ལྷ་འདྲེ་ཡོད་ཟེར་བའི་ལྟ་བ་འདི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཡོངས་ཁྱབ་ཏུ་གནས་པ་ཞིག་ཡིན།

d5c636f5466d4ca4e0cb5863fbb3e431.jpg

རེབ་གོང་པ་མཁར་རྩེ་རྒྱལ་ནི། ༡༩༦༧ལོའི་ཟླ་༡༠པར་ཡུལ་རེབ་གོང་གསེར་མོ་ལྗོངས་ཀྱི་སའི་ལྟེ་བ་རོང་བོ་ས་དཀྱིལ་གཡང་སྡེ་ཕྱུག་མོར་སྐྱེས། ༡༩༧༥ལོ་ནས་བཟུང་ཕ་ཡུལ་དུ་རིམ་པར་སློབ་ཆུང་དང་སློབ་འབྲིང་། མཐོ་འབྲིང་བཏོན། ༡༩༨༥ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་དེ་སྒྲ་རིག་པའི་དངོས་གཞི་སློབ་མ་བཏོན། ༡༩༨༩ལོ་ནས་བྱ་བའི་ལས་གནས་སུ་ཞུགས་ཅིང་། སྔ་གཞུག་ཏུ་རྩེ་ཁོག་ཉིན་ཤུག་ཞང་དང་། རྫོང་ཨུ་གཞུང་ལས་ཁང་སོགས་སུ་དྲུང་ཡིག་ཁུར། རིམ་པར་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་དུ་ལོ་ངོ་བཅུ་ཕྲག་རིང་གཞུང་ཡིག་ལོ་ཙྭའི་ལས་ཀ་གཉེར། ༡༩༩༩ལོར་མ་ཡུམ་སློབ་གྲྭར་ཕྱིར་ལོག་ཏེ་མི་རིགས་རིག་པའི་སྐོར་གྱི་ཞིབ་འཇུག་སློབ་མ་བཏོན་པ་དང་། སློབ་མཐར་ཕྱིན་རྗེས་སྔ་གཞུག་ཏུ་རྨ་ལྷོ་ཁུལ་མི་དོན་ཅུའུ་དང་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་རུ་ཅུའུ་ཀྲང་གཞོན་པའི་འགན་ཁུར་བ་དང་།  ༢༠༡༡ལོ་ནས་རྨ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་ཁུར། ༢༠༡༣ལོའི་ཟླ་ལྔ་བར་ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་དུ་ལས་གནས་སྤར་དེ་སྐབས་བབས་ཀྱི་བགྱི་བར་འབད་མུས་ལགས། དེ་ཡང་ཁོའི་མི་ཚེའི་འཚོ་བའི་ཁྲོད་ནམ་ཡང་ཁ་བྲལ་མ་མྱོང་བའི་ལས་ཞོར་གྱི་དགའ་ཕྱོགས་རིགས་གཉིས་ཡོད་པ་ནི། གཅིག་ནི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཐད་འབད་པ་དོན་གཉེར་དང་། གཉིས་ནི་རྒྱ་བོད་དབྱིན་གསུམ་སྐད་ཡིག་རིགས་གསུམ་གྱི་སྟེང་ནས་བོད་རིག་པ་དང་བོད་ཀྱི་དམངས་སྲོལ་སྐོར་གྱི་དཔྱད་རྩོམ་སྣ་ཚོགས་ཡིག་བསྒྱུར་ལོ་ཙྭ་དང་། དེའི་ཞོར་ནས་རང་ཉིད་ཀྱིས་དཔྱད་རྩོམ་དང་དཔྱད་བརྗོད་ཅི་རིགས་དུས་དེབ་སྣ་ཚོགས་སྟེང་སྤེལ། འཐུས་ཚབ་བརྩམས་ཆོས་ལ་བོད་ཀྱི་དམངས་སྲོལ་ཆོས་ལུགས་རིག་གནས་སྐོར་གྱི་བརྩམས་གཞུང༼  འཇིག་རྟེན་མཆོད་བསྟོད ༽ ཡོད་དོ།


ལྷ་འདྲེ་ཡོད་ཟེར་བའི་ལྟ་བ་འདི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཡོངས་ཁྱབ་ཏུ་གནས་པ་ཞིག་ཡིན།


ཐ་གྲུ་ཡངས་པའི་ཕྱི་སྣོད་འཇིག་རྟེན་འདིའི་ཐོག་གི་རྒྱལ་ཁབ་དང་མི་རིགས་གང་ཞིག་ཡིན་རུང་། ཚང་མར་སྔར་ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བ་སོ་སོའི་ནང་རང་རང་གི་རིགས་རུས་རྒྱུད་དང་ཚོ་བ་ཐུན་མོང་གིས་ཕྱག་དད་པའི་ཐལ་མོ་སྙིང་ཀར་སྦྱོར་བའི་ཡུལ་རེ་བྱུང་མྱོང་ཡོད་དེ། གནའ་མིས་དེ་ཉིད་ཀྱི་ཚེ་བླ་སྲོག་གསུམ་གང་རུང་ཞིག་སེམས་ཅན་གཅན་གཟན་རི་དྭགས་སམ་བྱ་བྱེའུ་གཤོག་ཐོགས། ཡང་ན་རྩྭ་རྩི་ཤིང་ལ་སོགས་གང་རུང་གི་སྟེང་དུ་གནས་གཞི་བཅོལ་ཡོད་པར་སེམས། དཔེར་ན། སྔ་དུས་རྒྱ་མི་རིགས་ཀྱིས་སྟག་དཀར་པོ། འབྲུག་སྔོན་པོ། རྨ་བྱ་དམར་པོ། རུས་སྦལ་སྔོན་པོ་ལ་སོགས་པར་དད་མོས་བྱེད་ཅིང་། རང་ཅག་བོད་མིས་

༥_副本.jpg

༦_副本.jpg

སྔ་དུས་ནས་སྟག་སེང་ཁྱུང་འབྲུག་བཞི་བོར་དད་མོས་དང་མཆོད་སྲོལ་ཡོད་པ་དེ་བོད་ཀྱི་རླུང་རྟའི་རི་མོ་ལ་སོགས་ལས་ཤེས་ཐུབ་པ་ལས་གཞན། དེ་དག་གིས་འབྱུང་བའི་ཁམས་ཀྱི་ས་ཆུ་མེ་རླུང་བཞི་བོ་དང་ཤར་ལྷོ་ནུབ་བྱང་ཕྱོགས་བཞི་མཚོན་པ་དང་ཇི་ལྟར་མཚོན་པའི་ཚུལ་ནི། མཁས་དབང་ནམ་མཁའི་ནོར་བུའི་《ཞང་བོད་ལོ་རྒྱུས་ཏི་སེའི་འོད་》དུ་གསལ་བོར་བཀོད་ཡོད་པ་དེས་མཚོན་པ་ལྟ་བུའོ།

འདིར་མི་རིགས་གཞན་དག་གི་འབྲེལ་ཡོད་ལྷ་འདྲེའི་སྐོར་དཔྱད་བརྗོད་ཀྱི་ཚུལ་དུ་ཞོར་ལ་གླེང་དོན་ཤིག་མཆིས་པ་ནི། མིའི་རིགས་འཚོ་སྡོད་ཀྱི་རང་བྱུང་ཁམས་ཆེན་པོའི་རི་ཆུ་ནགས་གསུམ་ལ་སོགས་ཁོར་ཡུག་ཕྱི་ནང་ཀུན་ཏུ་ལྷ་འདྲེ་ཡོད་པར་འདོད་པའི་ཡིད་ཆེས་དེ་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སྟེང་ཡོངས་ཁྱབ་ཏུ་ཡོད་མྱོང་བ་ཞིག་ཡིན་པའི་སྤྱི་མཐུན་རང་བཞིན་དེ་ཡིན། རྒྱ་མི་རིགས་ལ་མཚོན་ན། ཕར་བལྟས་ཚོད་ཀྱིས་བོད་ལྟ་བུའི་ལྷ་འདྲེ་གདོན་བགེགས་ཀྱི་རིགས་དང་རྣམ་དབྱེ། ཐ་སྙད་དང་གྲངས་འབོར། དེ་དག་དང་འབྲེལ་ཡོད་བཅའ་རིམ་ཕྱག་སྲོལ་ལ་སོགས་པའི་དམངས་སྲོལ་རིག་གནས་ཆ་ལག་འཛོམས་པོ། མ་ལག་རྙོག་འཛིང་ལྡན་པ། ཤུགས་རྐྱེན་རྒྱ་ཆེ་ལ་ལོ་རྒྱུས་གཏིང་རིང་བ་དེ་འདྲ་ཞིག་ཡོད་མ་མྱོང་བ་ལྟར་སྣང་མོད། འོན་ཀྱང་། ཁོ་ཚོའི་དམངས་སྲོལ་ཆོས་ལུགས་ཁྲོད་དུ་བོད་ཀྱི་བོན་ཆོས་རིག་གནས་དང་ཕྱོགས་གང་ཆར་ནས་ཧ་ཅང་འདྲ་བའི་ལྷ་འདྲེའི་འདུ་ཤེས་འཛིན་སྟངས་ཤིག་སྔ་དུས་ནས་ས་ཁྱབ་རྡོ་ཁྱབ་བྱུང་ཡོད་ཅིང་། དེ་ཡང་ཏའོ་ལུགས་དང་རུའུ་ལུགས་(道教、儒教)ནས་བརྒྱུད་པའི་ལྷ་འདྲེའི་འདུ་ཤེས་གཏིང་རིང་ལ་ཤུགས་རྐྱེན་ཟབ་རྒྱ་ཆེ།  དུས་རབས་མི་འདྲ་བ་སོ་སོའི་ནང་གནམ་ས་སྟེང་འོག་དང་ཡབ་མེས་གོང་མའི་བླ་ལ་མཆོད་བཀུར་བྱེད་སྲོལ་དར་ཁྱབ་ཆེན་པོ་བྱུང་བ་དེ་ནི། ཀྲུང་གོའི་སྤྱི་ཚོགས་ཁྲོད་མཐོ་བ་གོང་མ་རྒྱལ་པོ་ནས་དམའ་བ་ཆབ་འབངས་མི་སེར་བར་གྲལ་རིམ་མཐོ་དམའ་མེད་པར་གནས་པ་དང་། ལྷག་པར་དུ་མི་རྣམས་ཀྱི་སྤྱི་ཚོགས་འཚོ་བ་དང་། ཆུ་ནགས་ཞིང་ཕྱུགས་ ལ་སོགས་སྤྱི་ཚོགས་ཐོན་སྐྱེད་དང་འབྲེལ་བ་ཡོད་པའི་རིག་གནས་ཀྱི་ཁྱབ་ཁོངས་སུ་ལྷ་འདྲེའི་ལྟ་བ་དེ་རྐང་ཟུག་ཡོད་པ་རེད། ལྷ་འདྲེ་ཡོད་སྨྲའི་ལྟ་བ་དེ་ཉིད་འཇིག་རྟེན་ཐོག་གི་བྱ་དངོས་ཐམས་ཅད་སེམས་ལྡན་ཡིན་པར་འདོད་པའི་གདོད་མའི་འཇིག་རྟེན་ལྟ་བའམ་ཡང་ན་ཡ་ཐོག་ལྷ་འདྲེའི་འདུ་ཤེས་ཀྱི་ཁོངས་ནས་བྱུང་བ་ཞིག་ཡིན་པར་མ་ཟད། དེ་དག་དང་འབྲེལ་ཡོད་ཀྱི་འཕྲོས་དོན་གཞན་ཡང་རྒྱའི་ཡིག་ཚང་རྙིང་བ་《ལོ་རྒྱུས་བདེན་ཚིག》(《史记正义》)པོད་དང་པོའི་ནང་དུ་མང་པོ་འཁོད་ཡོད་དེ། དཔེར་ན་དེ་ཉིད་ལས། འདྲེའི་རྣམ་ཤེས་ཅན་ལ་ལྷ་རུ་འབོད། ལྷ་འདྲེ་ནི་རི་ལུང་གི་ལྷའོ། དེ་དག་གིས་སྤྲིན་བསྡུས་ཏེ་ཆར་ཀྱི་དངོས་གྲུབ་གནང་བས། སྐྱེ་དངོས་སེམས་ཅན་ཡོད་རྒུ་དེ་ཡིས་གསོ། དེའི་ཕྱིར་འདི་ལ་བརྟེན་པའི་སྲོལ་ལུགས་མཆིས་སོ་ཞེས་པ་ལ་སོགས་པར་དཔྱད་ན། ས་རྡོ་རི་བྲག་དང་ལུང་བའི་ཕུ་མདོ་བར་གསུམ་གང་རུང་དུ་གནས་པའི་གཟུགས་མེད་ཀྱི་ཚོགས་རྣམས་ལ་ལྷ་འདྲེ་ཞེས་གདགས་པ་སྟེ། གང་ཞིག་རང་ལ་ཕན་པ་དང་བདེ་བ་བསྐྲུན་མཁན་དུ་མཐོང་ན་དེ་ལ་བཟང་བོ་ལྷ་དང་། གང་ཞིག་རང་ལ་གནོད་ཅིང་འཚེ་བར་བྱེད་མཁན་དུ་མཐོང་ན་དེ་ལ་ངན་པ་འདྲེ་ཞེས་ངོས་བཟུང་བར་སྣང་། གཞན་ཡང་ལྷ་དང་འདྲེ་ཞེས་པ་གནམ་ས་སྟེང་འོག་དང་ཡབ་མེས་རྒྱུད་ཀྱི་ལྷ་ཡོད་ཚད་དེ། ཆེ་བ་བར་སྣང་དུད་སྤྲིན་དང་རི་བྲག་མཐོན་པོ་ལ་གནས་པ་དག་དང་། ཆུང་བ་ཆུ་རྫིང་ལྟིང་ཀ་དང་ས་འབུར་དུར་ཁྲོད་དུ་གནས་པ། དེའི་ཁར་ཁང་ཁྱིམ་ཕྱི་ནང་གི་ཐབ་ལྷ་ཟས་ལྷ་ཁྱིམ་ལྷ་སོགས་ཇི་སྙེད་ཅིག་བསྣན་པས་བགྲང་གིས་མི་ལང་བ་ཞིག་བྱུང་མྱོང་ཡོད་པ་སྟེ། རྒྱ་རིགས་ཀྱི་ལྷ་ཡོད་འདྲེ་ཡོད་ཀྱི་ལོ་རྒྱུས་ཡང་བོད་ནང་བཞིན་དུས་ཡུན་ཧ་ཅང་རིང་མོ་ཞིག་འགོར་ཡོད་པ་རེད།

༣_副本.jpg

༤_副本.jpg

ཞན་ཡང་འཛམ་གླིང་ཤེས་རིག་གི་ཕ་སར་བསྔགས་པའི་ཉི་ལོ་གཙང་བོའི་འབབ་རྒྱུད་(尼罗河领域)ཀྱི་གནའ་བོའི་གྷི་རོབ་(古希腊)དང་། རོ་མ་(古罗马)ཨའེ་ཇིབ་(埃及)ལ་སོགས་པ་དང་། སངས་རྒྱས་ཆོས་ལུགས་ཀྱི་ཕ་ས་རྒྱ་གར་ཆུ་བོ་གངྒའི་(印度恒河)ཚུན་ཆད་དུ་དེ་ལས་མང་བའི་ལྷ་འདྲེ་གདོན་བགེགས་དང་འབྲེལ་ཡོད་ཀྱི་དམངས་ཁྲོདཆོས་ལུགས་རིག་གནས་ཧ་ཅང་ཕུན་སུམ་ཚོགས་པོ་ཞིག་དར་མྱོང་ཡོད་པ་རེད། མདོར་ན། གདོད་མའི་དུས་རབས་ཀྱི་ཆོས་དད་བྱེད་སྲོལ་དེ། གདོད་མའི་མི་རིགས་ཀྱི་འཚོ་བའི་ཕྱོགས་སྣ་སོ་སོ་དང་། མི་རྣམས་འཚོ་ཐབས་བདེ་ཐབས་དང་ཐད་ཀར་འབྲེལ་བའི་ཐོན་སྐྱེད་ལས་ཀ ། སྐབས་དེ་དག་གི་སྲོལ་རྒྱུན་ཡུལ་གོམས་དང་མི་རྣམས་ཀྱི་ཀུན་སྤྱོད་ལྟ་བ་དང་། དེ་བཞིན་ཡུལ་དང་དུས་དེ་དག་གི་ནང་དམངས་ཁྲོད་དུ་འཁྱར་བའི་བཤད་རྒྱུན་ངག་སྒྲུང་དང་སྒྱུ་རྩལ་བརྩམས་ཆོས་ལ་སོགས་པའི་རིག་གནས་ཁྱབ་ཁོངས་སུ་དངོས་བརྒྱུད་ཅི་རིགས་ཀྱིས་ཤན་ཤུགས་མ་ཐེབས་ས་ཞིག་མེད། ཚུལ་འདི་ལ་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ལྟ་བ་གསར་བ་འདོན་མཁན་དག་གིས་གདེང་འཇོག་ཚད་མཐོན་པོ་གནང་དང་གནང་མུས་སུ་ཡོད་དེ། དཔེར་ན། སེའུ་ཀུ་མཎ་ངྷི་ཧྥུ་རོས་ངྷི་(西格蒙·德佛洛伊德)མཆོག་གིས།

༡༡༡.jpg

འཇིག་རྟེན་ཐོག་གི་བྱ་དངོས་ཐམས་ཅད་སེམས་ལྡན་ཡིན་པར་སྨྲ་བ་དེ་བསམ་བློའི་ཁྱབ་ཁོངས་ཤིག་ཡིན། དེས་འཇིག་རྟེན་ཐོག་གི་དམིགས་བསལ་གྱི་སྣང་ཚུལ་ཐ་དག་ལ་འགྲེལ་བརྗོད་བྱས་ཡོད་པ་མ་ཟད། ལྟ་ཟུར་གཞན་ཞིག་གི་ཐོག་ནས་འཇིག་རྟེན་ཧྲིལ་བོ་ཐུན་མོང་སྤྱི་འདུས་ཀྱི་ཕུང་བོ་ཞིག་ཡིན་པར་ང་ཚོར་ངེས་ཤེས་སྐྱེ་རུ་འཇུག་ཏེ། གལ་སྲིད་རང་ཅག་རྣམས་མཁས་མང་ཞལ་མཐུན་གྱི་ལྟ་བ་འདི་ལ་འཐད་པ་ཡིན་ན། ཡུན་རིང་ལོ་རྒྱུས་ཁྲོད་དུ། རང་ཅག་འགྲོ་བ་མིའི་རིགས་ལ་ཐུན་མོང་གི་རིག་གཞུང་སྣ་གསུམ་བྱུང་མྱོང་ཡོད་དེ། གཅིག་ནི་བྱ་དངོས་ཡོད་ཚད་སེམས་ལྡན་ཡིན་པར་སྨྲ་བའི་ལྷ་སྒྲུང་དང་། གཉིས་ནི་ཆོས་ལུགས། གསུམ་ནི་ཚན་རིག་བཅས་གསུམ་བྱུང་བ་དེ་འཇིག་རྟེན་ཐོག་ཆེས་བླ་ན་འཕགས་པའི་རིས་ལྗོངས་སྣ་གསུམ་དང་འདྲ། དེའི་ཁྲོད་ནས་ཀྱང་། ཆེས་གདོད་མའི་དུས་སྐབས་སུ་བྱུང་བའི་བྱ་དངོས་ཐམས་ཅད་སེམས་ལྡན་ཡིན་པར་བརྗོད་པའི་ལྟ་བ་དེས། ཧ་ཅང་གཏིང་ཟབ་ལ་ཞིབ་ཚགས་པ་དང་མཐིལ་ཕྱིན་པའི་སྒོ་ནས་འཇིག་རྟེན་སྣོད་བཅུད་ཀྱི་ངོ་བོ་གསལ་འགྲེལ་བྱས་ཡོདདེ། འགྲོ་བ་མིའི་རིགས་ཀྱི་ཆེས་གདོད་མའི་སྐབས་ཀྱི་ལྟ་བ་འདི་ཉིད་སེམས་ཁམས་རིག་པའི་གཞུང་ལུགས་ཀྱི་གྲུབ་ཆ་ཧ་ཅང་གལ་ཆེན་ཞིག་ཡིན་པར་མ་ཟད། ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་དེ་ཉིད་སྔར་བཞིན་དུ་རང་ཅག་དེང་རབས་ཀྱི་འཚོ་བའི་ཁྲོད་རྐང་ཚུགས་ཡོད་དེ། རིམ་གྲས་དམན་ཤོས་སུ་བརྩི་བའི་རྨོངས་དད་ཡིན་ན་འདྲ། ང་རང་ཚོའི་གཏམ་དང་སྐད་ཆ་ཡིན་འདྲ། དད་པ་དག་སྣང་ངམ་ཡང་ན་མཚན་ཉིད་རིག་པའི་རྒྱབ་རྩ་ཁེན་ས་ཡིན་ནའང་འདྲ། གང་ལྟར་ཚང་མ་དེང་སང་ང་ཚོས་བགྲོ་གླེང་བྱ་ཡུལ་ལས་འདས་པའི་ཚོད་དུ་འདུག་ཅེས་གསུངས་ཡོད་པ་འདི་ལས་ངེས་ཤེས་འདྲོངས་ཐུབ་པ་ནི་གནས་ལུགས་ཟབ་མོ་ཞིག་ཡིན་པར་སེམས་ལ། 

༢_副本.jpg

ཇེམ་ཟི་ཇའོ་ཀྲི་ཧྥུ་རོས་ཟི་(杰姆斯·乔治·费雷泽)ལགས་ཀྱིས་རང་རེ་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་འཕེལ་རིམ་སྐོར་གྱི་ཆེས་སྤྱིར་བཏང་གི་བརྒྱུད་རིམ་ལ་སྤྱི་འགྲོས་ཤིག་བཀོད་ཡོད་པ་ནི། གཅིག་ནི་མཐུ་རྩལ་དང་། གཉིས་ནི་ཆོས་ལུགས། གསུམ་ནི་ཚན་རིག་གོ།དེའི་དོན་ནི། ཁོང་གི་ལྟ་བར། འགྲོ་བ་མིའི་རིགས་ཀྱི་བསམ་བློ་རིམ་པར་འཕེལ་འགྱུར་བྱུང་བ་ནི། མཐུ་རྩལ་གྱི་དུས་རབས་(巫术时代)སུ། མཐུ་རྩལ་འདུ་ཤེས་ཀྱིས་དབང་སྒྱུར་གྱི་གོ་གནས་བཟུང་ཡོད་དེ། མི་རྣམས་ཀྱིས་འཕྲུལ་ཤེས་ཀྱི་རིགས་ལམ་སྣ་ཚོགས་བཀོལ་ནས་རང་བྱུང་ཁམས་ཚོད་འཛིན་བྱས་པ་དང་། དེ་བཞིན་ཆོས་ལུགས་ཀྱི་དུས་རབས་(宗教时代)སུ་སླེབས་པ་ན། མི་རྣམས་ཀྱིས་རང་བྱུང་ལས་བརྒལ་བའི་སྟོབས་ཤུགས་དེ་ལྷའི་ངོ་བོ་ཅན་དུ་བསྒྱུར་ཅིང་། དེའི་མཐུ་ནུས་ལ་བརྟེན་ནས་རྐྱེན་ངན་བར་ཆད་བཟློག་རོགས་དང་། ལྷ་རྣམས་རང་གི་མགོན་སྐྱབས་དཔུང་གཉེན་དུ་རེ། མཐར་རིམ་གྱིས་ཚན་རིག་གི་དུས་རབས་(科学时代)འདི་བསུས་ཡོང་བ་ཡིན་གསུངས། ཁོང་གིས། མཐུ་རྩལ་དང་ཚན་རིག་གཉིས་ཀ་འཇིག་རྟེན་ངོས་འཛིན་གྱི་ཐ་སྙད་ངོས་ནས་ཕན་ཚུན་བར་ཐག་ཉེ་སྟེ། གཉིས་ཀས་དོན་དག་བྱུང་དང་འབྱུང་འགྱུར་ཚང་མར་རྟེན་འབྲེལ་གྱི་ཆོས་ཉིད་ཡོད་པ་ཐག་གིས་གཅོད་དེ།བྱ་དངོས་ཐམས་ཅད་འགྱུར་ལྡོག་ཁྲོད་གནས་པ་ནི་ཆོས་ཉིད་གནས་ལུགས་བསྒྱུར་དུ་མེད་པ་ཞིག་གིས་ཐག་གིས་བཅད་ཡོད་པ་སྔོན་འགྲོ་ཡིན། དེ་བས་སྔར་བྱུང་དང་མ་འོངས་འབྱུང་འགྱུར་གྱི་ལས་ཐམས་ཅད་འཁྲུལ་བ་མེད་པའི་སྒོ་ནས་སྔོན་དཔོག་དང་ཚོད་རྩིས་བྱས་ཆོག་པ་ཡིན། མི་རྟག་པ་དང་། སྟེང་དབང་དང་བློ་ཡིད་ལས་འགོངས་པའི་རྒྱུ་རྐྱེན་མཐའ་དག་རང་བྱུང་གི་གོ་རིམ་ལས་འདས་པའི་དོན་དག་ཞིག་རེད། བྱ་དངོས་ཀྱི་རྒྱུ་དང་རྐྱེན་གསལ་བར་མཁྱེན་པ་དང་། རྒྱ་ཆེ་ཞིང་སྣེ་མང་རྙོག་འཛིང་གིས་ཁེངས་པའི་འཇིག་རྟེན་འདིའི་གསང་བའི་གནད་དག་ལ་བློ་གྲོས་ཀྱི་འཇུག་སྒོ་ཡངས་པ་ཞིག་ལ་མཚོན་ན། མཐུ་རྩལ་དང་ཚན་རིག་ཚང་མས་ཁོང་ཚོར་མདུན་ལྗོངས་ཚད་མེད་པ་ཞིག་གི་སྒོ་ལམ་ཡངས་པར་ཕྱེས་ཡོད་པ་འདྲ། དེ་བས། མཐུ་རྩལ་ཀྱང་ཚན་རིག་དང་མཚུངས་པར་མིའི་ཡིད་དབང་ཅིག་ཅར་འཕྲོག་པའི་སྟོབས་ཤིན་ཏུ་ཆེན་པོ་ཞིག་ཏུ་གྱུར་ཁར། འཇིག་རྟེན་གྱི་ཤེས་བྱ་སྣ་ཚོགས་ཤེས་འདོད་རྟོགས་འདོད་ཀྱི་འདུན་པ་རྒྱ་ཆེར་བསྐྱེད། ཁོང་ཚོས་མ་འོངས་པ་དེ་ལས་མཛེས་སྡུག་ལྡན་པའི་རེ་སྨོན་ཚད་མེད་བཅངས་ཏེ། འཇིག་རྟེན་གྱི་གསང་བ་འཚོལ་བའི་རྟོག་མྱུལ་བ་དང་རེ་བརྙེགས་མཁན་ཨ་ཐང་ཆད་དྲགས་པ་རྣམས་ཐབས་ཀྱིས་བསླུས་ཤིང་དེང་འདིའི་དངོས་ཡོད་ལ་རེ་ཐག་ཆད་པའི་འཇིགས་ཉེན་གྱི་གཡང་ལས་བསྐྱབས། མཐུ་རྩལ་དང་ཚན་རིག་གིས་ཁོང་རྣམས་རི་བོ་ཤིན་ཏུ་མཐོན་པོ་ཞིག་གི་རྩེ་མོར་ཁྲིད་ཅིང་། དེ་གར་རང་གི་རྐང་འོག་ན་འདུ་ལོང་གིས་འཁྲིགས་པའི་དུད་ཞགས་ན་བུན་དང་སྤྲིན་དཀར་གྱི་བང་རིམ་བརྟོལ་ནས་དྲི་ཟའི་གྲོང་ཁྱེར་ལ་ལྟད་མོ་བལྟ་རུ་བཅུག དེ་ཉིད་ང་ཚོ་དང་ཁད་ཐག་རིང་ཡང་། རེ་སྨོན་ཚད་མེད་ཀྱི་འོད་སྣང་ཁྲོད་སེམས་པ་བཟི་བས། དེ་གར་ནམ་ཡང་ཁྱད་དུ་འཕགས་པའི་གཟི་འོད་མངོན་པར་འཕྲོ་བ་ཡིན།ཞེས་སོགས་མཐུ་རྩལ་སྐོར་གྱི་བསྟོད་ཚིག་བྲིས་གནང་ཡོད་པ་ལ། སྤྱིའི་ཆ་ནས་བལྟས་ན་དེང་ཡང་ང་ཚོར་གཞུང་ལུགས་ཁྲིད་སྟོན་གྱི་ནུས་པ་ཆེན་པོ་ལྡན། འོན་ཏེ་དུས་རབས་སྔོན་དུ་བསྐྱོད་པ་དང་ཚན་རིག་གོང་འཕེལ་བྱུང་བའི་དུས་མཚུངས་སུ་ཁོང་གི་ལྟ་བ་དང་སྡོམ་ཚིག་གང་མང་ཞིག་ལ་ཞན་ཆ་ཡོད་པ་ཡང་མཐོང་། གང་ལྟར་སྐབས་འདིར་ཁོང་གི་གསུངས་འདི་ཁུངས་ལུང་དུ་དྲངས་པ་ལ་བསམ་བློ་གཏོང་དགོས་པའི་ཆ་ཞིག་ཡོད་པ་ལགས།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།