བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་བརྒྱུད་འཛིན་རང་བཞིན་ལ་དཔྱད་པ།

46.9K

1476420249351726.jpg2fvཀྲུང་གོ་བོད་ཀྱི་དྲ་བ།

གཡང་མོ་སྐྱིད། ༡༩༧༤ལོའི་ཟླ༨པར་མཚོ་སྔོན་མང་རྫོང་དུ་སྐྱེས། བོད་རིགས། རབ་འབྱམས་པ། མིག་སྔར་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན།  ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་དམངས་ཁྲོད་རྩོམ་རིག་དང་བོད་ཀྱི་བརྡ་རྙིང་ཡིག་ཆ་ཡིན། རྒྱལ་ཁབ་རིམ་པའི་ལས་གཞི༢བསྒྲུབས་པ་དང་། བོད་ཡིག་གི་དཔེ་དེབ༢པར་སྐྲུན་བྱས། རིམ་པ་སོ་སོའི་དུས་དེབ་སྟེང་བོད་ཡིག་གི་དཔྱད་རྩོམ༡༥ལྷག་འགྲེམ་སྤེལ་བྱས། 《བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས》ཞེས་བྱ་བར་རྒྱལ་ཁབ་རིམ་པའི་བྱ་དགའ་ཨང་གསུམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཨང་གཉིས་པ་ཐོབ།  ཞིང་ཆེན༡༣༥མཐོ་རིམ་མི་སྣ་སྐྱེད་སྲིང་འཆར་བཀོད་སློབ་ཁྲིད་རྐང་འཛིན་པ་དང་། ཞིང་ཆེན་རིམ་པའི་ན་གཞོན་དགེ་རྒན་རྐང་འཛིན་པ་བཅས་ཡིན།།2fvཀྲུང་གོ་བོད་ཀྱི་དྲ་བ།


[ནང་དོན་གནད་བསྡུས]  དཔྱད་རྩོམ་འདིར་བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་ཁྱད་ཆོས་གཙོ་བོ་བཞི་ལས་བརྒྱུད་འཛིན་རང་བཞིན་གྱི་རྣམ་པ་དང་བྱེད་ནུས་སྐོར་ལ་དཔྱད་བརྗོད་བྱས་ཡོད།2fvཀྲུང་གོ་བོད་ཀྱི་དྲ་བ།

[བརྡ་ཆད་གཙོ་བོ]  བརྒྱུད་འཛིན། རྣམ་པ། བྱེད་ནུས།2fvཀྲུང་གོ་བོད་ཀྱི་དྲ་བ།


བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་བརྒྱུད་འཛིན་རང་བཞིན་ལ་དཔྱད་པ།2fvཀྲུང་གོ་བོད་ཀྱི་དྲ་བ།

ང་ཚོས་དམངས་ཁྲོད་རྩོམ་རིག་འཕེལ་བའི་ལོ་རྒྱུས་དང་འཆད་གྱེར་ལེན་གསུམ་གྱི་ལག་ལེན་གང་ཅིའི་ཐད་ནས་བལྟས་ཀྱང་གཞན་འགྱུར་དང་བརྒྱུད་འཛིན་གཉིས་ནི་གཅིག་གྱུར་གྱི་ཕུང་བོ་ཞིག་ཏུ་མཐོང་སྟེ། གཞན་འགྱུར་མེད་ན་བརྒྱུད་འཛིན་གྱི་རྟེན་གཞི་གང་ལ་བྱེད། བརྒྱུད་འཛིན་མེད་ན་གཞན་འགྱུར་གྱི་རྣམ་པ་གསར་བ་དེ་ཕྱི་རབས་པ་རྣམས་ལ་ཅི་ལྟར་ངོམ། དེས་ན་ངག་རྩོམ་གྱི་ཁྱད་ཆོས་གཙོ་བོ་དེ་གཉིས་ནི་ནམ་ཡིན་ཡང་ཁ་འབྲལ་དུ་མི་རུང་། གཞན་འགྱུར་ནི་བརྒྱུད་འཛིན་གྱིས་སྟོན་པ་དང་། བརྒྱུད་འཛིན་ནི་གཞན་འགྱུར་ལ་བརྟེན་དགོས་པ་རེད། ངག་རྩོམ་མཐའ་དག་ས་གནས་སོ་སོར་ཁྱབ་དུས་འཆད་མཁན་དང་ཉན་མཁན་མི་འདྲ་བའི་དབང་གིས་རྗོད་བྱེད་ཀྱི་ཚིག་གི་རྣམ་པ་དང་ནང་དོན་མི་འདྲ་བ་མང་པོར་འགྱུར་ངེས་ཡང་།ངག་ཐོག་སྲོལ་རྒྱུན་གྱི་རྩོམ་སྟངས་དང་སྒྲིག་གཞི།དཔེ་འཇོག་སྟངས་དང་ཚིག་གི་ཉམས་འདོན་བྱེད་ཀྱི་ཐབས་ལམ་བཅས་ལ་འགྱུར་ལྡོག་ཆེན་པོ་འབྱུང་མི་སྲིད། དེར་བརྟེན། ངག་རྩོམ་གཅིག་ཁྱབ་གདལ་གྱི་གོ་རིམ་ཁྲོད་ཕྱོགས་གཅིག་ནས་གཞན་འགྱུར་གྱི་རྣམ་པ་མང་པོ་འབྱུང་བ་དང་། ཕྱོགས་གཞན་ཞིག་ནས་སྲོལ་རྒྱུན་གྱི་ངག་ཐོག་རྩོམ་སྲོལ་བརྒྱུད་འཛིན་བྱས་ཡོད།2fvཀྲུང་གོ་བོད་ཀྱི་དྲ་བ།

གཅིག  གསར་རྩོམ་བྱེད་སྐབས་སྲོལ་རྒྱུན་གྱི་རྣམ་པ་ལས་བརྒལ་མི་ནུས་པ།2fvཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་མེས་པོ་རྣམས་ཀྱི་ངག་ཐོག་སྲོལ་རྒྱུན་དུ་དམངས་ཁྲོད་རྩོམ་རིག་གི་རྩོམ་ལུས་སོ་སོའི་རྣམ་པ་གཏན་ཆགས་ཞིག་ངང་གིས་གོམས་ཡོད་ཅིང་། ཕྱི་རབས་པ་རྣམས་ཀྱིས་ཀྱང་སྔ་མ་སྔ་མའི་འབྲི་སྲོལ་གྱི་རྒྱུན་བསྐྱངས་ཏེ་སྔར་གྱི་རྩོམ་པའི་རྣམ་གཞག་དེའི་ནང་དུ་རང་གི་རྩོམ་གྱི་བརྗོད་བྱ་འབྲི་བ་ཡིན། དེ་བས། ངག་རྩོམ་གྱི་ནང་དོན་ཐད་འགྱུར་བ་སྣ་ཚོགས་འབྱུང་སྲིད་ཀྱང་། རྩོམ་ལུས་སོ་སོའི་རྣམ་པ་དང་རྩོམ་ལུགས་གང་ཅིའི་ཐད་ནས་བལྟས་ཀྱང་ངག་ཐོག་སྲོལ་རྒྱུན་གྱི་རྩོམ་སྲོལ་དང་མི་འགལ་བར་ཡོངས་སུ་མཐུན་པར་བྱེད་པ་ནི་ངག་རྩོམ་དང་ཡིག་རྩོམ་གྱི་ཁྱད་པར་འབྱེད་པའི་ཚད་གཞི་ལྟ་བུར་འཛིན་པ་ཡིན། དཔེར་ན། སྤྱི་ལོའི་དུས་རབས་བདུན་པའི་སྐབས་སུ་སྤུ་རྒྱལ་བོད་ཀྱིས་ཞང་ཞུང་ཐམས་ཅད་འབངས་སུ་བཀུག་པའི་དགྱེས་སྐྱེམས་སྟོན་མོའི་ཐོག་རྒྱལ་པོ་སྲོང་བཙན་གྱིས་མགུར་བླངས་པ་ལས།2fvཀྲུང་གོ་བོད་ཀྱི་དྲ་བ།

ཀྱེ་རྗེ་འི་ནི་མཚན་བ་འདི།2fvཀྲུང་གོ་བོད་ཀྱི་དྲ་བ།

ཁྲི་འི་ནི་སྲོང་བརྩན་ཞིག།2fvཀྲུང་གོ་བོད་ཀྱི་དྲ་བ།

བློན་གྱི་ནི་མྱིང་བ་འདི།2fvཀྲུང་གོ་བོད་ཀྱི་དྲ་བ།

སྟོང་རྩན་ནི་ཡུལ་ཟུང་ཞིག།2fvཀྲུང་གོ་བོད་ཀྱི་དྲ་བ།

ཆིབས་ཀྱི་ནི་མྱིང་བ་འདི།2fvཀྲུང་གོ་བོད་ཀྱི་དྲ་བ།

རྔུལ་བུ་ནི་གཙང་གཙང་ལྟ།2fvཀྲུང་གོ་བོད་ཀྱི་དྲ་བ།

①ཞེས་ཐོག་མར་རྒྱལ་པོ་རང་ཉིད་དང་བློན་པོ། ཆིབས་པ་བཅས་ཀྱི་མིང་ལ་ཅི་གསོལ་བ་མཚམས་སྦྱོར་བྱས་རྗེས། ད་གཟོད་བརྗོད་བྱ་དངོས་ཏེ། ཡུ་བུ་ནི་རྗེ་དང་བློན་།།ཡར་མོ་ནི་ཆུ་ཐུངས་ཀྱིས།ཞེས་འབྲི་སྲོལ་ཡོད་པ་ཕྱི་རབས་པ་རྣམས་ཀྱིས་ཀྱང་དེ་བརྒྱུད་འཛིན་བྱས་པ་སྟེ།《གླིང་སྒྲུང་》ལས།2fvཀྲུང་གོ་བོད་ཀྱི་དྲ་བ།

ས་འདི་དང་ས་ངོ་མ་ཤེས་ན།2fvཀྲུང་གོ་བོད་ཀྱི་དྲ་བ།

གླིང་ཉིན་ལམ་དཀར་པོའི་ས་འགག་རེད།2fvཀྲུང་གོ་བོད་ཀྱི་དྲ་བ།

ཕོ་ང་དང་ང་ངོ་མ་ཤེས་ན།2fvཀྲུང་གོ་བོད་ཀྱི་དྲ་བ།

ང་ཚ་ཞང་འདན་མ་བྱང་ཁྲ་ཡིན།2fvཀྲུང་གོ་བོད་ཀྱི་དྲ་བ།

རྟ་འདོ་བ་དངོས་གྲུབ་ལྡེམ་པ་རེད།2fvཀྲུང་གོ་བོད་ཀྱི་དྲ་བ།

②ཞེས་པ་ལྟར་གླིང་སྒྲུང་དུ་སྔར་གྱི་མགུར་གླུའི་རྣམ་པ་ཡོངས་ཁྱབ་ཏུ་བརྒྱུད་འཛིན་བྱས་ཡོད་པ་མ་ཟད། རྗེ་མི་ལ་རས་པའི་མགུར་ལས་ཀྱང་དེ་དང་འདྲ་བ་བྱུང་སྟེ།2fvཀྲུང་གོ་བོད་ཀྱི་དྲ་བ།

མི་ང་ངོ་ཁྱོད་ཀྱིས་ཤེས་མ་ཤེས།།2fvཀྲུང་གོ་བོད་ཀྱི་དྲ་བ།

མི་ང་ངོ་ཁྱོད་ཀྱིས་མ་ཤེས་ན།།2fvཀྲུང་གོ་བོད་ཀྱི་དྲ་བ།

མི་ང་རང་མི་ལ་རས་པ་ཡིན།2fvཀྲུང་གོ་བོད་ཀྱི་དྲ་བ།

ལྟེ་བ་གུང་ཐང་སྨད་དུ་བཅད།2fvཀྲུང་གོ་བོད་ཀྱི་དྲ་བ།

སློབ་གཉེར་དབུས་གཙང་མཐིལ་དུ་བགྱིས།།2fvཀྲུང་གོ་བོད་ཀྱི་དྲ་བ།

③ཞེས་བོད་བཙན་པོ་དུས་སྐབས་ཀྱི་ནང་དོན་རྒྱ་ཆེ་ཞིང་ཚིག་རྒྱན་ཕུན་སུམ་ཚོགས་པོས་སྤྲས་པ།ཚིག་རྐང་དོ་མཉམ་ཞིང་ཚིགས་སུ་བཅད་པའི་མགུར་གླུའི་རྣམ་པ་བརྒྱུད་འཛིན་བྱས་ཏེ། ཕྱིས་ཀྱི་མགུར་མ་དང་སྒྲུང་གླུ། དམངས་གླུ། བཤད་པ། གསོལ་མཆོད་སོགས་བྱུང་བ་མངོན་པར་གསལ། གཞན་ཡང་བོད་ཀྱི་ལོ་རྒྱུས་ཡིག་ཚང་སྔ་ཤོས《བཀའ་ཆེམས་ཀ་ཁོལ་མ》ལས། ལྡེའུ་ཡང་སྟེང་ན་དབུ་ཉི་མ་བ། འོག་ན་ཆུ་ཆར་ཅི་ཡིན་བྱ་བས་སྣ་དྲངས་པ་ཞེས་དྲི་བ་བཀོད་པའི་ལན་དུ་སྤྲིན་བྲིས་ཡོད་ཅེས་འཁོད་པ་ལྟར། བོད་གནའ་རབས་ཀྱི་ལྡེའུ་ནི་ཁེད་ཀྱི་བརྡ་རྙིང་ཡིན་པས། སྐབས་དེའི་ལྡེའུ་ཡི་ལུས་ཀྱི་རྣམ་པ་དང་གབ་བྱའི་ནང་དོན། གབ་བྱེད་ཀྱི་ཚིག་རྒྱན། དྲི་བ་དྲིས་ལན་གྱི་འགྲོ་ཕྱོགས་བཅས་ལ་འགྱུར་ལྡོག་ཅི་ཡང་མེད་པར་ད་ལྟའི་བར་དུ་ཇི་མ་ཇི་བཞིན་དུ་བརྒྱུད་འཛིན་བྱས་ཡོང་བ་མངོན་པར་གསལ། ཡང《སུམ་པའི་མ་ཤགས་ཆེན་མོ》ལས། ཚིག་གཏད་ལེགས་ན་ནི།། སྲིད་ཀྱི་ཡུ་བ།། ཁ་སྨྲས་ཉེས་ན་ནི།།བདུད་ཀྱི་སྒོ་མོ་འོ།། ཞེས་པ་ལྟ་བུའི་བརྗོད་བྱའི་ནང་དོན་དང་རྩོམ་ལུས་ཀྱི་རྣམ་པ།དཔེ་དང་དཔེ་ཅན་འགོད་སྟངས་བཅས་བརྒྱུད་འཛིན་བྱས་ཏེ་དེང་གི་དུས་འདིར་ཡང་། རང་ཁ་གསེར་གྱི་སྒོ་མོ།། རང་སྲོག་གཅོད་པའི་སྟ་རེ།། ཞེས་པ་དང་། ཁ་མཁས་ན་སྡེ་བའི་དཔོན་པོ་ཡིན། ལག་མཁས་ན་སྡེ་བའི་གླ་བ་ཡིན་ཅེས་པ་ལྟར་གནའ་མིའི་བསམ་བློ་དང་མི་ཆོས་ཀུན་སྤྱོད་ཀྱི་ཚད་གཞི། རྒྱལ་སྲིད་དང་ཁྱིམ་སྲིད་སྐྱོང་བའི་ཐབས་ཤེས། སྐད་ཆ་དང་རྩོམ་རིག་སྒྱུ་རྩལ་གྱི་ཉིང་བཅུད་བརྒྱུད་འཛིན་བྱས་ཡོད།2fvཀྲུང་གོ་བོད་ཀྱི་དྲ་བ།

སྤྱིར་དམངས་ཁྲོད་རྩོམ་རིག་ནི་རིགས་པའི་གཞུང་ལུགས་ཀྱི་ཚོད་འཛིན་མེད་པར་རྩོམ་ཉམས་རང་མོས་ཅན་ཞིག་ཡིན་ཡང་། སྲོལ་རྒྱུན་སྒྱུ་རྩལ་གྱི་རྨང་གཞིའི་སྟེང་གཞན་འགྱུར་འབྱུང་བ་ལས་སྒྱུ་རྩལ་གྱི་རྣམ་པ་སོགས་ལ་གློ་བུར་བའི་འཕོ་འགྱུར་ཆེན་པོ་བྱུང་བ་ཞིག་མིན་ཏེ། རང་རེའི་མི་རབས་སྔ་མ་རྣམས་ཀྱིས་དུས་ཡུན་ཤིན་ཏུ་རིང་མོ་ཞིག་གི་ནང་ལ་རྩོམ་རིག་གསར་གཏོད་ཀྱི་ཉམས་མྱོང་ཁྲོད་རིམ་གྱིས་གྲུབ་པའི་སྲོལ་རྒྱུན་གྱི་རྩོམ་སྲོལ་དང་རོ་མྱོང་གི་གོམས་གཤིས་དེ་དེང་གི་དུས་འདིར་ཡང་ཇི་བཞིན་དུ་བརྒྱུད་འཛིན་བྱས་ཡོད། དེའི་རྐྱེན་གྱིས་ངག་རྩོམ་གྱི་གསར་རྩོམ་རྩ་དོན་དང་རྩོམ་ལུས། སྒྱུ་རྩལ་ཁྱད་ཆོས་སོགས་སྒྱུ་རྩལ་གྱི་རྣམ་པ་དེར་གཏན་ཆགས་རང་བཞིན་ངེས་ཅན་ཞིག་ཡོད། དཔེར་ན། དབུས་གཙང་ཕྱོགས་སུ་དར་ཁྱབ་བའི་གཞས་ལ་མཚོན་ནའང་།2fvཀྲུང་གོ་བོད་ཀྱི་དྲ་བ།

དཀར་གསལ་ཟླ་བའི་དཀྱིལ་གྱི།།2fvཀྲུང་གོ་བོད་ཀྱི་དྲ་བ།

རི་བོང་བློ་ལྡན་ཤེས་རབ།2fvཀྲུང་གོ་བོད་ཀྱི་དྲ་བ།

ཟླ་བའི་ཐུགས་ལ་མེད་ན།2fvཀྲུང་གོ་བོད་ཀྱི་དྲ་བ།

རི་བོང་སྡོད་ས་སྤོས་ཆོག།  ཅེས་པ་ལྟ་བུ་དང་།2fvཀྲུང་གོ་བོད་ཀྱི་དྲ་བ།

ཆུང་འདྲིས་ང་གཉིས་གཏམ་དེ།2fvཀྲུང་གོ་བོད་ཀྱི་དྲ་བ།

རྡོ་ལ་རི་མོ་བྲིས་ཡོད།།2fvཀྲུང་གོ་བོད་ཀྱི་དྲ་བ།

ཆར་པ་ལོ་གསུམ་བབས་ཀྱང་།།2fvཀྲུང་གོ་བོད་ཀྱི་དྲ་བ།

རི་མོ་ཡལ་ས་མ་རེད།།2fvཀྲུང་གོ་བོད་ཀྱི་དྲ་བ།

ཞེས་པ་ལྟ་བུ་རྒྱན་སྣ་ཚོགས་ཀྱིས་སྤྲས་ཤིང་ཚེག་བར་དྲུག་དང་ལྡན་པ་ཤས་ཆེ་ལ།ཚིག་རྐང་དོ་མཉམ་པའི་ཤོ་ལོ་ཀ་གཅིག་གིས་གྲུབ་པ་ཡིན། མདོ་སྨད་ཀྱི་ཡུལ་དུ་དར་ཁྱབ་ཆེ་བའི་དམངས་གླུ་ལ་མཚོན་ནའང་ཚེག་བར་བརྒྱད་དང་ལྡན་པ་ཤས་ཆེ་ལ་ཤོ་ལོ་ཀ་གསུམ་ལས་མེད་ཅིང་། ཤོ་ལོ་ཀ་དང་པོ་དང་གཉིས་པ་དཔེ་དང་། གསུམ་པ་དཔེ་ཅན་དུ་གྲུབ། ཨ་མདོའི་ལ་གཞས་ལ་མཚོན་ནའང་ཚིག་རྐང་དོ་མཉམ་པའི་ཤོ་ལོ་གཉིས་ལས་སྔ་མ་དཔེ་དང་ཕྱི་མ་དཔེ་ཅན་གྱི་ཚུལ་ཏུ་བཀོད་ཡོད་པ་བཞིན། དམངས་ཁྲོད་རྩོམ་རིག་གི་གཞན་འགྱུར་རང་བཞིན་ནི་གཙོ་བོ་བརྗོད་བྱའི་སྟེང་མཚོན་པ་ཞིག་ཡིན་ལ། རྣམ་པའི་སྟེང་ནས་འགྱུར་བ་ཆེན་པོ་འབྱུང་མི་སྲིད།ངག་རྩོམ་གྱི་རྣམ་པར་གཏན་འཇགས་ཀྱི་རང་བཞིན་ངེས་ཅན་ཞིག་ལྡན་པ་སྟེ། དམངས་ཁྲོད་རྩོམ་རིག་གི་རྩོམ་ལུས་གང་ཡིན་ཡང་ངག་ཐོག་སྲོལ་རྒྱུན་གྱི་རྩོམ་སྲོལ་དེ་དང་འགལ་ཚེ་མང་ཚོགས་ཀྱིས་ཁས་མི་ལེན་པ་དང་། ཁོ་ཚོའི་ཡིད་ཀྱི་དང་བ་འདྲེན་མི་ནུས་པས། ངག་ཐོག་ནས་བརྒྱུད་འཛིན་དང་དར་སྤེལ་བྱེད་ཐབས་མེད།2fvཀྲུང་གོ་བོད་ཀྱི་དྲ་བ།

གཉིས།  བརྒྱུད་འཛིན་རང་བཞིན་ནི་བསྐྱར་བཟློས་ཀྱི་བརྒྱུད་རིམ་ཞིག་ཡིན།2fvཀྲུང་གོ་བོད་ཀྱི་དྲ་བ།

བོད་མི་རྣམས་ཀྱིས་གནའ་སྔ་མོ་ནས་ཡིད་འགྱུར་སྣ་ཚོགས་ཇི་བཞིན་དུ་མཚོན་པར་བྱེད་པའི་ངག་རྩོམ་བགྲང་གིས་མི་ལང་བ་ཞིག་གསར་སྐྲུན་མཛད་དེ་བརྒྱུད་འཛིན་དར་སྤེལ་བྱས་ཐོག  བོད་ཀྱི་དམངས་ཁྲོད་རྩོམ་རིག་རྒྱུན་མ་ཆད་པར་འཕེལ་རྒྱས་བྱུང་ནས་སྔར་ལས་ཕུན་སུམ་ཚོགས་ཤིང་གྱ་ནོམ་པར་གྱུར་ཅིང་བོད་རང་གི་ཁྱད་ཆོས་དང་གོམས་སྲོལ་ལ་ཡོངས་སུ་མཐུན་པའི་ངག་ཐོག་སྲོལ་རྒྱུན་རིག་གནས་རྩ་ཆེན་ཞིག་ཏུ་གྱུར་ཡོད་པ་མ་ཟད། ལྟོས་བཅས་ཀྱི་གཏན་འཇགས་ཀྱི་རྣམ་པ་ལྡན་པའི་རྩོམ་ལུས་སྣ་ཚོགས་ཤིག་གྲུབ་ཡོད། གལ་ཏེ་སྐད་ཆ་དང་དམངས་སྲོལ་རིག་གནས་སོགས་དམངས་ཁྲོད་རྩོམ་རིག་ཡུན་རིང་དུ་གནས་པར་བྱེད་པའི་རྒྱུ་རྐྱེན་གལ་ཆེན་དག་མ་ཉམས་ཚེ་མི་རབས་ནས་མི་རབས་སུ་བརྒྱུད་འཛིན་བྱེད་ཐུབ་པ་ཡིན།2fvཀྲུང་གོ་བོད་ཀྱི་དྲ་བ།

ངག་རྩོམ་སོ་སོའི་ལུས་ཀྱི་རྣམ་པ་དང་རྩོམ་ཐབས། ཚིག་རྒྱན་བཅས་ལ་འགྱུར་ལྡོག་ཆེན་པོ་མེད་ཀྱང་། ནང་དོན་ཐད་ཡིག་རྩོམ་ཇི་བཞིན་གཏན་ཆགས་རང་བཞིན་ལྡན་པ་ཞིག་མ་ཡིན་པར། རྒྱུན་ཆད་མེད་པར་གཞན་འགྱུར་གྱི་རྣམ་པ་འབྱུང་བ་ཡིན། གཞན་འགྱུར་གྱི་རྣམ་པ་དེ་ནི་གློག་བརྙན་གྱི་པར་རིས་སྒྱུ་རྩལ་དང་འདྲ་བར་ཆེད་དུ་ཁྱབ་གདལ་བྱས་པ་ཞིག་མིན་པར་རང་ཤུགས་ཀྱིས་ངག་ནས་ངག་བརྒྱུད་དེ་བོད་དམངས་ཁྲོད་དུ་རླུང་ལྟར་གྲགས་ཤིང་ཁྱབ་པ་ཞིག་རེད། དམངས་ཁྲོད་རྩོམ་རིག་གི་རྣམ་པ་གང་ཞིག་ཡིན་ཡང་གློ་བུར་དུ་བྱུང་ཞིང་གྲུབ་པ་ཞིག་མིན་པར། བརྒྱུད་འཛིན་གྱི་གོ་རིམ་ཁྲོད་ཇེ་ལེགས་ཇེ་ཞིབ་ཏུ་སོང་བའི་སྒྱུ་རྩལ་གྱི་ཐོན་དངོས་ཤིག་ཡིན།2fvཀྲུང་གོ་བོད་ཀྱི་དྲ་བ།

དམངས་ཁྲོད་རྩོམ་རིག་ནི་ངག་ཐོག་སྲོལ་རྒྱུན་གྱི་རིག་གནས་ངོ་མཚར་བ་ཞིག་ཡིན་པའི་ཆ་ནས།ཁྱབ་གདལ་བྱེད་སྐབས་ཡིག་རྩོམ་དང་ཁྱད་པར་མངོན་གསལ་ཡོད་དེ། ངག་རྩོམ་ནི་རྒྱུན་ཆད་མེད་པར་ཡང་དང་བསྐྱར་དུ་འཆད་གྱེར་ལེན་གསུམ་བྱས་ཚེ་ད་གཟོད་བརྒྱུད་འཛིན་བྱེད་ཐུབ་ལ། དེ་ལས་ལྡོག་སྟེ་འཆད་ལེན་བྱེད་མཚམས་བཞག་ན་ངང་ངམ་ཤུགས་ཀྱིས་ཉམས་པར་འགྱུར་སྲིད། དམངས་ཁྲོད་རྩོམ་རིག་ནི་འཁྲབ་སྟོན་ཁྲོད་ཀྱི་གསར་རྩོམ་ཞིག་ཡིན་པས། འཁྲབ་སྟོན་ཁྲོད་དུ་ད་གཟོད་དེའི་སྤྱི་ཚོགས་ཀྱི་རིན་ཐང་དང་མཛེས་དཔྱོད་ཀྱི་རིན་ཐང་མངོན་ཐུབ། གལ་ཏེ་ངག་རྩོམ་ཞིག་དུས་ཡུན་རིང་བོར་འཁྲབ་སྟོན་མ་བྱས་བར་སྣང་མེད་བཏང་སྙོམས་སུ་བཞག་ཚེ།མི་རྣམས་ཀྱི་དྲན་འཛིན་གྱི་ཡིད་ངོས་ནས་རིམ་བཞིན་རབ་རིབ་མི་གསལ་བར་འགྱུར་འགྲོ་བ་རེད། ཡིག་ཐོག་སྲོལ་རྒྱུན་རྩོམ་རིག་ནི་དེ་ལྟ་མ་ཡིན་པར། ཡིག་གེར་བརྟེན་ནས་ཡུན་རིང་ལ་གནས་ཐུབ་པ་ཞིག་ཡིན། ངག་རྩོམ་གྱི་རིགས་གང་ཞིག་ཡིན་རུང་ཡིག་ཐོག་ནས་རྣམ་པ་ཇི་མ་ཇི་བཞིན་དུ་ཡོངས་སུ་མཚོན་ཐུབ་པ་ཞིག་མིན་པས། ངག་རྩོམ་ཁ་ཤས་ཡིག་ཐོག་ནས་ཡོངས་སུ་ཟིན་ཐོར་འགོད་ཐབས་མི་འདུག སྒྱུ་འཕྲུལ་གཏམ་རྒྱུད་དང་བྱུང་བརྗོད་སྙན་ངག་ཡང་དེ་ལྟར་ཡིན་པ་མ་ཟད། དམངས་ཁྲོད་རྩོམ་རིག་གི་རྣམ་པ་གཞན་དག་ཀྱང་དེ་ལྟར་ཡིན། ངག་རྩོམ་གྱི་སྐད་ཆའི་རིགས་ལམ་དང་རྩོམ་ལུགས། རྩོམ་ལུས་ཀྱི་རྣམ་པ་དག་ཐེངས་གཅིག་གིས་གྲུབ་སྲིད་པ་ཞིག་མིན་པར། རྩོམ་རིག་འཕེལ་བའི་བྱ་རིམ་གྱི་ནང་དུ་རིམ་བཞིན་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པའི་སྒོ་ནས་གྲུབ་པ་ཡིན། དེས་ན་བོད་ཀྱི་དམངས་ཁྲོད་རྩོམ་རིག་ཇི་ལྟར་བརྒྱུད་འཛིན་བྱས་པ་ཡིན་ཟེར་ན།2fvཀྲུང་གོ་བོད་ཀྱི་དྲ་བ།

༡·དམངས་ཁྲོད་རྩོམ་རིག་ནི་བོད་རིགས་མི་དམངས་ཀྱིས་གཅིག་གིས་གཅིག་ལ་བཤད་དེ་མི་རབས་རེ་རེ་བཞིན་བརྒྱུད་ནས་ད་ལྟའི་བར་དུ་རྒྱུན་འཇགས་སུ་གནས་ཡོད་པའི་རྩོམ་རིག་གི་རྣམ་པ་ཞིག་སྟེ། འཆད་མཁན་དང་ཉན་མཁན་མི་ཉུང་ཞིག་གི་ངག་ལམ་དང་སྙན་ལམ་གང་རུང་བརྒྱུད་ནས་དུས་ཡུན་རིང་བོར་བརྒྱུད་འཛིན་བྱས་འོང་བ་ཞིག་ཡིན། དཔེར་ན། དམངས་ཁྲོད་ཀྱི་གླུ་དང་གཏམ་དཔེ། ཁེད་གང་ཡིན་ཡང་དུས་རབས་གཅིག་ལ་མི་གཅིག་གམ་མཁས་པ་འགས་བརྩམས་པ་མིན་པར།དུས་ཡུན་རིང་བའི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ཁྲོད་དུ་མི་མང་པོའི་ངག་ནས་ཡང་ཡང་བསྐྱར་ཟློས་ཀྱི་འཆད་ལེན་བྱས་ཤིང་། འཆད་ལེན་གྱི་ཁྲོད་དུ་ཡང་བསྐྱར་ཁ་གསབ་དང་འཐུས་ཚང་ཅན་དུ་གྱུར་བ་བཅས་བོད་མི་རབས་དུ་མའི་ཐུན་མོང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་གསར་རྩོམ་དང་བརྒྱུད་འཛིན་བྱས་འོང་པ་རེད།2fvཀྲུང་གོ་བོད་ཀྱི་དྲ་བ།

༢·ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་པ་ལྟར། བོད་དུ་སྒྲ་སྦྱོར་གྱི་ཡི་གེ་མ་བྱུང་ཡར་སྔོན་དུ་ཡི་གེ་ལ་བརྟེན་ནས་བྱིས་པ་རྣམས་ལ་སློབ་གསོ་བྱེད་ཐབས་བྲལ་བས། བྱིས་པ་རྣམས་ཀྱི་བློ་གྲོས་སྐྱེད་སྲིང་དང་མི་གཤིས་གསོ་སྐྱོང་བྱེད་རྒྱུ་དེ་ཁྱིམ་ཚང་གི་སློབ་གསོ་ཁོ་ནར་བསྟེན་པ་ཡིན།དེ་ཡང་ངལ་རྩོལ་ལ་བྲེལ་བ་ཆེ་སྟབས་ཕ་མ་གཉིས་རྒྱུན་དུ་ཁྱིམ་ནས་འདུག་ཁོམ་མེདཔས།མེས་པོ་མེས་མོ་སོགས་རྒན་རབས་པ་རྣམས་ཀྱིས་བྱིས་པར་གཉོར་སྐྱོང་བྱས་ཐོག བྱིས་པའི་སློབ་གསོའི་གཙོ་འགན་ཡང་ཕྲག་ཏུ་བཞེས་ཡོད། ཁོང་ཚོས་རྒྱུན་དུ་རང་ཉིད་ཀྱི་བསམ་པའི་མོས་པ་དང་དགའ་ཁ་འཁྱེར་ཕྱོགས་ལྟར་ངག་ཐོག་ནས་བྱིས་པ་རྣམས་ལ་སྲིད་པའི་གླུ་དང་སྲིད་པ་རྒད་པོ་རྒད་མོའི་གཏམ། སུམ་པ་ཨ་མའི་གཏམ་དཔེ་སོགས་མེས་པོ་སྔ་མ་སྔ་མའི་བྱུང་བ་དང་ཉམས་མྱོང་། རྩོམ་རིག་གི་རིགས་ལམ། མི་ཆོས་ཀུན་སྤྱོད་ཀྱི་ཚད་གཞི་དེ་ཕྱི་རབས་པ་རྣམས་ལ་བརྒྱུད་སྤེལ་བྱས་ནས་བློ་རིག་གོང་འཕེལ་དང་ཡ་རབས་སྤྱོད་བཟང་གི་ལམ་ལ་སྐུལ་བ་ཡིན། དེའི་ཕྱིར། གནའ་བོའི་ཀེ་རི་སེའི་མིས་གཏམ་རྒྱུད་ལ(geroia)རྒད་མོ་ཟེར་ཞིང་། ཞི་སའེ་ལུའོ་ཡིས་དེར(fabulae aniles)རྒད་མོའི་གཏམ་རྒྱུད་ཟེར། ཕེ་ལུའོ་ཡི(perault)གཏམ་རྒྱུད་དུ་བར་བཅུག་རི་མོ་ཞིག་ཡོད་པ་དེར་རྒད་མོ་ཞིག་བྱིས་པ་མང་པོས་བསྐོར་ཏེ་གཏམ་རྒྱུད་འཆད་བཞིན་ཡོད། དེ་ནི་མེས་མོ་ཡིས་བྱིས་པ་ཚོར་གཏམ་རྒྱུད་འཆད་བཞིན་པའི་བྱེད་སྒོ་ཞིག་རེད④ཅེས་པ་ལྟར།དམངས་ཁྲོད་རྩོམ་རིག་ནི་མི་རིགས་དང་ས་ཁུལ་གང་ཞིག་ཡིན་ཡང་སྲོལ་རྒྱུན་རིག་གནས་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཁྱིམ་ཚང་གི་ཁོར་ཡུག་དེའི་ནང་ནས་མུ་མཐུད་དུ་བརྒྱུད་འཛིན་བྱེད་བཞིན་ཡོད།2fvཀྲུང་གོ་བོད་ཀྱི་དྲ་བ།

༣·དམངས་ཁྲོད་རྩོམ་རིག་གི་བརྒྱུད་འཛིན་རང་བཞིན་ནི་ངག་རྩོམ་དེ་ཡིག་རྩོམ་དུ་འགྱུར་བའི་བརྒྱུད་རིམ་ཁྲོད་དུ་མངོན་ཡོད། དེ་ཡང་ཕྱོགས་གཅིག་ནས་ངག་རྩོམ་གང་ཞིག་ངག་ནས་ངག་བརྒྱུད་དེ་ཡི་གེ་བྱུང་རྗེས་ཡིག་ཐོག་ཟིན་ཐོར་བཀོད་པ་དང་མཉམ་དུ། དེ་སྔ་ངག་བརྒྱུད་ཁྲོད་ཕྱི་རབས་པ་རྣམས་ཀྱིས་རང་རང་གི་ཡིད་སྤྲུལ་དང་འདོད་མོས་ལྟར་རྟོགས་བཏགས་དང་རྒྱས་སྤྲོས་བྱས་པའི་ཆ་རྣམས་ཀྱང་རང་ཤུགས་ཀྱིས་ཡིག་ཐོག་ཟིན་ཐོར་བཀོད་ཡོད། དཔེར་ན།《གླིང་གེ་སར་རྒྱལ་པོའི་སྒྲུང》ཁྱབ་གདལ་བྱེད་པའི་གོ་རིམ་ཁྲོད་དུ། ཟས་མི་ལག་བརྒྱུད་ན་ཇེ་ཉུང་། གཏམ་མི་ཁ་བརྒྱུད་ན་ཇེ་མང་ཅེས་པའི་དཔེ་ལྟར། གླིང་གེ་སར་རྒྱལ་པོའི་མཛད་རྗེས་དངོས་གཞི་བྱས་ཐོག་སྔོན་བཙན་པོའི་དུས་སུ་བྱུང་བའི་དམག་འཁྲུག་གི་ལོ་རྒྱུས་རྣམས་རང་རྟོགས་སམ་རང་རྟོགས་མིན་པ་གང་རུང་གི་སྒོ་ནས་གླིང་གེ་སར་གྱི་སྟེང་དུ་སྦྱར་བ་མངོན་པར་གསལ་བ་བཞིན་དོན་གྱི་བྱུང་བ་དངོས་དང་ཕྱིས་ཀྱི་སྒྲོ་བཏགས་ཀྱི་ཆ་རྣམས་ཇི་བཞིན་ཡི་གེར་བཀོད་ནས་རྒྱུན་འཁྱོངས་ཁྱབ་སྤེལ་བྱས་པར་རྩོམ་རིག་གི་རིན་ཐང་ཆེན་པོ་ལྡན།ཕྱོགས་གཞན་ཞིག་ནས་ངག་རྩོམ་གང་ཞིག་ཡིག་ངོས་སུ་གཏན་ལ་ཕབ་རྗེས། མུ་མཐུད་དུ་འཕེལ་རྒྱས་བྱུང་བར་རང་ཤུགས་ཀྱིས་ཚོད་འཛིན་བྱས་ཡོད་མོད། འོན་ཀྱང་ཡིག་གེར་བཀོད་པའི་རྗེས་སུ་མ་ཕྱི་དེར་རྒྱུན་མཐུད་ནས་བྱུང་བ་རྣམས་ཡིག་ཐོག་ཟིན་ཐོའི་ནང་དུ་མི་འདུ་བས། ནང་དོན་མི་འདྲ་བ་དང་ལྟ་ཚུལ་མི་འདྲ་བ་སྣ་ཚོགས་མི་འབྱུང་བར་མ་ཟད། བོད་མི་རིགས་རང་གི་འཚོ་བའི་ཉམས་འགྱུར་དང་ཁྱད་ཆོས་ལྡན་པའི་རིག་གནས་དྭངས་གཙང་ཅན་དེ་ངོ་བོ་གཞན་དུ་མི་འགྱུར་བར་ཡུན་རིང་དུ་ཉར་ཚགས་དང་བརྒྱུད་འཛིན་བྱེད་པར་ཤིན་ཏུ་ཕན་ནོ།།2fvཀྲུང་གོ་བོད་ཀྱི་དྲ་བ།


མཆན་འགྲེལ།2fvཀྲུང་གོ་བོད་ཀྱི་དྲ་བ།

①③ཆབ་འགག་རྟ་མགྲིན་གྱིས་བརྩམས་ཤིང་། 2002ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《སྒྲུང་དཔྱད་སྙིང་གི་ལེགས་སྐྱེས》ཀྱི་ཤོག་ངོས་142པ་དང་143པར་གསལ། 2fvཀྲུང་གོ་བོད་ཀྱི་དྲ་བ།

②1997ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《ཧོར་གླིང་གཡུལ་འགྱེད》ཀྱི་སྟོད་ཆ་ཤོག་གྲངས194པར་གསལ།2fvཀྲུང་གོ་བོད་ཀྱི་དྲ་བ།

④万建中:《民间文学引论》,北京大学出版社,2006年版,第81页。2fvཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།