བོད་ཀྱི་མཐོ་རིམ་སློབ་གྲྭའི་དམངས་ཁྲོད་རྩོམ་རིག་གི་རིག་གཞུང་ཚན་ཁག་དང་ཤེས་བྱའི་མ་ལག་འཛུགས་སྐྲུན་སྐོར་གླེང་བ།

1477981918413519.jpgC3Dཀྲུང་གོ་བོད་ཀྱི་དྲ་བ།

གཡང་མོ་སྐྱིད། ༡༩༧༤ལོའི་ཟླ༨པར་མཚོ་སྔོན་མང་རྫོང་དུ་སྐྱེས། བོད་རིགས། རབ་འབྱམས་པ། མིག་སྔར་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན།  ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་དམངས་ཁྲོད་རྩོམ་རིག་དང་བོད་ཀྱི་བརྡ་རྙིང་ཡིག་ཆ་ཡིན། རྒྱལ་ཁབ་རིམ་པའི་ལས་གཞི༢བསྒྲུབས་པ་དང་། བོད་ཡིག་གི་དཔེ་དེབ༢པར་སྐྲུན་བྱས། རིམ་པ་སོ་སོའི་དུས་དེབ་སྟེང་བོད་ཡིག་གི་དཔྱད་རྩོམ༡༥ལྷག་འགྲེམ་སྤེལ་བྱས། 《བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས》ཞེས་བྱ་བར་རྒྱལ་ཁབ་རིམ་པའི་བྱ་དགའ་ཨང་གསུམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཨང་གཉིས་པ་ཐོབ།  ཞིང་ཆེན༡༣༥མཐོ་རིམ་མི་སྣ་སྐྱེད་སྲིང་འཆར་བཀོད་སློབ་ཁྲིད་རྐང་འཛིན་པ་དང་། ཞིང་ཆེན་རིམ་པའི་ན་གཞོན་དགེ་རྒན་རྐང་འཛིན་པ་བཅས་ཡིན།།
C3Dཀྲུང་གོ་བོད་ཀྱི་དྲ་བ།


[ནང་དོན་གནད་བསྡུས]   དཔྱད་རྩོམ་འདིར་དེང་རབས་སློབ་གསོའི་བཅོས་སྒྱུར་དང་ཆེད་ལས་འཛུགས་སྐྲུན་གྱི་དགོས་མཁོར་དམིགས་ཏེ། བོད་ཀྱི་མཐོ་རིམ་སློབ་གྲྭ་དག་ཏུ་དམངས་ཁྲོད་རྩོམ་རིག་གི་རིག་གཞུང་ཚན་ཁག་དང་ཤེས་བྱའི་མ་ལག་འཐུས་ཚང་དུ་གཏོང་བའི་སྐོར་ཞིབ་ཏུ་གླེང་ཡོད།C3Dཀྲུང་གོ་བོད་ཀྱི་དྲ་བ།

[བརྡ་ཆད་གཙོ་བོ] སློབ་གྲྭ་ཆེན་མོ།    དམངས་ཁྲོད་རྩོམ་རིག    རིག་ཚན་ཤེས་བྱ།C3Dཀྲུང་གོ་བོད་ཀྱི་དྲ་བ།


གླེང་གཞི།
C3Dཀྲུང་གོ་བོད་ཀྱི་དྲ་བ།

ཉང་ཉི་མ་འོད་ཟེར་གྱིས“བོད་ཀྱི་རྒྱལ་པོ་ལ་སྔ་བ་རྗེ་གཉའ་ཁྲི་བཙན་པོ་ཡིན་ཏེ། དེའི་སྐུ་རིང་ལ། གཏམ་རྒྱུད་དང་སྒྲུང་རྒྱུད། སྡེབ་སྦྱོར། བཀའི་ཀུགས། བྲོ་གར། གླུ་གཞས། ཤོན་རྩེད། རྩེད་འཇོ་ལ་སོགས་པ་བྱུང་བ་ཡིན”①ཞེས་འཁོད་པ་ལྟར་བོད་མི་རིགས་ལ་གནའ་བོའི་དུས་ནས་འཛམ་གླིང་མི་རིགས་གཞན་གྱིས་འགྲན་དཀའ་བའི་དམངས་ཁྲོད་རྩོམ་རིག་གི་རྩོམ་ལུས་དང་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡོད་པར་མ་ཟད། དུས་སྐབས་གསར་བའི་ནང་བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་ཆེད་མཁས་པ་ཆར་རྗེས་ཀྱི་ཤ་མོ་བཞིན་བྱུང་སྟེ་ཞིབ་འཇུག་གི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པར་བརྟེན། མི་ཆོས་སྤྱི་ཚོགས་ཚན་རིག་གི་རིག་གཞུང་ཚན་ཁག་གཞན་དག་དང་ཀུན་ནས་འགྲན་བཟོད་པ་དང་། མི་རིགས་དང་སྲོལ་རྒྱུན་གྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཞིག་ལྡན་མོད། མིག་སྔར་བོད་ཀྱི་མཐོ་རིམ་སློབ་གྲྭ་ཁ་ཤས་སུ།  དམངས་ཁྲོད་རྩོམ་རིག་གི་རིག་གཞུང་ཚན་ཁག་གི་ཆེད་ལས་མེད་པར་མ་ཟད། དམངས་ཁྲོད་རྩོམ་རིག་ཐད་ཀྱི་སློབ་ཁྲིད་བཙུགས་མེད་པའམ་ཡང་ན་ཞོར་སྦྱོང་དང་བདམས་སྦྱོང་བསླབ་ཚན་ཙམ་ལས་མེད། མཐོ་རིམ་སློབ་གྲྭ་ཁ་ཤས་སུ་དམངས་ཁྲོད་རྩོམ་རིག་ཐད་ཀྱི་རིག་གཞུང་ཚན་ཁག་གི་མིང་ཙམ་ལས་མེད། ཉེ་ལམ་ལོ་ངོ་བཅུར་ཉེ་བའི་རིང་གི་རིག་གཞུང་ཚན་ཁག་འཛུགས་སྐྲུན་ཁྲོད། དཔལ་འབྱོར་རིག་པ་དང་བཟོ་ཚོང་དོ་དམ་ཚན་རིག་སོགས་སྤྱོད་སྒོ་ཆེ་བའི་རིག་གཞུང་ཚན་ཁག་དག་འཕེལ་རྒྱས་བྱུང་བ་ཧ་ཅང་མགྱོགས་ན་ཡང་།  སྲོལ་རྒྱུན་མི་ཆོས་སྐོར་གྱི་རིག་གཞུང་ཚན་ཁག་དག་ཉིན་རེ་བཞིན་ཉམས་པར་གྱུར།  དཔེར་ན། ལྗོངས་རྒྱུ་དང་རྩོམ་སྒྲིག  དྲུང་ཡིག ཁྲིམས་ལུགས། རྩིས་འཁོར། སྤྱི་འབྲེལ།  སྡེ་ཁུལ་སྲིད་འཛིན་དོ་དམ་སོགས་རྒྱུགས་ཆེ་བའི་ཆེད་ལས་འགའ་ཤས་ཁ་སྣོན་བྱས་པ་ལྟ་བུ་རེད།  ཐོན་སྐྱེད་དང་ལག་ལེན།   བདག་གཉེར་བཅས་ཀྱི་ནུས་རྩལ་སྦྱོང་བརྡར་དང་ཁྲིད་སྤེལ་བྱེད་པ་ནི་དེང་རབས་མཐོ་རིམ་སློབ་གྲྭའི་སློབ་གསོའི་འཚོལ་སྙེགས་བྱེད་པའི་མཐར་ཐུག་གི་དམིགས་ཡུལ་དུ་གྱུར་ཡོད། དེ་ནི་ཕལ་ཆེར་བོད་ཀྱི་མཐོ་རིམ་སློབ་གྲྭ་དག་གིས་ད་ལྟའི་བར་དམངས་ཁྲོད་རྩོམ་རིག་ལ་མཐོང་ཆེན་མ་མཛད་པ་དང་དེའི་ཐད་ཀྱི་རིག་གཞུང་ཚན་ཁག་མ་བཙུགས་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པར་འདོད། བོད་ཀྱི་དམངས་ཁྲོད་རྩོམ་རིག་གཙོ་བྱས་པའི་སྲོལ་རྒྱུན་མི་ཆོས་སྐོར་གྱི་རིག་གནས་ནི་བོད་མི་རིགས་འདི་འཛམ་གླིང་མི་རིགས་ཀྱི་གྲས་ནས་ཡུན་རིང་འཚོ་བའི་བླ་སྲོག་ལྟ་བུ་ཡིན་པས།     བོད་ཀྱི་དམངས་ཁྲོད་རྩོམ་རིག་འཛིན་སྐྱོང་སྤེལ་གསུམ་དང་བོད་རིགས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོར་གཏོང་ཆེད། བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་ཆེད་ལས་འཛུགས་སྐྲུན་དང་རིག་ཚན་འཛུགས་སྐྲུན།  བསླབ་ཚན་མ་ལག་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་བྱས་ཏེ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གྱི་དགོས་མཁོར་བསྟུན་ཐུབ་པའི་མ་ལག་འཐུས་ཚང་དང་ཚད་ལྡན་ཞིག་ཆགས་པའི་དགོས་པ་ཤིན་ཏུ་ཆེ་བར་མཐོང་སྟེ་རང་བློས་དཔོག་ཚོད་ཀྱིས་ལྟ་ཚུལ་འགའ་ཞིབ་ཏུ་གླེང་བ་ཡིན།C3Dཀྲུང་གོ་བོད་ཀྱི་དྲ་བ།

དང་པོ། བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་གནས་བབ་སྤྱིར་བཤད་པ།C3Dཀྲུང་གོ་བོད་ཀྱི་དྲ་བ།

བོད་མི་སུ་ཡིན་ཡང་དམངས་ཁྲོད་རྩོམ་རིག་གི་ཁྱབ་ཁོངས་ངེས་ཅན་ཞིག་ཏུ་གནས་པས། རང་དང་འབྲེལ་བའི་དམངས་ཁྲོད་རྩོམ་རིག་གི་ཤེས་བྱ་ངེས་ཅན་ཞིག་ཡོད་སྲིད། དཔེར་ན། འཇིག་རྟེན་ཆགས་ཚུལ་དང་འགྲོ་བ་གྲོལ་ལུགས་ཐད་ཀྱི་ལྷ་སྒྲུང་། མགར་སྟོང་བཙན་གྱི་ངག་རྒྱུན། ཉི་ཆོས་བཟང་བོའི་གཏམ་རྒྱུད།  གེ་སར་རྒྱལ་པོའི་སྒྲུང་སོགས་ང་ཚོར་རྒྱུས་མངའ་ཧ་ཅང་ཆེ་བ་བཞིན་རེད། ཡིན་ན་ཡང་། ང་ཚོས་བྱེས་སྐྱོད་བརྟག་དཔྱད་བྱེད་སྐབས།  རྒྱུན་དུ“ང་ཚོར་རིག་གནས་མེད”ཅེས་བཤད་མཁན་མང་དུ་མཐོང་།  མང་ཚོགས་མི་ཉུང་བ་ཞིག་དང་ཡང་ན་ཤེས་ཡོན་ཅན་ཁ་ཤས་ཀྱིས་རིག་གནས་ནི་ཡི་གེ་ཤེས་མིན་ལ་གོ་བ་ལེན་དགོས་པས་ཆེད་དུ་སློབ་སྦྱོང་བྱེད་དགོས་པ་ཞིག་ཡིན་པར་འདོད།   ཡི་གེ་ཤེས་མིན་གྱིས་མིའི་ཐོབ་ཐང་གི་ཁྱད་པར་འབྱེད་པ་ནི་རྩོད་མེད་ཀྱི་ལོ་རྒྱུས་དོན་དངོས་ཤིག་ཡིན་ཏེ། དཔེར་ན། ཡི་གེ་མི་ཤེས་པའི་མིར་ཡིག་རྨོངས་སུ་འབོད་ཅིང་། ལོ་རྒྱུས་སྟེང་ཡི་གེ་མི་ཤེས་པའི་མི་ཚོགས་དང་ཞིང་པ། བུད་མེད་སོགས་ལ་རིག་གནས་མེད་པའི་མི་ཚོགས་སུ་བརྗོད།    དོན་དམ་པར་ཡི་གེ་སྤྱོད་པ་ཧ་ཅང་ཉུང་བའི་རྒྱ་ཆེ་བའི་དམངས་ཁྲོད་དུ་སྙན་ཞིང་འཇེབས་ལ་ཡི་གེར་མ་བརྟེན་པའི་ངག་ཐོག་རྩོམ་རིག་དང་སྒྱུ་རྩལ་འཁྲབ་སྟོན། རོལ་མོ། གླུ་གཞས་སོགས་ངག་རྒྱུན་རིག་གནས་དར་ཆེ་ཞིང་།   ངག་རྒྱུན་རིག་གནས་དང་ཡིག་ཐོག་རིག་གནས་ལ་འདྲ་མཉམ་གྱི་ཐོབ་ཐང་ལྡན། དམངས་ཁྲོད་རྩོམ་རིག་ནི་མང་ཚོགས་རང་ལ་དབང་བའི་ཤེས་བྱ་ཡིན་ལ།  མང་ཚོགས་ཀྱི་ངག་ནས་བྱུང་བའི་ཤེས་བྱའང་ཡིན།   མང་ཚོགས་ཀྱིས་དེ་ལ་བརྟེན་ནས་རང་གི་བསམ་བློ་དང་འདུ་ཤེས། ཆགས་སྡང་སོགས་གསལ་བོར་སྟོན་པར་བྱེད་མོད།  ཤེས་བྱ་འདི་རིགས་ལ་ཚན་རིག་མ་ཡིན་པའི་ཤེས་བྱར་བརྗོད་ཅིང་ཚན་རིག་གིས་བདེན་དཔང་དང་དྭངས་སྙིགས་མ་ཕྱེ་བའི་ཡིད་རྟོན་མེད་པའི་བརྗོད་གཏམ་ཞིག་ཏུ་འདོད་དེ། ཤེས་ལྡན་པ་ཚོས་གཏན་དུ་ཕབ་པའི་ཚན་རིག་ཤེས་བྱས་སྐྱོན་བརྗོད་དང་འཕྱ་སྨོད་བྱེད་པའི་གནས་སུ་གྱར་ཅིང་། དོན་དངོས་དང་མཐུན་པའི་སྤྱི་ཚོགས་གོ་གནས་ཤིག་ཐོབ་མེད། “མི་ཚེ་སྟོང་ཟད་དུ་གཏོང་ན་གེ་སར་ཤོབ་སྒྲུང་ལ་ལྟོས”ཞེས་བརྗོད་པ་ལྟར་དམངས་ཁྲོད་རྩོམ་རིག་ནི་ཡུན་རིང་བོར་སྤྱི་ཚོགས་དམའ་རིམ་གྱི་རྩོམ་རིག་གི་གྲས་སུ་བཞག་ཡོད་པས།    རྩོམ་རིག་ཞིབ་འཇུག་གི་མ་ལག་གཙོ་བོའི་གྲས་སུ་ཚུད་ཐུབ་མེད། རྩོམ་རིག་པའམ་ཡང་ན་ཡོན་ཏན་པས་དམངས་ཁྲོད་རྩོམ་རིག་བེད་སྤྱོད་དང་སྒྱུར་བཅོས་བྱེད་པ་ནི་ཐུགས་རྗེས་བསྐྱངས་པའི་དྲིན་དུ་བསྒོམས།   ཤེས་ལྡན་མི་སྣའི་མཐོང་སྣང་ལ་དམངས་ཁྲོད་རྩོམ་རིག་ལ་དོན་སྙིང་དེ་ཙམ་ལས་མེད་པར་འདོད།  ཁོང་ཚོའི་བསམ་བློའི་ཁ་ཕྱོགས་དང་སྨྱུག་རྩེས་གསུང་རབ་ཀྱི་བསྟན་བཅོས་དང་ཡིག་ཐོག་བརྩམས་ཆོས་ཐད་ལ་ཕྱོགས་པ་ལས་དམངས་ཁྲོད་རྩོམ་རིག་འཚོལ་སྡུད་དག་སྒྲིག་དང་དཔེ་སྐྲུན་བྱ་བའི་ཐད་དེ་འདྲའི་མཐོང་ཆེན་དང་དོ་སྣང་མ་མཛད་པས།   དམངས་ཁྲོད་རྩོམ་རིག་གི་རྣམ་པ་མང་ཆེ་ཤོས་ནི་རང་སྐྱེ་རང་ཤིའི་ཚུལ་དུ་གནས།  ནང་སྒོས་སུ་གྲོང་ཁྱེར་རིག་གནས་ནང་འཛུལ་བྱས་པ་དང་བསྟུན་ནས་ས་ཁུལ་སོ་སོའི་དམངས་ཁྲོད་རྩོམ་རིག་ཧ་ཅང་ཉམ་ཐག་པའི་གནས་སུ་གྱར། དམངས་ཁྲོད་རྩོམ་རིག་གི་གནས་བབ་ཉམ་ཐག་པའི་གཞན་ངོས་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ནི། རིག་གནས་བརྒྱུད་བསྒྲགས་བྱེད་སྟངས་ལ་འགྱུར་ལྡོག་བྱུང་བས་རེད།     ངག་རྒྱུན་རིག་གནས་ནས་དཔེ་སྐྲུན་རིག་གནས་དང་།  དེ་ནས་དེང་རབས་ཀྱི་གློག་རྡུལ་རིག་གནས་སུ་འཕེལ་རྒྱས་བྱུང་བ་ནི་བཟློག་ཏུ་མེད་པའི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ཅིག་ཏུ་གྱུར་ཡོད། གསལ་བོར་བཤད་ན་རིག་གནས་བརྒྱུད་སྤེལ་བྱེད་པའི་ལག་ཆར་འགྱུར་ལྡོག་བྱུང་བའི་དབང་གིས་རེད།  སྔོན་ཆད་ངག་ཐོག་ནས་བརྒྱུད་སྒྲོག་བྱེད་པ་དང་། དེ་ནས་ཡི་གེར་ཕབ་ནས་བརྒྱུད་སྒྲོག་བྱེད་པ།   ད་ལྟ་གློག་ཀླད་ཀྱིས་བརྒྱུད་སྒྲོག་བྱེད་པ་བཅས་ཀྱི་འགྱུར་ལྡོག་གི་དབང་གིས་རིག་གནས་ཀྱི་དགའ་ཕྱོགས་ལའང་འགྱུར་ལྡོག་བྱུང་བ་རེད། མི་མང་པོར་ཚད་མི་འདྲ་བའི་སྒོ་ནས་དམངས་ཁྲོད་རྩོམ་རིག་ལ་ཕྱོགས་རེ་བའི་ལྟ་ཚུལ་བྱུང་ནས། དམངས་ཁྲོད་རྩོམ་རིག་ལ་སྤྱི་ཚོགས་ཕན་ཡོན་མེད་པར་འདོད་པ་ནི་དོན་དམ་པར་དམངས་ཁྲོད་རྩོམ་རིག་གི་མཛེས་དཔྱོད་རིན་ཐང་དང་འཇིག་རྟེན་ངོས་འཛིན་གྱི་རིན་ཐང་། འཚོ་བའི་རིན་ཐང་བཅས་མ་རྟོགས་པའི་རྐྱེན་རེད།    དམངས་ཁྲོད་རྩོམ་རིག་ནི་མིའི་རིགས་ཀྱི་བསམ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་དང་འཛད་མཐའ་མེད་པའི་ཤུལ་བཞག་རིག་གནས་རྩ་ཆེན་ཞིག་ཡིན་པས།   རིག་གནས་ཀྱི་གདོད་མའི་རྣམ་པ་དེ་རིགས་དེང་གི་མི་རྣམས་ཀྱིས་མི་ཉམས་རྒྱུན་འཛིན་དང་རྒྱས་སྤེལ་བྱེད་པ་ལས་རང་གི་རིན་ཆེན་བང་མཛོད་ཕྱགས་ལུད་ལྟར་འདོར་བར་མི་བྱེད་པར། བོད་ཀྱི་མཐོ་རིམ་སློབ་གྲྭ་སོ་སོ་དང་ཞིབ་འཇུག་ལས་ཁུངས་སོ་སོ་ནས་སློབ་ཁྲིད་དང་ཞིབ་འཇུག་གི་ཁ་ཕྱོགས་དང་ནང་དོན་གལ་ཆེན་ཞིག་ཏུ་འཛིན་དགོས།C3Dཀྲུང་གོ་བོད་ཀྱི་དྲ་བ།

གཉིས་པ། རིག་གཞུང་ཚན་ཁག་གི་མ་ལག་འཛུགས་སྐྲུན་སྐོར་བཤད་པ།C3Dཀྲུང་གོ་བོད་ཀྱི་དྲ་བ།

དམངས་ཁྲོད་རྩོམ་རིག་ནི་རང་ཚུགས་ཐུབ་པའི་རིག་གཞུང་ཚན་ཁག་ཅིག་ཡིན་པར་བརྟེན། རང་ཚུགས་ཐུབ་པའི་རིག་གཞུང་ཚན་ཁག་གི་མ་ལག་དང་ཤེས་བྱའི་མ་ལག་ཆ་ཚང་ཞིག་ལྡན།  དེ་ལྟ་བུའི་མ་ལག་ཆ་ཚང་ཞིག་གྲུབ་པ་དང་འཛུགས་པ་ནི་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བའི་བརྒྱུད་རིམ་ཞིག་ཡིན་པར་མ་ཟད། འབྲེལ་ཡོད་རིག་གཞུང་ཚན་ཁག་གཞན་དག་ལའང་འབྲེལ་བ་དམ་ཟབ་ལྡན།  དམངས་ཁྲོད་རྩོམ་རིག་ནི་རིག་རྩལ་དམངས་སྲོལ་རིག་པའམ་ངག་ཐོག་དམངས་སྲོལ་རིག་པ་དང་མཚུངས་པར་རང་ཉིད་ལ་གཏོགས་པའི་བགྲོད་ལམ་གསར་བ་ཞིག་གཏོད་དགོས་པ་ལས། རང་ཉིད་ནམ་ཡང་སྡོང་རྒན་ཆེན་པོ་ཞིག་གི་ཡལ་ག་ལྟ་བུ་བྱེད་མི་རུང་།  དེའི་རིག་གཞུང་ཚན་ཁག་ཉམས་ཉེས་སུ་འགྲོ་བ་ནི་གཙོ་བོ་ཆེད་དམིགས་ཀྱི་ཤེས་བྱའི་མ་ལག་འཕེལ་རྒྱས་སུ་བཏང་བར་བརྟེན་ནས་ཐག་གཅོད་བྱེད་པར་རིགས།  རང་ཚུགས་ཐུབ་པའི་རིག་གཞུང་ཚན་ཁག་གི་ཐོབ་ཐང་དང་སྐད་ཆའི་དབང་ཆ་ལྡན་དགོས་ན་ཐོག་མར་རང་ཚུགས་ཐུབ་པའི་ཤེས་བྱའི་མ་ལག་གི་ཆ་རྐྱེན་ལེགས་པོ་འཛོམ་དགོས། དེར་བརྟེན། བོད་ཀྱི་མཐོ་རིམ་སློབ་གྲྭ་དག་ཏུ་དམངས་ཁྲོད་རྩོམ་རིག་གི་རིག་གཞུང་མ་ལག་དང་ཚན་ཁག་མ་ལག་འཐུས་ཚང་ཞིག་འཛུགས་པར་གཤམ་གྱི་ནང་དོན་དག་ཚང་དགོས་པར་འདོད།C3Dཀྲུང་གོ་བོད་ཀྱི་དྲ་བ།

༡.དམངས་ཁྲོད་རྩོམ་རིག་གི་གཞུང་ལུགས(དམངས་ཁྲོད་རྩོམ་རིག་སྤྱི་བཤད་དང་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་རིག་པ་སོགས་འདུ) །C3Dཀྲུང་གོ་བོད་ཀྱི་དྲ་བ།

༢.དམངས་ཁྲོད་རྩོམ་རིག་ལོ་རྒྱུས(ལྷ་སྒྲུང་ལོ་རྒྱུས། གླུ་གཞས་ལོ་རྒྱུས། གཏམ་དཔེའི་ལོ་རྒྱུས།  དམངས་ཁྲོད་ཟློས་གར་ཆུང་བའི་ལོ་རྒྱུས་སོགས་ཡན་ལག་རིག་ཚན་དག་འདུ) །C3Dཀྲུང་གོ་བོད་ཀྱི་དྲ་བ།

༣.དམངས་ཁྲོད་རྩོམ་རིག་ཞིབ་འཇུག་ལོ་རྒྱུས(དམངས་ཁྲོད་རྩོམ་རིག་གི་རྩོམ་ལུས་སྣ་ཚོགས་ཀྱི་ཞིབ་འཇུག་ལོ་རྒྱུས་ཡན་ལག་རིག་ཚན་དག་འདུ) །C3Dཀྲུང་གོ་བོད་ཀྱི་དྲ་བ།

༤.དམངས་ཁྲོད་རྩོམ་རིག་བརྩམས་ཆོས་འདེམས་ཀློགC3Dཀྲུང་གོ་བོད་ཀྱི་དྲ་བ།

༥.དམངས་ཁྲོད་རྩོམ་རིག་གི་ཞིབ་འཇུག་ཐབས་ལམ་སྨྲ་བ་དང་དཔྱད་གཞིའི་རིག་པ།C3Dཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་སྤྱི་སྤྱོད་ཀྱི་དམངས་ཁྲོད་རྩོམ་རིག་གི་རིག་གཞུང་ཚན་ཁག་དང་ཤེས་བྱའི་མ་ལག་དག་ལས་ཉམས་མྱོང་སྤྱི་སྡོམ་བྱས་ཏེ།བོད་ཀྱི་མཐོ་རིམ་སློབ་གྲྭ་དག་གི་ད་ཡོད་ཀྱི་རྨང་གཞི་གཞིར་བཞག་གིས་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་རིག་གཞུང་མ་ལག་དང་ཤེས་བྱའི་མ་ལག་འཛུགས་བསྐྲུན་བྱེད་དགོས།དཔེར་ན་ད་ལྟ་རང་རྒྱལ་གྱི་སློབ་གྲྭ་ཆེན་མོ་དང་དགེ་ཐོན་སློབ་གླིང་སོ་སོར“དམངས་ཁྲོད་རྩོམ་རིག་སྤྱི་བཤད”ཅེས་པའི་བསླབ་གཞི་འདི་བཀོད་སྒྲིག་བྱས་ཡོད་པར་མ་ཟད།“དམངས་ཁྲོད་རྩོམ་རིག་བརྩམས་ཆོས་འདེམས་ཀློག”“དམངས་ཁྲོད་རྩོམ་རིག་ལོ་རྒྱུས”སོགས་ཀྱང་བཀོད་སྒྲིག་བྱས་ཡོད།གཞན་ཡང་གྲངས་ཉུང་མི་རིགས་ས་ཁུལ་གྱི་མི་རིགས་སློབ་གྲྭ་ཆེན་མོ་དང་དགེ་ཐོན་སློབ་གླིང་སོ་སོར“བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད”“སོག་རིགས་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད”“ཡུ་གུར་གྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད”ལྟ་བུའི་གྲངས་ཉུང་མི་རིགས་ཀྱི“དམངས་ཁྲོད་རྩོམ་རིག་སྤྱི་བཤད”བཀོད་སྒྲིག་བྱས་ཡོད།སློབ་གྲྭ་ཆེན་མོ་ལ་ལས་ཞོར་དུ“ལྷ་སྒྲུང་རིག་པ”དང“གླུ་གཞས་རིག་པ”སོགས་ཡན་ལག་རིག་ཚན་གྱི་བདམས་སྦྱོང་བསླབ་ཚན་དག་ཀྱང་ཁ་གསབ་བྱས་ཡོད། རབ་འབྱམས་པ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མར་མཚོན་ན། སློབ་གྲྭ་ཆེན་མོ་སོ་སོས་རང་རང་གི་ཁྱད་ཆོས་གཞིར་བཟུང་ནས་སྐྱེད་སྲིང་བྱེད་པའི་ཆེད་ལས་ཀྱི་ཁ་ཕྱོགས་ལྟར་གོང་གསལ་གྱི་དོན་ཚན་ཆེན་པོ་བཞི་དང་དེ་དག་གི་ཁོངས་གཏོགས་ཡན་ལག་རིག་ཚན་དག་ཀྱང་བཀོད་སྒྲིག་བྱས་ཡོད།C3Dཀྲུང་གོ་བོད་ཀྱི་དྲ་བ།

ཉེ་བའི་ལོ་འགའི་རིང་བོད་ཀྱི་དམངས་ཁྲོད་རྩོམ་རིག་གཞུང་ལུགས་མ་ལག་འཐུས་ཚང་དང་སྲ་བརྟན་དུ་འགྲོ་བའི་རྨང་གཞི་ཆགས་ཡོད་དེ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ།ཀན་ལྷོ་གཙོས་མི་རིགས་དགེ་ཐོན་སློབ་གླིང་སོགས་སུ་བོད་ཀྱི་སྐད་དང་རྩོམ་རིག་ཆེད་ལས་ཀྱི་སློབ་མ་རྣམས་ལ་བོད་ཀྱི་དམངས་ཁྲོད་རྩོམ་རིག་སྐོར་གྱི་བསླབ་བྱ་བཀོད་སྒྲིག་བྱས་ནས་འཆད་ཉན་སྤེལ་བར་མ་ཟད། མི་རིགས་སློབ་གྲྭ་ཆེན་མོ་ལ་ལས་ཆེད་དུ་གླིང་གེ་སར་རྒྱལ་པོའི་སྒྲུང་དང་དམངས་ཁྲོད་རྩོམ་རིག་ཐད་ཀྱི་ཞིབ་འཇུག་སློབ་མའང་སྐྱེད་སྲིང་བྱེད་བཞིན་ཡོད་པ་སོགས་ལ་དམིགས་ནས་བོད་ཀྱི་དམངས་ཁྲོད་རྩོམ་རིག་ལ་ཞིབ་འཇུག་བྱེད་རྒྱུ་དེ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཞིབ་འཇུག་ལས་གཞིའི་གྲས་སུའང་བཞག་ཡོད། དེ་བས། རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་ལས་ཁུངས་དང་མཁས་པ་རྣམས་ཀྱིས་ཀྱང་དེར་ཡིད་འཇོག་བྱས་ནས་ཞིབ་འཇུག་གི་དཔྱད་རྩོམ་དང་དཔེ་དེབ་མང་པོ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་རེད། དཔེར་ན།《བྱང་ཤར་བོད་ཀྱི་གནའ་རབས་དམངས་ཁྲོད་རྩོམ་རིག》②《བོད་ཀྱི་དམངས་ཁྲོད་རྩོམ་རིག》③《དམངས་རྩོམ་རྣམ་བཤད》④《བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས》⑤《གླིང་གེ་སར་རྒྱལ་པོའི་སྒྲུང་དང་བོད་ཀྱི་རིག་གནས》⑥《གླིང་གེ་སར་རྒྱལ་པོའི་སྒྲུང་ལ་དཔྱད་པ་ཀུན་གསལ་འཕྲུལ་གྱི་མེ་ལོང》⑦སོགས་དཔེ་སྐྲུན་བྱས་པ་དང་།《ཀྲུང་གོའི་བོད་ཀྱི་ཤེས་རིག》དང 《བོད་ལྗོངས་ཞིབ་འཇུག》 《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》《སྤང་རྒྱན་མེ་ཏོག》《མང་ཚོགས་སྒྱུ་རྩལ》སོགས་ཀྱི་སྟེང་དུ་དམངས་ཁྲོད་རྩོམ་རིག་སྐོར་གྱི་དཔྱད་རྩོམ་བརྒྱ་ཕྲག་འགའ་འགྲེམ་སྤེལ་བྱས་ཤིང་། དེ་དག་གིས་སྔ་ཕྱི་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་ངོས་དང་ཟུར་སྣ་ཚོགས་ནས་དམངས་ཁྲོད་རྩོམ་རིག་ལས་རིགས་སུ་རིག་གཞུང་ཚན་ཁག་འདིའི་མ་ལག་ལ་ ངོས་འཛིན་བྱས་ཚུལ་མཚོན་ཡོད།     ནང་སྒོས་སུ་བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ལག་ལེན་དུ་བསྟར་བའི་ཚུན་ལ།  རྒྱལ་ཁབ་ཀྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་མྱུར་སྐྱོབ་དང་དར་སྤེལ་གྱི་དགོངས་ཇུས་ཆེན་པོར་དམིགས་ཏེ། ལྗོངས་ཞིང་ལྔའི་རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་སོ་སོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་མང་ཚོགས་སྒྱུ་རྩལ་ཁང་སོ་སོ་ནས《གླུ་གཞས་ཕྱོགས་བསྒྲིགས》དང《སྒྲུང་ཕྱོགས་བསྒྲིགས》《གཏམ་དཔེ་ཕྱོགས་བསྒྲིགས》བཅས་ལེགས་འགྲུབ་བྱུང་ཡོད་པར་མ་ཟད།《གཏམ་རྒྱུད》དང《དམངས་གླུ》《གཏམ་དཔེ་དང་གབ་ཚིག》བཅས“དམངས་རྩོམ་སྙིང་བསྡུས་དཔེ་ཚོགས་གསུམ་གྱི་འཆར་གཞི”དང་དམངས་གཞས་སོགས“དམངས་རྩོམ་སྙིང་བསྡུས་དཔེ་ཚོགས་ལྔའམ་བརྒྱད་ཀྱི་འཆར་གཞི”ལྟར་རིམ་པར་འཚོལ་སྡུད་  ཞིབ་འཇུག་དང་དཔེ་སྐྲུན་འགྲེམ་སྤེལ་མཛད།   དཔེ་ཚོགས་དེ་དག་ལ་བརྟེན་ནས་བོད་ཀྱི་ལྷ་སྒྲུང་རིག་པ་དང་བྱུང་བརྗོད་སྙན་ངག་རིག་པ།   དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་རིག་པ་སོགས་ཀྱི་ཁྱབ་ཁོངས་ནས་རིག་ཚན་མ་ལག་འཛུགས་སྐྲུན་བྱེད་པ་དང་མ་འོངས་པའི་འཕེལ་ཕྱོགས་ལ་བསམ་བློ་བཏང་ནས་གོམ་གང་མདུན་སྤོས་ཀྱིས་རིག་ཚན་དང་ཤེས་བྱའི་མ་ལག་གསར་བ་འཛུགས་པར་ཧུར་བརྩོན་བྱེད་དགོས།C3Dཀྲུང་གོ་བོད་ཀྱི་དྲ་བ།

དོན་དང་ལྡན་པའི་བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་རིག་གཞུང་ཚན་ཁག་མ་ལག་ཞིག་འཛུགས་པར་ད་དུང་བགྲོད་ལམ་རིང་མོ་ཞིག་བརྒྱུད་དགོས་ཏེ།   དམངས་ཁྲོད་རྩོམ་རིག་གི་རྩོམ་ལུས་ཀྱི་ཐད་ནས་བཤད་ནའང། ད་ལྟའི་བར་སྔར་བཞིན་རྩོམ་པ་པོའི་རྩོམ་རིག་གི་ཚད་གཞིའི་སྟེང་ནས་ངོས་འཛིན་བྱེད་པ་རེད། དོན་དངོས་སུ་དམངས་ཁྲོད་རྩོམ་རིག་གི་རྩོམ་ལུས་ནི་དམངས་ཁྲོད་དུ་ཡོད་པ་ཞིག་ཡིན་ལ། མང་ཚོགས་ཀྱིས་རང་ལ་གཏོགས་པའི་རྩོམ་རིག་གི་རྣམ་པར་རང་གི་ངོས་འཛིན་བྱེད་ཚུལ་དང་བཤད་སྲོལ་ཞིག་ཡོད།   དམངས་ཁྲོད་རྩོམ་རིག་གི་རྩོམ་ལུས་ཀྱི་དབྱེ་བའམ་རྩོམ་ལུས་གཏན་འབེབས་བྱེད་སྐབས་དེར་གཞི་འཛིན་ས་བྱེད་འོས།C3Dཀྲུང་གོ་བོད་ཀྱི་དྲ་བ།

གསུམ་པ།  ཤེས་བྱའི་མ་ལག་འཛུགས་སྐྲུན་སྐོར་བཤད་པ།C3Dཀྲུང་གོ་བོད་ཀྱི་དྲ་བ།

དམངས་ཁྲོད་རྩོམ་རིག་གི་རིག་གཞུང་ཚན་ཁག་ལ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རིག་གཞུང་མིང་བརྡའི་མ་ལག་ཅིག་གྲུབ་ཡོད་དེ། དཔེར་ན།“ལྷ་སྒྲུང”དང“བྱུང་བརྗོད་སྙན་ངག”“གླུ་གཞས”“ངག་རྒྱུན”“གཏམ་རྒྱུད”“གཏམ་དཔེ”“ཁེད”“དམངས་ཁྲོད”“ངག་ཐོག”“ཁ་སྐད”“རིགས་སམ་རྣམ་གྲངས”“མ་གཞི”“མ་གཞིའི་རྒྱུ་ཆ”“ཡིག་དེབ”“སྐད་ཆ”“སྐད་ཆའི་གནས་སྐབས”“ཕན་ནུས”“རིམ་ཚུལ”“འཁྲབ་སྟོན”“བྱེས་སྐྱོད་བརྟག་དཔྱད”“འཚོལ་སྡུད”“བརྗོད་བྱ་གཙོ་བོ”“མ་རྩོམ་མི་འདྲ་བ”“སྒྲིག་གཞི”“དཔེ་གཞི”“ངག་རྒྱུན་གྱི་ཁྱབ་ཁོངས”“ལྷ་སྒྲུང་གི་རྒྱུ་ཆ”“བྱུང་རིམ”“སྣང་བརྙན”“བྱུང་རིམ་གྱི་སྡེ་ཚན”“རྒྱུ་ཆ”“དོན་གྱི་བྱུང་བ་བརྗོད་པ”“གཏམ་བརྗོད་པ”“མཚོན་བྱ”“མི་སྣ”“གླུ་ལེན་སྲོལ”“དབྱངས་རྟ”“ཞིབ་བརྗོད་དབྱངས་འགྲོས”སོགས་ལྟ་བུ་ཡིན།C3Dཀྲུང་གོ་བོད་ཀྱི་དྲ་བ།

དམངས་ཁྲོད་དོན་བརྗོད་རྩོམ་རིག་ལ་ཞིབ་འཇུག་བྱེད་པར།  ནུབ་ཕྱོགས་ཀྱི་དོན་བརྗོད་རིག་པའི་རྩ་བའི་གོ་དོན་འགར་འབྲེལ་བ་ཡོད་སྲིད།  ནེ་རྡེར་ལན་གྱི་རྩོམ་རིག་སྒྱུ་རྩལ་གཞུང་ལུགས་ཀྱི་མཁས་པ་སྨི་ཁོ·པ་ཨེར(MieKe Bal)གྱིས་བརྩམས་པའི《གཏམ་བརྗོད་རིག་པའི་དོན་བརྗོད་གཞུང་ལུགས་ཀྱི་འགོ་བརྗོད》ཅེས་པའི་དཔེ་དེབ་དེ་ནི་དོན་བརྗོད་བརྩམས་ཆོས་ཞིབ་འཇུག་དང་འབྲེལ་བའི་དེང་རབས་དཔེ་དེབ་གལ་ཆེན་གྱི་གྲས་ཤིག་ཡིན། དཔེ་དེབ་འདིའི་ལྒིང་གཞིའི་ནང་དུ་སྨི་ཁོ·པ་ཨེར་གྱིས་གོ་དོན་གཙོ་བོ་འགར་ཉིང་བསྡུས་སྒོས་མཚན་ཉིད་བསྡུས་པ་རེ་བཞག་ཡོད། གོ་དོན་དེ་དག་ཕལ་ཆེ་བ་མཇུག་གི་ས་བཅད་དུ་འབྱུང་སྲིད། ཁོ་མོས་བཤད་རྒྱུར“ཡིག་དེབ་ཅེས་པ་ནི་སྐད་ཆའི་བརྡ་རྟགས་ཀྱིས་གྲུབ་པའི་ཚད་ཡོད་པ་དང་སྒྲིག་གཞི་ཡོད་པའི་ཚོགས་སྤྱི་ཞིག་ལ་སྟོན།   གཏམ་བརྗོད་ཡིག་དེབ་ནི་གཏམ་བརྗོད་པས་རྒྱས་བཤད་བྱ་ཡུལ་གྱི་དཔེ་གཞི་དེར་བྱ། གཏམ་རྒྱུད་ནི་བྱེད་སྟངས་ཤིག་གིས་རྒྱུ་ཆར་ཞིབ་བརྗོད་བྱེད་པར་བྱ།  རྒྱུ་ཆ་ནི་གཏན་ཚིགས་རིག་པ་དང་དུས་ཚོད་ཀྱི་སྔ་ཕྱིའི་གོ་རིམ་ལྟར་ཕྲེང་བསྒྲིགས་པའི་བརྒྱུད་སྟར་གྱི་བྱ་སྤྱོད་སྤེལ་མཁན་དེས་བསླངས་པའི་སྔར་བྱུང་གི་དོན་དག་ཅིག་ལ་ཟེར། དོན་རྐྱེན་ནི་གནས་བབ་དེ་ནས་གཞན་ཞིག་ལ་འགྱུར་བར་ཟེར། བྱ་སྤྱོད་སྤེལ་མཁན་ནི་བྱ་སྤྱོད་ལག་ལེན་དུ་བསྟར་མཁན་ལ་སྟོན་པ་དང་དེ་དག་མི་ཡིན་དགོས་པའི་ངེས་པ་མེད། འགུལ་སྐྱོད་ནི་འདིར་བསླངས་པའམ་སྔར་བྱུང་གི་དོན་དག་ཅིག་ཡིན་པར་གཏན་ལ་ཕབ་ཡོད། གཏམ་བརྗོད་ཡིག་དེབ་ནི་གཏམ་རྒྱུད་དེའི་ནང་དུ་ཞིབ་བརྗོད་བྱ་ཡུལ་གྱི་ཡིག་དེབ་ཅིག་ཡིན་པར་འདོད་པ་དེས་གཏམ་རྒྱུད་མིན་པ་གསལ་བཤད་བྱས་ཡོད”⑧དེ་ནི་ཡིག་དེབ་ཞིབ་བརྗོད་ལ་ཁ་གཏད་ནས་འགྲེལ་བཤད་བྱས་པ་ཞིག་རེད།   བརྩམས་ཆོས་ཞིག་གི་ནང་དུ་གཏམ་རྒྱུད་དང་བྱུང་རིམ་ནི་ལྟོས་བཅས་ཀྱི་གོ་དོན་ཞིག་ཡིན་པས་ཉོག་པར་འགྱུར་སླ་བ་རེད།   E.M.ཧྥུ་སི་ཐུའི《སྒྲུང་གཏམ་གྱི་སྤྱི་ཁྱབ་ལྟ་བ》ཞེས་པར“ང་ཚོས་གཏམ་རྒྱུད་ཀྱི་གོ་དོན་ནི་དུས་ཚོད་གྱི་གོ་རིམ་ལྟར་དོན་རྐྱེན་གྱི་བྱུང་བ་བརྗོད་པ་ཞིག་ཡིན་པར་འདོད།  བྱུང་རིམ་ཞེས་པ་དེ་ཡང་དོན་རྐྱེན་བརྗོད་པ་ཞིག་ཡིན་མོད། འོན་ཀྱང་དེའི་གནད་འགག་ནི་རྒྱུ་འབྲས་ཀྱི་འབྲེལ་བའི་སྟེང་དུ་ཡོད་པ་རེད། དཔེར་ན། རྒྱལ་པོ་གྲོངས་སོང་། མི་འགྱངས་པར་བཙུན་མོ་ཡང་གྲོངས་སོང་། ཞེས་པ་ནི་གཏམ་རྒྱུད་ཡིན། རྒྱལ་པོ་གྲོངས་སོང་། མི་འགྱངས་པར་བཙུན་མོ་ཡང་སེམས་སྡུག་གིས་གྲོངས་སོང་། ཞེས་པ་ལྟ་བུ་ནི་བྱུང་རིམ་ཡིན།    བྱུང་རིམ་གྱི་ནང་དུ་དུས་ཚོད་ཀྱི་གོ་རིམ་མ་འཆོལ་བར་གནས་ཡོད་ཀྱང་རྒྱུ་འབྲས་ཀྱི་འབྲེལ་བས་བསྒྲིབས་ནས་མི་མངོན་པར་བྱས།  ཡང་ང་ཚོས་བཙུན་མོ་གྲོངས་བའི་དོན་རྐྱེན་དེའི་རྗེས་ནས་ཅི་ཞིག་བྱུང་ཞེས་དྲིས་ཚེ་དེ་ནི་གཏམ་རྒྱུད་ཡིན་པ་དང་། རྒྱུ་མཚན་ཅི་ཞིག་ཡིན་ཞེས་དྲིས་ཚེ་བྱུང་རིམ་ཡིན”⑨ཡ་ལིས་ཧྲི་ཏོ་ཏེ་ཡིས་རྒྱུ་འབྲས་ཀྱི་འབྲེལ་བ་དམིགས་སུ་བསྟན་ཡོད་དེ། ཁོང་གིས་རྒྱུ་འབྲས་ཀྱི་འབྲེལ་བ་མི་ལྡན་པའི་དོན་རྐྱེན་གྱིས་གྲུབ་པའི་བྱུང་རིམ་སྐོར་ཞིག་ལ་ཆེས་ཞན་པའི་བྱུང་རིམ་ཏུ་བརྗོད⑩དམངས་ཁྲོད་ཀྱི་དོན་བརྗོད་རྩོམ་རིག་གི་བྱེད་སྒོ་ཡང་སྤྱིར་བཏང་དུ་རྒྱུ་ཆ་དང་གཏམ་རྒྱུད། ཡིག་དེབ་བཅས་རིམ་པ་གསུམ་ལས་མ་འདས།“རྒྱུ་ཆ”ནི་དོན་དངོས་ཀྱི་རིམ་པ་ལྟར་བྱུང་བའི་དོན་རྐྱེན་ཞིག་སྟེ། དེར་དོན་རྐྱེན་དང་བྱ་སྤྱོད་སྤེལ་མཁན།   བྱེ་བྲག་གི་འགུལ་སྐྱོད། དུས་ཚོད།  གནས་ཡུལ་སོགས་རྩ་བའི་གྲུབ་ཆ་དག་འདུ།“གཏམ་རྒྱུད”ནི་རྒྱུ་ཆར་རྒྱུ་རྩལ་གྱིས་ལས་སྣོན་བྱས་པ་ཞིག་སྟེ།དེ་ནི་འཚོ་བའི་ནང་གི་དོན་རྐྱེན་ཕྱིར་འཁྲབ་སྟོན་བྱེད་པའི་ནང་དོན་ཡོད་ཚད་ཡིན་ལ། ངག་ཐོག་གི་སྐད་ཆ་དང་ངག་ཐོག་གི་སྐད་ཆ་མ་ཡིན་པར་གྱུར་པའི་དངོས་པོ་ཡང་འདུ། “ཡིག་དེབ”ནི་འཁྲབ་སྟོན་གྱི་ནང་དོན་ལྟར་བཀོད་པའི་ཟིན་བྲིས་ཁག་ཅིག་སྟེ་ཀློག་པ་པོས་ཐད་ཀར་མཐོང་ཐུབ་པ་ཞིག་ཡིན། རྒྱུ་ཆ་གཅིག་ལ་རྣམ་པ་མི་འདྲ་བའི་ལམ་ནས་འཁྲབ་སྟོན་བྱས་ཏེ་གཏམ་རྒྱུད་མི་འདྲ་བར་བསྒྱུར་ཆོག    གཏམ་རྒྱུད་གཅིག་ལའང་ཟིན་ཐོ་འགོད་ཚུལ་མི་འདྲ་བ་འབྱུང་བ་དང་བསྟུན་ནས་ཡིག་དེབ་མི་འདྲ་བ་འབྱུང་སྲིད། རིམ་པ་འདི་གསུམ་པོར་ཁྱད་པར་ཡོད་ལ་ཕན་ཚུན་འབྲེལ་བའང་ཡོད།  དོན་དངོས་ཀྱི་འཚོ་བའི་ནང་དམངས་ཁྲོད་རྩོམ་རིག་ནི་རིམ་པ་གཉིས་པའི་ནང་དུ་གནས། ཡིན་ཡང་སྐབས་འགར“གཏམ་རྒྱུད”ཀྱི་སྒོ་ནས་ཞིབ་ཏུ་བརྗོད་ན་འོས་འཚམ་མིན་པ་དང་གོ་བ་ལོག་པར་འགྲོ་སྲིད་པས“འཁྲབ་སྟོན”གྱི་གོ་དོན་བྱུང་བ་རེད།C3Dཀྲུང་གོ་བོད་ཀྱི་དྲ་བ།

དམངས་ཁྲོད་རྩོམ་རིག་གི་རིགས་སམ་རྣམ་གྲངས་ལ་ཞིབ་འཇུག་བྱེད་པར་ཡང་རང་རང་གི་ལྟོས་བཅས་ཀྱིས་རང་ཚུགས་ཡིན་པའི་ཐབས་ལམ་དང་གྲུབ་མཐའ་རེ་ཡོད། ཁྲིན་ཅན་ཞན་གྱི《བྱེས་སྐྱོད་དུ་ཕྱིན་ནས་དམངས་ཁྲོད་དུ་ལོག》ཞེས་པར་།ལྷ་སྒྲུང་རིག་པའི་ཤེས་བྱའི་མ་ལག་ལ་ཞིབ་བརྗོད་བྱས་ཡོད་དེ“འཇིག་རྟེན་སྟེང་ལྷ་སྒྲུང་ཞིབ་འཇུག་དང་འབྲེལ་ཡོད་ཀྱི་གཞུང་ལུགས་མ་ལག་སྣ་ཚོགས་བྱུང་བའི་ནང་དུ་གཞུང་ལུགས་ཀྱི་མིང་བརྡ་དང་ཁྱབ་ཁོངས་མི་འདྲ་བ་མང་པོ་བྱུང་ཡོད།   དཔེར་ན།  ལོ་རྒྱུས་ས་ཁམས་རིག་པ་བའི་ཞིབ་འཇུག་བྱ་ཡུལ་དུ་གྱུར་བའི་མ་གཞི་དང་རིགས་སམ་རྣམ་གྲངས། ཁུལ་དབྱིབས།ས་ཁུལ་གཟུགས་འགྱུར། མ་ཡིག་མི་འདྲ་བ། དཔེ་གཞི། ངག་ཐོག་གཞུང་ལུགས་ཀྱི་འབྲི་སྲོལ།  ཡུལ་ཁམས། གཏམ་རྒྱུད་ཀྱི་རིགས་སམ་རྣམ་གྲངས། རིག་གནས་མིའི་རིགས་རིག་པ་བའི་ཞིབ་འཇུག་བྱ་ཡུལ་དུ་གྱུར་བའི་མཛད་སྒོ།འགྲེམ་སྤེལ། དངོས་ཀུན་བླ་ཡོད། རིག་གནས་ཤུལ་བཞག  སྤྱི་ཚོགས་རིག་པ་བའི་ཞིབ་འཇུག་བྱ་ཡུལ་དུ་གྱུར་པའི་ཐུན་མོང་གི་འདུ་ཤེས་དང་ཐུན་མོང་གི་སྣང་འཆར། འབྲེལ་བ།ཕན་ནུས་སོགས་དང་། སེམས་ཁམས་དབྱེ་ཞིབ་རིག་པའི་ཞིབ་འཇུག་བྱ་ཡུལ་དུ་གྱུར་བའི་རང་ཞེན། གཞན་གཅེས།  དུང་བ་ཟབ་མོ། ཐུན་མོང་གི་འདུ་ཤེས་མེད་པ། དཔེ་གཞི་སོགས་དང་། སྒྲིག་གཞི་རིང་ལུགས་ཀྱི་ཞིབ་འཇུག་བྱ་ཡུལ་དུ་གྱུར་པའི་སྒྲིག་གཞི་དང་བརྗེ་སྤོར་བཅས་དང་།    ད་དུང་རྩོམ་རིག་སྒྱུ་རྩལ་རིག་པའི་ཞིབ་འཇུག་བྱ་ཡུལ་དུ་གྱུར་པའི་ཡིག་དེབ་དང་བརྗོད་སྙིང་། བསམ་ཡུལ།    སྐད་ཆའི་གནས་སྐབས། མཚོན་བྱ་སོགས་དང་། སྐད་བརྡ་རིག་པའི་ཞིབ་འཇུག་བྱ་ཡུལ་དུ་གྱུར་པའི་བྱེ་བྲག་གི་སྐད་ཆ་དང་མིང་། གདགས་གཞི(ཕྱི་རོལ་ཡུལ་གྱི་ཆོས)སོགས་ལྟ་བུ།   ང་ཚོས་རིག་གཞུང་གི་ཁྱབ་ཁོངས་སོ་སོ་དང་གྲུབ་མཐའ་དག་གིས་གསར་སྐྲུན་བྱས་པའི་ཁྱབ་ཁོངས་སྣ་ཚོགས་ལ་འཐུས་ཚང་ཞིབ་ཚགས་སྒོས“གནའ་བོའི་ཤེས་བྱ་རྟོག་ཞིབ”བྱེད་     དགོས་པ་དང་། དེ་ལས་ཉེ་ལམ་ལྷ་སྒྲུང་གི་ངོ་བོ་དང་ཆེས་ཉེ་བ་དག་ལེགས་སྒྲིག་བྱས་ན།  ད་གཟོད་ཕྱོགས་ཡོང་ནས་རིག་གཞུང་ལས་རིགས་སུ་སྔར་ནས་ཡོད་པའི་བསམ་བློ་རྒྱུན་འཛིན་བྱེད་ཐུབ་ལ།  ཀྲུང་གོའི་ལྷ་སྒྲུང་རིག་པའི་རིག་གཞུང་ཚན་ཁག་གི་མ་ལག་ཀྱང་འཛུགས་ཐུབ།⑾C3Dཀྲུང་གོ་བོད་ཀྱི་དྲ་བ།

ལྷ་སྒྲུང་རིག་པའི་གནས་ཚུལ་ནི་འདི་འདྲ་བ་ཞིག་ཡིན་ལ།   གླུ་གཞས་རིག་པ་དང་བྱུང་བརྗོད་  སྙན་ངག་རིག་པ།  ངག་རྒྱུན་རིག་པ།  གཏམ་རྒྱུད་རིག་པ། གཞས་མ་གཏམ་གྱི་རིག་པ་སོགས་ཀྱང་འདི་དང་འདྲ་བ་ཡིན། གཏམ་རྒྱུད་རིག་པར་མཚོན་ནའང་རིགས་སམ་རྣམ་གྲངས་རིག་པ། གཏམ་རྒྱུད་རིག་པ།  གཏམ་རྒྱུད་རིག་པའི་གཞུང་ལུགས།  གཤིབ་སྡུར་གཏམ་རྒྱུད་རིག་པ།  གཏམ་རྒྱུད་འཕེལ་འགྱུར་ལོ་རྒྱུས། གཏམ་རྒྱུད་བརྗོད་མཁན་གྱི་མི་སྣ་ཞིབ་འཇུག  རིག་གནས་མིའི་རིགས་རིག་པའི་ཁྱབ་ཁོངས་ཀྱི་གཏམ་རྒྱུད་རིག་པ། དམངས་ཁྲོད་གཏམ་རྒྱུད་ཀྱི་དཔེ་གཞི་དཔྱད་བརྗོད།      བརྗོད་སྙིང་རིག་པའི་ཁྱབ་ཁོངས་ཀྱི་གཏམ་རྒྱུད་རིག་པ།  འཁྲབ་སྟོན་གཞུང་ལུགས་ཁྱབ་ཁོངས་ཀྱི་གཏམ་རྒྱུད་རིག་པ་སོགས་ཕྱོགས་ཀུན་ནས་ཞིབ་འཇུག་གི་འབྲས་བུ་གཡུར་དུ་ཟ་བ་བླངས། དེ་དག་གི་ནང་དོན་ལ་འཁྲབ་སྟོན་བྱེད་སའི་ཁོར་ཡུག་གི་རྣམ་པ་དང་བྱ་འགུལ་གྱི་གོ་རིམ། ཟིན་བཀོད་ཡིག་དེབ(ནང་དོན། རྩོམ་ལུས། རྩོམ་གཤིས། རྣམ་པ། བསམ་བློའི་བརྩེ་དུང)སོགས་འདུ་བར་མ་ཟད། ཕན་ཚུན་གྱི་འབྲེལ་བ།   འཚོ་བའི་དོན་སྙིང་སོགས་གཏམ་རྒྱུད་བརྗོད་པའི་བྱ་འགུལ་གྱི་གྲུབ་ཆ་སྣ་ཚོགས་ལ་རྟོག་ཞིབ་བྱེད་པའང་འདུ་བས།  གཏམ་རྒྱུད་རིག་པའི་ཞིབ་འཇུག་སྔར་ལས་གཏིང་ཟབ་ཅིང་རྒྱ་ཆེ་བར་བཏང་།  རྒྱལ་ཁབ་ཕྱི་ནང་གི་མཐོ་རིམ་སློབ་གྲྭ་གྲགས་ཅན་དག་ཏུ་གཏམ་རྒྱུད་རིག་པ་ལ་ཞིབ་འཇུག་གི་ཐབས་ལམ་མང་པོ་ལྡན་པར་མ་ཟད། ཅུང་ཆ་ཚང་བའི་རིག་གཞུང་ཚན་ཁག་གི་མ་ལག་ཅིག་ལྡན།  དེར་བརྟེན། བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་རིག་གཞུང་ཚན་ཁག་དང་ཤེས་བྱའི་མ་ལག་ཆ་ཚང་ཞིག་འཛུགས་སྐྲུན་བྱེད་པར་བོད་དམངས་ཁྲོད་ཀྱི་གླུ་གཞས་སྣ་ཚོགས་དང་སྒྲུང་རིགས་སྣ་ཚོགས། བཤད་པ་སྣ་ཚོགས།  ཁེད། གཏམ་དཔེ།  མོ་ཚིག  ཟློས་གར་སོགས་ཀྱི་བརྗོད་བྱ་དང་ཁྱད་ཆོས་གཞིར་བཟུང་ནས་འཛམ་གླིང་སྤྱི་སྤྱོད་ཀྱི་དམངས་ཁྲོད་རྩོམ་རིག་གི་རིག་གཞུང་ཚན་ཁག་དང་ཤེས་བྱའི་མ་ལག་དག་ལ་དཔེ་བལྟ་བྱེད་དགོས་སོ། །C3Dཀྲུང་གོ་བོད་ཀྱི་དྲ་བ།


མཆན་འགྲེལ།C3Dཀྲུང་གོ་བོད་ཀྱི་དྲ་བ།

① ཉང་ཉི་མ་འོད་ཟེར་གྱིས་བརྩམས་ཤིང་། 1988ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད》ཀྱི་ཤོག་ངོས160པར་གསལ།C3Dཀྲུང་གོ་བོད་ཀྱི་དྲ་བ།

② [英]F.W.托玛斯:《东北藏古代民间文学》,四川民族出版社,1986年版。C3Dཀྲུང་གོ་བོད་ཀྱི་དྲ་བ།

③ 佟锦华:《藏族民间文学》,西藏人民出版社,1991年版C3Dཀྲུང་གོ་བོད་ཀྱི་དྲ་བ།

④ མིག་དམར་གྱིས་བརྩམས་ཤིང་།  2005ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།C3Dཀྲུང་གོ་བོད་ཀྱི་དྲ་བ།

⑤འབའ་སྟོད་པདྨ་དབང་རྒྱལ་དང་གཡང་མོ་སྐྱིད་ཀྱིས་བརྩམས་ཤིང་།    2005ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།C3Dཀྲུང་གོ་བོད་ཀྱི་དྲ་བ།

⑥འཇམ་དཔལ་རྒྱ་མཚོས་བརྩམས་ཤིང1994ལོར་ནང་སོག་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།C3Dཀྲུང་གོ་བོད་ཀྱི་དྲ་བ།

⑦གཅོད་པ་དོན་གྲུབ་དང་ཆབ་འགག་རྟ་མགྲིན་གྱིས་བརྩམས་ཤིང1994ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།C3Dཀྲུང་གོ་བོད་ཀྱི་དྲ་བ།

⑧[荷]米克·巴尔:《叙述学:叙事理论导论》,谭君强译,中国社会科学出版社1995年版,第3页。C3Dཀྲུང་གོ་བོད་ཀྱི་དྲ་བ།

⑨[美] E.M.福斯特:《小说面面观》,苏炳文译,华城出版社1984年版,       第75-76页。C3Dཀྲུང་གོ་བོད་ཀྱི་དྲ་བ།

⑩[希腊]亚里士多德:《诗学》,《诺尔顿世界名著选集》,第4版,第1卷,        第561页。C3Dཀྲུང་གོ་བོད་ཀྱི་དྲ་བ།

⑾陈建宪:《略论民间文学研究中的几个关系》,《民族文学研究》,2004年第3期,第19页。C3Dཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།