིང་གི་ལྷག་མ་ཙམ་དུ་གྱུར་ཚར་འདུག རེབ་གོང་སྒྱུ་རྩལ་ལ་མཚོན་ནའང་། སྲོལ་རྒྱུན་གྱི་ལྷ་རིས་འབྲི་བཞེངས་བྱེད་པའི་སོར་རྩལ་དེ་རེབ་གོང་སྒྱུ་རྩལ་གྱི་མཚོན་ཐབས་གཙོ་བོ་ཞིག་ཡིན་མོད་ཀྱི། ལོ་རྒྱུས་དུས་བབ་དང་ཁྲོམ་རའི་དཔལ་འབྱོར་གྱི་དགོས་མཁོ་གསར་བའི་འོག་ཏུ། རེབ་གོང་སྒྱུ་རྩལ་གྱིས་དགོན་སྡེ་དང་དད་ལྡན་མང་ཚོགས་ཁོ་ནར་ཞབས་འདེགས་ཞུ་བའི་སྲོལ་རྙིང་དེ་ཡལ་བར་དོར་ནས། སྤོབས་པ་ཆེར་བསྐྱེད་ཀྱིས་རང་ཉིད་ཀྱི་འཕེལ་ཕྱོགས་དང་འཚམ་པའི་བགྲོད་ལམ་གསར་བ་འཚོལ་སྙེག་དང་། རང་འགུལ་གྱིས་རེབ་གོང་གི་ལྷ་རིས་སྒྱུ་རྩལ་ཁྲོམ་ར་ཞིག་བསྐྲུན་ཐབས་བྱ་དགོས། རེབ་གོང་རིག་གནས་གཙོས་པའི་མཚོ་བོད་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་དེ། ལྷ་རིས་སྒྱུ་རྩལ་གྱི་བརྗོད་བྱའི་རྐང་དུ་ཇི་ལྟར་འགྱུར་རྒྱུའི་ཐད་དུ་ང་ཚོ་རིག་གནས་ལས་ཀ་གཉེར་མཁན་དག་ལ་བློ་ཐབས་བཀོད་ཡོད་ན་འདོན་དགོས་པ་དང་། འདི་ལྟར་བྱས་ན་ད་གཟོད་རེབ་གོང་རིག་གནས་སྒྱུ་རྩལ་གྱི་ཐུན་མིན་རང་གཤིས་དེ་ཇི་སྲིད་བར་དུ་ཉམས་པ་མེད་ཅིང་། འདི་ལྟར་བྱས་ན་ད་གཟོད་བོད་གངས་ཅན་པའི་རིག་གནས་སྒྱུ་རྩལ་གྱི་ཚེ་སྲོག་གི་སྟོབས་ཏེ་ཇེ་རྒྱས་ཇེ་དྲག་ཏུ་འགྲོ་ངེས་པ་ཡིན། སྒྱུ་རྩལ་གྱི་ཕ་ཡུལ་ཀྲུང་གོ་རེབ་གོང་ཞེས་བསྔགས་པ་དོན་དང་མཐུན་པའི་གནས་མཆོག་འདི་ལ། ?ལོ་རྒྱུས་རིག་གནས་ཀྱི་མཁར་གྲོང་གསོན་པོ་དང་། ས་སྐྱེས་རྡོ་སྐྱེས་ཀྱི་བོད་པའི་རིག་གནས་འཁྲུངས་ས།རིག་གནས་ཐོན་ལས་ཅན་གྱི་དཔེ་སྟོན་གཞི་ས་?ཞེས་ཆེ་བ་གསུམ་ལྡན་གྱི་ཚད་དུ་བཞག་ཡོད་པ་ནི་ངེས་པ་དོན་དང་ལྡན་ལ། ཚད་གཞི་འདི་གསུམ་གྱི་ནང་དུ་བོད་རང་སྐྱོང་ཁུལ་འདི་ལ་སྔོག་འདོན་དང་བཀོལ་སྤྱོད་བྱས་ཆོག་པའི་ཁྱད་སྟོབས་ཐོན་ཁུངས་ཇི་འདྲ་ཡོད་པ་དང་། མ་འོངས་འཕེལ་རྒྱས་ཀྱི་མདུན་ལྗོངས་དེ་ཇི་འདྲར་རྒྱ་ཆེ་ཞིང་ཁོད་ཡངས་ཚུལ་བརྒྱ་བཤད་ཚིག་གི་རྩ་བར་བསྡུས་ཡོད་པ་རེད། ཡང་གཅིག་བཤད་ན། གལ་ཏེ་ང་རང་ཚོའི་རྨང་གཞི་གྲ་སྒྲིག་གི་ལས་ཀ་སྒྲུབ་པ་ཏན་ཏིག་གཟབ་ནན་མིན་པ་དང་གོམ་པ་དང་པོ་སྤོས་པ་བརྟན་པོ་མིན་ཕྱིན། རྗེས་ཕྱོགས་ཀྱི་ལས་ཀའི་ཁྲོད་དུ་དཀའ་རྙོག་དང་འགལ་རྐྱེན་གང་མང་ལ་འཕྲད་ངེས་ཡིན། ཕྱོགས་སོ་སོའི་གྲ་སྒྲིག་བྱ་བ་དང་གོ་སྐབས་མཐུན་རྐྱེན་ཚང་མ་རྟེན་འབྲེལ་རང་འགྲིགས་སུ་སོང་ཚེ། ང་ཚོའི་རིག་གནས་ལྗོངས་རྒྱུའི་ལས་དོན་དེ་མགྱོགས་མྱུར་སྐྱོན་བྲལ་དང་འཆམ་མཐུན་དོ་མཉམ་ངང་འཕེལ་རྒྱས་ཡོང་ངེས་པ་དང་། ས་གནས་མི་རིགས་ཀྱི་དཔལ་འབྱོར་སྤྱི་ཚོགས་དེ་སྒོ་ཐམས་ཅད་ནས་ཐོད་བརྒལ་གསར་བ་འབྱུང་ངེས་ཡིན། རྨ་ལྷོའི་དམངས་ཁྲོད་རྣམ་ཐར་ཟློས་གར་དང་། ལྷ་རིས་སྒྱུ་རྩལ། དྲུག་པའི་ཀླུ་རོལ། བུའུ་ཐུའུ་གླུད་རྫོངས་འདི་བཞི་བོ་རྒྱལ་ཁབ་རིམ་པའི་རིག་གནས་མ་ཡིན་པའི་རིག་གནས་ཤུལ་རྫས་མིང་ཐོའི་ཁྲོད་བཀོད་ཐུབ་པ་བྱུང་བ་དང་། རེབ་གོང་འདི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་དངོས་གཞི་ས་ཁུལ་དུ་ཆོག་མཆན་བཀོད་པའི་དོན་བཟང་འདི་ལ་ང་རང་རིག་གཞུང་ཞིབ་འཇུག་པ་ཞིག་ཡིན་པའི་ངོས་ཐད་ནས་ཤིན་ཏུ་དགའ་སྤྲོ་སྐྱེས། རེབ་གོང་རིག་གནས་ཀྱི་རྨང་གཞིའི་ལས་ཀའི་ཐད། སྐུ་ཞབས་མཁར་རྩེ་རྒྱལ་ལགས་ཧ་ཅང་དགའ་འོས་པའི་གོམ་པ་གལ་ཆེན་ཞིག་སྔོན་དུ་སྤོས་པ་དང་། འདིའི་ཁོངས་རིག་གཞུང་ཞིབ་འཇུག་གི་ཐང་ཆེན་དུ་རྟ་ཁེར་རྒྱུགས་དང་དཔའ་ཁེར་ངོམས་ཀྱི་གདོང་མཆོང་བ་ཞིག་ཐོག་མར་བྱུང་། རེབ་གོང་རིག་གནས་ཀྱི་ཞིང་ས་གཤིན་པོའི་ཐོག་ལོ་ཐོག་ཟླ་བརྩེགས་ཀྱིས་དཀའ་སྤྱད་རྔུལ་ཆུ་བཏོན་པ་ལས་བྱུང་བའི་སྙེ་འབྲས་བཟང་བོ་འདི་ལ་ཚང་མས་རྗེས་སུ་ཡི་རངས་བྱེད་འོས་པ་ཡིན། རིག་གཞུང་བརྩམས་ཆོས་འདིས་མཚམས་སྦྱར་བ་ལ་བརྟེན་ནས། ཁོང་གི་ཕ་ཡུལ་གྱི་མི་རིགས་རིག་གནས་འདིས་ལྷག་ཏུ་རྒྱ་ཆེ་ལ་གཏིང་ཟབ་པའི་འཛམ་གླིང་ཤེས་རིག་ཁྲོད་རིག་པའི་བཙན་ས་ཟིན་ཐུབ་པ་དང་། ལྷག་ཏུ་མང་པའི་མི་ཚོགས་ཁྲོད་རེབ་གོང་རིག་གནས་ཞེས་མི་གླེང་རང་གླེང་གི་སྙན་གྲགས་ཕྱོགས་ནས་ཕྱོགས་སུ་སྤེལ་བ། དེ་བཞིན་རྨ་ལྷོའི་ལྗོངས་རྒྱུའི་ལས་དོན་དེ་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བར་དྲིལ་སྒྲོག་ངོ་སྤྲོད་ཀྱི་ནུས་པ་གལ་ཆེན་ཐོན་པར་བདག་ལ་ཡིད་ཆེས་བརྟན་པོ་ཡོད། སླད་ཕྱིན་རྨ་ལྷོའི་རིག་གནས་སྒྱུ་རྩལ་གྱི་བྱ་གཞག་ཐམས་ཅད་ཡར་རྒྱས་གོང་འཕེལ་ཡོང་བ་དང་། སྤྱི་ཚོགས་འཕེལ་རྒྱས་ཇེ་མགྱོགས་ཡོང་བ། མི་དམངས་ཀྱི་འཚོ་བ་བདེ་ཞིང་སྐྱིད་པོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་བ་ལགས།

མཇུག་མཐར། ཡུལ་དངོས་བརྟག་དཔྱོད་དང་ཟུར་ལྟའི་དཔྱད་གཞི་སོགས་ཆ་རྐྱེན་གང་མང་གི་དབང་གིས། དཔེ་དེབ་འདིའི་ནང་བསྡུས་པའི་ལེའུ་དང་ས་བཅད་འགའ་རེར་ད་དུང་མུ་འཐུད་ནས་དཔྱད་པ་གཏོང་དགོས་ས་ཡོད་ལ། དཔེ་མཚོན་དྲངས་ནས་དབྱེ་ཞིབ་གནང་ཡོད་པ་ཡང་གཙོ་བོ་རོང་བོ་དགུ་ཆུའི་རྒྱུད་ཀྱི་ཚོ་སྡེ་རྣམས་མ་གཏོགས། འདི་ཕྱོགས་བོད་ཀྱི་ཚོ་ཤོག་གཞན་དུའང་ཡོད་ངེས་པའི་དམངས་སྲོལ་རིག་གནས་སྐོར་མང་པོ་བསྡུས་མི་འདུག ཞིབ་ཆ་བཏོད་ནས་བཙལ་ན་མི་འདང་སའི་སྐྱོན་ཆ་ཞན་ཆ་ཡང་ངེས་པར་ཡོད་ངེས་པས། སང་ཕྱིན་ཁ་གསབ་ཁ་སྣོན་རྒྱག་རྒྱུའི་བསམ་ཚུལ་ཡོད་ན་ཅིས་ཀྱང་ཡག་ཐོག་ཏུ་རྒྱན་བརྩེགས་ནས་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུའི་རེ་བ་སྙིང་ནས་ཞུའོ། །

2008ལོའི་ཟླ་8པ་སྐལ་བཟང་འབྲས་ཁུར་གྱི་དུད་པའི་ལྕི་བའི་སྟོན་ཁར་ལན་ཀྲུའུ་རུ་སྦྱར།

wKgMEFY08iKAO4nKAAFKL3GUSQs670.jpg

འབྲུག་ཐར་ལགས་ནི1949ལོའི་ཟླ་10བའི་ཚེས་5ཉིན་ཀན་སུའུ་ཞིང་ཆེན་བླ་བྲང་ས་ཁུལ་དུ་སྐྱེས། སྔ་རྗེས་སུ་ནུབ་བྱང་མི་རིགས་སློབ་ཆེན་དང་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རིག་གནས་སྤྱི་ལ་སྦྱོང་བ་བྱས། རྗེས་སུ་མཁས་དབང་ཆེན་མོ་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་དྲུང་དུ་བོད་ཀྱི་གཞུང་སྣ་ཚོགས་ལ་ཆ་ཚང་བའི་སྒོ་ནས་གང་ཐུབ་ཀྱིས་སློབ་གཉེར་བྱས་ཤིང་། ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་སའོ་ཡི་སའོ་ཀྲང་དང་དགེ་རྒན་ཆེན་མོའི་འགན་ཁུར་བ་དང་། ད་ལྟ་ལན་ཀྲོའུ་སློབ་ཆེན་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་ཀྱི་རབ་འབྱམས་པའི་མཛུབ་སྟོན་དགེ་རྒན་དང་དགེ་རྒན་ཆེན་མོའི་འགན་འཁུར་ཡོད་ལ། གཞན་ཀྲུང་གོ་མི་རིགས་ལོ་རྒྱུས་སློབ་ཚོགས་ཀྱི་ཚོགས་མི་དང་ཀྲུང་གོ་མི་རིགས་གནའ་ཡིག་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་ཐང་རྒྱལ་རབས་ལོ་རྒྱུས་ཞིབ་འཇུག་ཚོགས་པའི་ཚོགས་མི།ཀྲུང་གོ་མི་རིགས་སྤྱི་ཚོགས་རིག་པའི་མཐུན་ཚོགས་ཀྱི་དོན་གཅོད་པ། ཀན་སུའུ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི།ཀན་སུའུ་ཞིང་ཆེན་མི་རིགས་རིག་པ་དང་ཆོས་ལུགས་རིག་པའི་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ།ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཀྱི་འགན་ཁུར་ཡོད།

ཉེ་བའི་ལོ་འགའི་རིང་ལ་བོད་ཡིག་གི་དུས་དེབ་སྣ་ཚོགས་སྟེང་༼ཕོ་བྲང་པོ་ཏ་ལའི་བཟོ་སྐྲུན་གྱི་སྒྱུ་རྩལ་ལ་དཔྱད་པ༽དང་༼རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་མི་ཚེ་གླེང་བ༽སོགས་རིག་གཞུང་དཔྱད་རྩོམ30ལྷག་སྤེལ་ཡོད། དེ་མིན་༼བོད་ཀྱི་སྲོལ་རྒྱུན་གཞུང་ཡིག་འབྲི་སྟངས་རྣམ་བཞག༽༼དཔའ་རུས་ས་ཁུལ་གྱི་བོད་རིགས་ལོ་རྒྱུས༽༼བོད་ཀྱི་རྩོམ་རིག་སྤྱི་བཤད༽༼བོད་ཀྱི་ཚད་མ་རིག་པའི་བསམ་བློའི་དཔྱད་རྩོམ་ཕྱོགས་སྒྲིག༽སོགས་རིག་གཞུང་ཆེད་རྩོམ14ལྷག་འགྲེམ་སྤེལ་བྱས་ཡོད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།