མགོ་ལོག་ཁག་གསུམ་གྱི་མི་རྒྱུད་ལྷ་རྒྱུད་ལས་གྱེས་ཚུལ།

5cdc32752c2dbc4c6661cf3a9d3b033d.jpg

ཁོའི་མིང་ལ་མགོ་ལོག་གཡས་ཀུན་དགའ་ཚངས་དབྱངས་དང་པུར་མིང་ལ་གངས་ཉི་ཟེར། ༡༩༧༣ ལོར་མགོ་ལོག་གཉན་པོ་གཡུ་རྩེའི་བྱང་རྒྱུད་དུ་སྐྱེས། རམ་འབྱམས་པ།  ༡༩༨༦ལོ་ནས་ལུང་དཀར་དགོན་དགའ་ལྡན་ཆོས་འཕེལ་གླིང་དུ་ཚོགས་ཞུགས་བྱས། ༡༩༩༢ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་གྲྭ་སར་སོང་། ༡༩༩༦ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྨད་བྱུང་ཐོས་བསམ་གླིང་དུ་ཞུགས་ཏེ་ཚད་མ་དང་ཕར་ཕྱིན། ཐ་སྙད་རིག་གནས་སོགས་ལ་སྦྱང་བ་བྱས། ༢༠༠༣ལོར་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་ཁོའི་བརྩམས་ཆོས《རེ་སྙེག་པའི་རང་གཤིས》ཞེས་པའི་སྙན་ངག་གི་དེབ་ཅིག་པར་དུ་བསྐྲུན།  《ངའི་ཕ་ཡུལ་གྱི་སློབ་གསོ་དང་དེས་བསྐྱེད་པའི་འབྲས་བུ》ཞེས་པར༢༠༠༧ལོར་སི་ཁྲོན་རྔ་བ་མཛོད་དགེ་ནས་སྤེལ་བའི་ཆོལ་ཁ་གསུམ་ལ་ཕྱོགས་པའི་སྐབས་གསུམ་པའི་མཐུ་སྟོབས་རྡོ་རྗེའི་རྟགས་མའི་བྱ་དགའ་ཨང་གཉིས་པ་ཐོབ། དེ་ལས་གཞན《གུར་ཀུམ་ཆུན་པོ》དང་རྗེ་སྐུ་འབུམ་ཉི་འོད་རྩོམ་སྒྲིག་ཁང་སོགས་ནས་ཀྱང་བྱ་དགའ་རེ་གཉིས་ཐོབ།

༢༠༡༤ལོར་གཉན་ཚོགས་ཀྱིས་བསྒྲིགས་པའི《ཆུ་འབྲེལ་བོད་ཀྱི་ཡིག་རྙིང་ཕྱོགས་བསྒྲིགས》ཀྱི་རྩོམ་སྒྲིག་པའི་འགན་ཁུར་ཏེ་པར་བསྐྲུན་བྱས་པ་དང་། ཐེན་ཅིན་བརྙན་ཕྲིན་ཁང་དང་གཉན་ཚོགས་གཉིས་ཀྱིས་མཉམ་དུ་བསྒྲུབ་པའི“བྱ་རྒོད་རྟོགས་ཞིབ་ཀྱི་དངོས་ཟིན་གློག་བརྙན”ཕབ་བསྐྲུན་གྱི་སྐབས་ཡིག་ཟིན་པའི་འགན་ཁུར། གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ལས་གཞིའི་འགན་འཛིན་པ། གཡུ་རྩེའི་ཨུཏྤལ་ཤེས་རིག་སྒྱུ་རྩལ་དར་སྤེལ་གླིང་འཛུག་པ་པོ་དང་སྤྱིའི་འགན་འཛིན་པ་ཡིན།


མགོ་ལོག་ཁག་གསུམ་གྱི་མི་རྒྱུད་ལྷ་རྒྱུད་ལས་གྱེས་ཚུལ།

མགོ་ལོག་གཡས་ཀུན་དགའ་ཚངས་དབྱངས།


དུས་ག་ཤེད་ཅིག་ལ་ལ་དྭགས་གངས་རི་རྒྱལ་པོའི་གདུང་རྒྱུད་མངའ་རིས་ཐར་བ་རྒྱལ་མཚན་ཞུ་བ་ཁོང་འདམ་ཁོག་ཏུ་ཕེབས་ནས་འདམ་གྱི་མར་མེ་སྒྲོན་ཡག་ཏུ་བསྡད་པས་རི་དེ་མགོ་ལོག་པའི་བླ་རི་ཡིན་ཞེས་རྗེས་ཀྱི་དབུས་མཇལ་བས་ཀྱང་མཆོད་སྲོལ་འདུག་ལ་དེ་ནས་ཁོང་ཁམས་ཀྱི་རྫ་ཁོག་དང་ཁྲོམ་ཁོག་སོགས་སུ་རིམ་པར་བསྡད།  དུས་ཡིན་རིང་མོའི་རྗེས་ཀྱི་སྤྱི་ལོ ༡༣༨༠ ཡས་མས་ཤིག་ལ་ཁོང་གི་རྒྱུད་པ་འབྲི་ལྷ་རྒྱལ་འབུམ་ཞེས་བན་བོན་གཉིས་ལ་དད་མཁན་དེས་དུད་ཁྱིམ་བཅུ་གཅིག་ཁྲིད་དེ་དཔལ་ཡུལ་རྫོང་ཁོངས་འབྲི་ཀླུང་སྔོན་མོའི་ཉིན་འགུ་ཁོ་ལུང་བར་གནས་བཅས།  སྨད་ཀྱི་གཉན་པོ་གཡུ་རྩེའི་ལྷ་རྒྱུད་དུ་གྲགས་པའི་གཉན་རྩེའི་ཟོར་ལོ་སྤུན་བདུན་ཟེར་བའི་ཚོ་ཆུང་དེའི་བུ་མོ་ལྔ་རི་བོ་བྱ་རྐང་དང་།  རོང་བཙན་ཁ་བ་དཀར་བོ།  ཀ་ཐོག་སོགས་སུ་གནས་མཇལ་ལ་སོང་སྟེ་ཕྱིར་ལོག་པའི་ལམ་བར་ཁོང་དང་ཐུག་པས་དེ་ལས་གཅིག་ཆུང་མར་བསུས་ཤིང་གཞན་རྣམས་ཕ་ཡུལ་དུ་བརྫངས།  ཁོང་གཉིས་ལ་བུ་གཅིག་འཁྲུངས་པ་དེ་ཤི་བས་ཕྱི་མ་དེའི་བགེགས་སེལ་སླད་གསེར་འབུམ་ཞིག་བཞེངས་པས་མིང་ལ་ཡང་ཨ་འབུམ་རྒྱལ་ཞེས་བཏགས།  རྗེས་མ་དེའི་མི་རྒྱུདརེ་་གཉིས་ཤིག་གིས་ཀྱང་བུ་རེ་སྐྱེས་ཚེ་འབུམ་རེ་བཞེངས་དང་མིང་གི་མགོ་སྔ་གང་རུང་ལ་འབུམ་རེ་འཇོག་པའི་སྲོལ་ཞིག་ཀྱང་དར་ལ།  ཡུལ་མགོ་ལོག་གི་རྒན་རབས་པས་མནའ་བསྐྱལ་ཚེ “ཕ་འབུམ་དུམ་པ་བཅུ་གཉིས་དཔང” ཟེར་བའང་དེ་དང་འབྲེལ་བ་ཞིག་ཡིན་འདུག། 

འབྲི་ཨ་འབུམ་རྒྱལ་གྱིས་གླིང་བཟའ་མ་ཞིག་མནའ་མར་བསུས་ཀྱང་རྗེས་གླིང་རྗེ་དང་མཐུན་མིན་བྱུང་བས་མོ་རྩིས་དང་རྨི་ལམ་བརྟགས་ཏེ་རྨ་རྒྱལ་སྦོམ་རས “ཤར་ཞིང་བོའི་ཕྱོགས་སུ་བསྙེགས་པ་ན། ཇུས་ཀྱི་དོན་ཆེན་དེ་བས་འགྲུབ།”  ཅེས་པ་ལྟར་མི་ཁྱིམ་ལྔ་བཅུ་དང་བཅས་རྡོ་ཁོག་ཏུ་ཡོང་སྟེ་གཞི་བཟུང་།  རྗེས་གཉན་མོ་རང་གི་རེ་བ་ལྟར་ཕ་དང་མྱིང་བོ་རྣམས་ཀྱི་མཁར་གོང་ལུག་སྣ་རིང་མོ་ཡན་ཆད་དང་ཚ་ལུང་སྣ་མཁར་སུམ་མདོ་མན་ཆད་ཀྱི་ས་བཞིན་པས་སྨྲ་གྱི་ཁོ་ཁོ་ཨུ་སིའི་རི་མགུལ་དུ་རྨ་རྒྱལ་གསོལ་བའི་ལྷ་ཁང་དང་གསོལ་མཁར་བརྩིགས་པ་མ་ཟད། བོན་གྱི་ལྷ་ཁང་འགའང་རིམ་བཞིན་བཞེངས་སྟེ་འབྲི་ལྷ་རྒྱལ་གྱིས་ཇུས་བུ་ལ་སྤྲད་དེ་མཚམས་ལ་བཞུགས།་ཤིང་ཆོས་སྲིད་ཀྱི་མངའ་ཐང་ཆེས་ཆར་རྒྱས།  དུས་དེར་སྨྲ་གྱི་སྟོད་སྨད་བར་གསུམ་དུ་གཉན་མཁར་བ་གསུམ་གྱིས་བཟུང་ཡོད་པས་ཕྲག་དོགས་དང་དབང་བསྡུའི་དམིགས་ཡུལ་གྱི་དམགས་དྲང་ན་ཡང་ཁོང་ཚོས་རྨི་རྟས་བརྟགས་པ་དང་།  མ་ཚ་མོ་ཐུར་གྱིས་བྱ་བཏང་བ་སོགས་ཀྱིས་ཕྱིར་རྒོལ་ལས་རྒྱལ་ཏེ་ཆོས་སྲིད་ཀྱི་མངའ་ཐང་སྔར་ལས་རྒྱས་པ་བྱུང་། སྐབས་དེར་གཉན་མཁར་བ་གསུམ་གྱི་དམག་དཔོན་གང་དྲག་ཐམས་ཅད་ཤི་ཤོར་བས “ཁྲབ་དཀར་བརྒྱ་ཡི་རྒྱུན་ཐག་བཅད། རྨོག་དཀར་བརྒྱ་ཡི་ནང་རྗོང་བཅག།” ཅེས་པའི་དམག་ཉེས་དེ་བྱུང་བ་ཡིན་ནོ།།  ཚུར་མགོ་ལེན་པར་ཡོང་བ་ལ་ཕར་མགོ་ལ་ཤོར་བས་འགུ་ལོག་གི་མིང་དེ་ཡང་མགོ་ལོག་པར་བཏགས་རབས་བཤད།  འབྲི་ཨ་འབུམ་དང་གླིང་བཟའ་མ་གཉིས་ལ་ཆེ་བ་འབུམ་སྐྱབས་དང་།  འབྲིང་བ་འབུམ་དགེ།  ཆུང་བ་འབུམ་ཡག་གསུམ་སྐྱེས་ཏེ་ནར་སོན་སྒང་ཆེ་འབྲིང་གཉིས་ལ་ཟུར་དུ་སྦྲ་ཕུབས་པ་དང་།  ཆུང་བ་ཁྱིམ་འཛིན་བྱ་འདུན་གྱི་སྐབས་ཤིག་སྟེ་ཨ་འབུམ་གཙོའི་ཁྱིམ་ཚང་ཁ་ཤས་སྔོ་ཁོག་ཏུ་རུ་བ་བྱས་ནས་བསྡད་ཡོད་སྐབས་ཤིག་ལ་རི་གཟིགས་སུ་སོང་།   དེར་གཉན་པོ་གཡུ་རྩེའི་ནུབ་བྱང་གི་མཚམས་བྱིའུ་མཚོར་གཉན་སྲས་ཁྲས་ཁྱེར་བ་བསྐྱབས་པས་གཉན་སྲས་ཀྱི་མ་གཉན་མོ་ཀ་དཀར་མ་ཁོ་བསུས་བར་འབྱོར་ཞིང་འགྲོ་མི་ནུས་ཞེས་པར་མི་སྐྱོན་ཅེས་རྟ་ལ་བསྐྱོན་ཏེ་རྟ་ཁ་ཁྲིད་ནས་ལམ་ལ་ཆས།  སྐབས་འགར་ས་ཐོག་ཏུ་འགྲོ་བ་དང་ལན་རེར་བར་སྣང་དུ་འཕུར་བ་ལྟ་བུའི་སྣང་བ་འགའ་བྱུང་རྗེས་ཕོ་བྲང་ཆེན་པོ་ཞིག་གི་སྒོར་འབྱོར་རྗེས་རྟ་བཏགས་ནས་ནང་དུ་ཁྲིད། གཡུ་རྩེར་མཇལ་ཞིང་གཡུ་རྩེས་ཁ་བཏགས་སྔོན་པོ་ཞིག་གནང་ཞིང་ཅི་དགོས་ཀྱི་ལན་དུགཉན་མོ་ཀ་དཀར་མས་བསླབ་པ་བཞིན་ཕྱར་ཁྲ་དང་།  དབྱུག་པ།  ཁྱི་མོ་སོགས་བླངས་རྗེས་ཕྱིར་མཚོ་ཁར་བསྐྱལ།  ཡང་སྐབས་ཤིག་རྨི་ལམ་དུ་གཉན་པོ་གཡུ་རྩེ་ཕེབས་ནས་ནང་སྔ་མོར་ཁྱོད་ཀྱིས་མདའ་གཞུ་འཁོར་གསུམ་བཅས་སྔོ་མཚོའི་མཚོ་བར་དུ་ཐོན་པར་བྱོས། 

 དེར་ལྷ་གཡག་དཀར་བོ་དང་བདུད་གཡག་ནག་པོ་གཉིས་ཀྱིས་གཡུལ་བཀྱེ་རྒྱུ་ཡིན་པས་ཁྱོད་ཀྱིས་བདུད་གཡག་བསད་ནུས་ཕྱིན་བདག་གི་བུ་མོ་ཆེ་བ་སེང་ལྕམ་དང་།  འབྲིང་བ་འབྲུག་སྨན།  ཆུང་བ་སྦྲུལ་མཛེས་གསུམ་ལས་གཅིག་མནའ་མར་གནང་ཞེས་པ་བཞིན་ཕྱི་ཉིན་དེ་ལྟར་བྱས་ཏེ་བདུད་གཡག་ལ་མདའ་བརྒྱབས་པས་ཕམས་ཤིང་བྲག་ཀའུའི་རྩ་ནས་བུ་མོ་རྣམས་རེ་རེ་བཞིན་སེང་གེ་དང་འབྲུག་སྦྲུལ་གསུམ་གྱི་རྣམ་པར་ཡོང་བ་ལས་མཐའ་མའི་སྦྲུལ་མ་གཏོགས་མདའ་དར་གྱིས་རེག་མ་ནུས་པས་མཐར་གཉན་མོ་མེ་ཏོག་ཐོད་ཅན་བུ་འབུམ་ཡག་གི་ཆུང་མར་བསུས་ཏེ་ཕག་ལོར་བུ་གཉན་མོ་ཕག་ཐར་སྐྱེས།    བུ་མོ་ཆེ་བ་ལོན་ན་མངའ་ཐང་ཆེ་བ་སྨྲ་ཤོད་མ་ལག་དྲུག་གི་མི་སྡེ་དང་ས་ཆའི་བདག་པོར་གྱུར་བ་དང་།  འབྲིང་བ་ལོན་ན་མངའ་ཐང་འབྲིང་སྨྲ་མ་ལག་ལྔའི་བདག་པོ་དང་།  ཆུང་བ་ལོན་ན་མངའ་ཐང་ཆུང་བ་རྡོ་འཛི་སྨྲ་གསུམ་སྟེ་སྨར་མ་ལག་གསུམ་གྱི་བདག་པོར་འོང་ཟེར་བ་བཞིན་དེ་ནས་ཡུལ་དེ་ལ་བདག་པོ་བརྒྱབས་ནས་བསྡད་པ་དང་།  ཕྱིས་སུ་གཡུ་རྩེའི་གནང་བའི་ཁ་བཏགས་མདའ་དར་བྱས་པ་དང་གཉན་བཟའི་ཐོད་རྒྱན་གྱི་མེ་ཏོགས་རྣམས་ཡུན་རིང་བོར་གཡང་ཁུག་དུ་ཡོད་པ་མཐོང་རྒྱུ་ཡོད་རབས་ལབ།  གཉན་མོ་ཁོང་ཆུང་མའི་ཚུལ་དུ་ཡོད་ཀྱང་ལྤགས་རིགས་མི་བནབ་ཅིང་ཤ་མི་གསོལ་བ་སོགས་གཙང་སྦྲ་ཆེ་བ་བཞུགས་གནས་ཀྱང་ནགས་ཚལ་ཕྱུག་ཅིང་ཆུ་མིག་མང་བའི་སར་དགྱེས་སྟབས་སྨྲ་ཤོད་དུ་བཞུགས་ཁང་བརྩིགས་པ་ཀླུ་མཁར་དུ་གྲགས་པ་དེ་ཡིན་ལ་དེར་གཉན་བཟའི་མཆུག་ཅེས་རྡོ་མཆུག་གི་དབྱིབས་ཅན་ཞིག་དེང་དུས་ཀྱང་བལྟ་རུ་མཆིས།   གཉན་མོའི་བཀའ་བཞིན་འབུམ་ཡག་ལ་ཁྱིམ་ཐབ་འཛིན་གྲོགས་སུ་ལྡོང་བཟའ་ལྟ་མཚོ་བླངས་ཤིང་བུ་གཉན་མོ་ཕག་ཐར་ཡང་ལྡོང་བཟས་བསྐྱངས་ཏེ་ནར་སོན།  སྐབས་དེར་དབྱར་ས་སྔོ་མཚོ་དང་།  སྟོན་ས་ཀི་ཟིའི་ཀླུ་མཚེར།  དགུན་ས་གྱི་ལུང་ཀླུ་མཁར་བྱེད་ཀྱིན་པ་དང་།  དབྱར་དུས་སྔོ་མཚོར་གོང་འགབ་ནས་མཚོ་གླང་འོང་སྟེ་འབྲིར་ཞུགས་པས་སྒ་ལུ་མདོག་མི་འདྲ་བ་མང་བོ་བྱུང་བ་དང་ཉིན་ཞིག་ཡང་མཚོ་གླང་རྣམས་ཀྱིས་འབྲིར་འཁྱོས་མ་བྱས་ཏེ་ནོར་རྡང་བཅད་ཅིང་བཞོན་བྱེད་མ་བཅུག་པས་ཨ་འབུམ་ཁྲོས་ཏེ་མཚོ་གླང་ཞིག་ལ་མདའ་རྒྱབ་པས་དེ་ངུར་སྒྲ་དང་བཅས་མཚོར་མཆོང་བའི་རྗེས་འབྲིང་སྟེ་རྔ་བྲན་རྣམས་མཚོར་མཆོང་།  སྐབས་དེར་སེར་བ་བབས་ཤིང་སྦྲ་ལ་ཐོག་གིས་བརྒྱབ་པ་བུ་ཕག་ཐར་གྱི་ཉལ་སར་བབས་ཀྱང་བུ་ཕག་ཐར་ལ་ཉེ་ཞོ་ཅི་ཡང་མ་བྱུང་བས་ཕག་ཐར་མིན་ཐོག་ཐར་རེད་ཅེས་གྲགས་སོ།  ཉིན་ཞིག་གཉན་མོས་ཀླུ་མཁར་འདིར་ཀླུ་མང་བོ་གནས་པས་གཙང་སྦྲ་ལེགས་པོས་མཆོད་ན་ནོར་ལོངས་སྤྱོད་ཀྱི་དངོས་གྲུབ་རྒྱུན་མི་ཆད་ལ་སྔོ་མཚོའི་གཡས་སུ་མགོ་ལོག་ཁག་གསུམ་གྱི་བླ་རྡོ་ཁྱུང་གི་རྭ་བར་ཏུ་བཞག་པ་དེ་མ་ལྷུང་བར་ཏུ་ངའི་མི་རིགས་ལ་ལྷུང་བབ་མེད་ཅེས་དང་།   སྔོན་ཆད་ང་ནི་རྨ་རྒྱལ་རྦོམ་རའི་བུ་ཞིག་ལ་མནའ་མར་བཞིན་ཟིན་པས་དེས་གྱོད་བྱེད་ཀྱིན་ཡོད་པས་འགྲོ་དགོས་ན་ཐང་གི།  གལ་ཏེ་སེར་བ་དྲགས་པོ་འདྲ་བབས་ཏེ་སྦྲ་ནག་དང་ནོར་ཁྱུ་རླུང་གིས་འཁྱེར་བ་སོགས་ཀྱི་རྟགས་སྣ་ཚོགས་བྱུང་ན་ཡང་ཁྱོས་ང་གཏོང་མི་ཉན།  དེ་ལྟར་བྱེད་ནུས་ན་འགྲོ་མི་དགོས་པ་ཞིག་འབྱུང་ཡང་སྲིད་ཅེས་གསུང་ན་ཡང་ཉིན་དེར་སྦྲ་ནག་དང་ནོར་ཁྱུ་རླུང་གིས་ཁྱེར་བ་དོ་སྣང་མ་བྱས་ཀྱང་བུ་ཕག་ཐར་རླུང་གིས་འཁྱེར་བ་འདྲ་ཞིག་བྱུང་བས་དེར་ཅིག་བསྙབ་རྩིས་བྱས་པ་ན་གཉན་མོ་རླུངས་ཀིས་ཁུར་སོང་།  བུ་ཕག་ཐར་ཆར་སྐྱེས་རྗེས་ཕ་དང་མེས་པོ་གཉིས་ནས་བུ་ཕག་ཐར་ལ་རང་གིས་བརྟགས་དཔྱད་བྱོས་ལ་ཡིད་འོང་གི་ཆུང་མ་ཞིག་བསུ་རྒྱུ་ལས་ཕ་མིང་རིགས་རྒྱུད་སོགས་ལ་བལྟ་མི་དགོས་ཞེས་པ་བཞིན་རང་ཞབས་འཕས་འཛི་བཟའ་ཐར་མོ་མཚོ་གཉེན་བསླངས་ཤིང་དེ་ལས་མགོ་ལོག་ཁག་གསུམ་གྱེས་ཚུལ་ནི་ཆེ་བ་རྡོ་རྗེ་འབུམ་དང་།  འབྲིང་བ་བླ་མ་ཆོས་འབུམ།  འབྲིང་ཆུང་པདྨ་འབུམ།  ཆུང་བ་འབུམ་ཡག་བཞི་སྐྱེས།  བུ་ཆེ་བར་ཨ་འབུམ་བཟའ་བྲ་འཕྱོར་མ་ཆུང་མར་བསུས་ཤིང་ཆེན་མོའི་མདའ་ཐང་དུ་མཁར་བརྩིགས་ནས་རྡོ་རོལ་གྱི་ཤུགས་ཆེན་སྟག་མགོ་མན་ཆད་དང་གདན་ལི་མགོ་ཡན་ཆད་མཁར་རེའི་དྲུག་མཁར་རྣམས་ས་སྐལ་དུ་གནང་།  འབྲིང་བ་སེར་མོ་བྱས་ཏེ་སྔར་གྱི་ཆོས་རྒྱུན་ཀ་ཐོག་ཏུ་བརྫངས་ཤིང་རྗེས་མགོ་ལོག་བླ་མ་ཆོས་འབུམ་ཟེར་བ་དེ་བྱུང་།   པདྨ་འབུམ་ལ་ཁམས་བེ་རུ་ལྷ་ལྡོང་བཟའ་བསུས་ནས་འཛི་སྐའི་མྱི་ནག་ཤུག་མདའ་མན་ཆད་ལྡོང་ངའི་ལྡང་མདའ་ཡན་ཆད་ཀྱི་ས་ཆ་དང་མི་སྡེ་རྣམས་དང་ཆུ་འཕོས་གདོང་མཁར་དང་སྦྲ་བུ་ཚའི་ས་ཆ་གཏད་ནས་བཞག་པ་མཁར་མགོ་ནག་མ་ཟེར་བ་དེ་ཡིན།  པདྨ་ཡག་ལ་གཉན་བཟའ་ལྷ་སྐྱིད་ཆུང་མར་བསུས་ནས་ཁྱིམ་དུ་བཞག།  དེ་ལ་ལྷང་ངེའི་མཁར་དང་།  གཉན་སྐོར་ཁྱིམ་ཚང་བརྒྱ།  རྙི་མདའ་མན་ཆད་དང་སྟག་ཚལ་ཡན་ཆད་ཀྱི་ས་ཞིང་ཐམས་ཅད་གནང་ངོ་།།

མགོ་ལོག་ཁག་གསུམ་གྱི་རྒྱུད་པ་དེ་ཇི་ལྟར་གྱེས་ཚུལ་སྡོང་འགྲེལ་དུ་གསལ་ལ(སྡོང་འགྲེལ་ནི་གཙོ་བོ“མགོ་ལོག་གི་རིག་གནས་ལོ་རྒྱུས”ལ་གཞི་བཅོལ་བ་ཡིན།)འབུམ་ཕྱུག་རྒྱལ་ནས་ཨ་སྐྱོང་ཁང་རྒན་ཚང་དང་།  དེ་ལས་ཨ་སྐྱོང་ཁང་གསར་ཚང་།  ཨ་སྐྱོང་གོང་མ་ཚང་།  ཨ་སྐྱོང་དཔོན་མོ་ཚང་།  ཨ་སྐྱོང་སྦྲ་གསར་ཚང་བཞི་རུ་གྱེས་ཤིང་།  དབང་ཆེན་འབུམ་ནས་དབང་ཆེན་ཆུ་སྟོད་སྨད་གཉིས།  ཐར་བ་ནས་པད་མ་འབུམ་དཔོན་ཁག་བརྒྱད་དུ་གྱེས།  དེ་ལས་ཨ་སྐྱོང་ཁང་རྒན་ཚང་ལ་ཕྱི་ཁྲི་སྡེ།  ནང་སྟོང་སྡེ།  ཧུ་ར་རྒྱ་སྡེ་དེ་དེ་ལྟའི་ཚོ་བའི་ཆགས་ཚུལ་ནི་རྒྱ་ངང་བ་ཨ་བཟོད་མགོན་ཚང་ལ་ཆུ་འཕོང་ཚོ་བ་བཞི་དང་།  སྔོ་ཁོ་སག་ལྟོས་འབྲང་ངུ་རྣམས་ལ་ཧུ་ར་ཤོག་བཞི་དང་ཚོ་ཧུར་དགུ་སོགས་ཡོད།  ཨ་སྐྱོང་ཁང་སར་ཚང་ལ་ནང་སྡེ་བཅུ་ཤོག་བཅུ་བཞི་དང་།  ཕྱི་སྡེ་ཉི་ཤུ།  སྟོད་ཤོག་གསུམ་དང་སྨད་ཤོག་གསུམ་སྟེ་རོང་སྡེ་ཨ་འཁྱམས་ཤོག་དྲུག་སོགས་ཡོད།  ཨ་སྐྱོང་གོང་མ་ཚང་ལ་ཧུ་ར་ཤོག་ཁ་བརྒྱད་དང་།  སྟོད་ཤོག་ཚོ་བཅུ།  སྨད་ཤོག་ཆེན་བདུན།  ཆུ་སྲིབ་ཚོ་དྲུག།  རོང་སྡེ་བཞི་དང་།  ཨ་སྐྱོང་དཔོན་མོ་ཚང་ལ་ཚོ་ཆེན་བཅོ་ལྔ་དང་ཚོ་ཆུང་དྲུག་ཅུ་ཡོད་པའི་ནང་སྡེ་སྟོང་རུ་ཕྱེད་དང་།  ཕྱི་སྡེ་ཨ་ཚོགས།  རུ་ངན་སོགས་དུད་ཚང་མང་བོ་ཡོད།  དབང་ཆེན་འབུམ་ལ་དབང་ཆེན་ཆུ་སྟོད་སྨད་གཉིས་དང་།  ཆུ་སྟོད་ལ་དཔོན་ཁག་གསུམ།  དཔོན་ཤོག་ཆུང་བ་ལྔ།  ཆུ་ཕུང་ཚོ་དྲུག།  ཚོ་མ་ལག་བཅུ་གསུམ།  ཡང་ལག་ཉེར་ལྔ་བཅས་ཡོད་དོ།  པདྨ་འབུམ་ལ་རྡི་ནང་གོང་འགབ་གཉིས་དང་།  དབང་མདའ།  གྱི་ལུང་གོང་འགབ་སོགས་དཔོན་ཁག་བརྒྱད་ཡོད་པ་བཅས་སོ།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།