ཀྲུང་གོ་བོད་ཀྱི་དྲ་བ།

སྐྲ་བཤད་འཚོ་བའི་མེ་ལོང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2e4f8026d60cd246005eb7d2fd531139.jpg

ཀྱེ་ཕུར་མཆོག་གསུམ་དུ་འབོད་པའི་ཁོ་ནི་ལོ་རབས་བརྒྱད་ཅུའི་སྟོད་ལ་མདོ་སྨད་མང་ར་རྫོང་གི་ཐར་ཤུལ་ཡུལ་ཚོར་འབོད་པའི་འབྲོག་སྡེ་ཞིག་ཏུ་ངུ་ངག་གི་དབྱངས་རྟ་ཐོག་མར་མཆེད་དེ་མི་ཡུལ་གྱི་མགྲོན་པོར་གྱུར། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་རིམ་པར་བརྒྱུད་དེ་ད་ལྟ་མདོ་ལྷོའི་འབྲོག་སྡེ་ཆེན་མོ་རྨ་ཆུ་རུ་མི་རིགས་སློབ་གསོའི་ལས་དོན་ལ་འབད་ཀྱིན་ཡོད། ལས་ཞོར་དུ་རང་གི་དགའ་མོས་ཀྱི་ལྟག་ཆུ་ཆད་དུ་མ་བཅུག་པར་རྩོམ་རིག་ཅེས་པའི་ཐ་སྙད་ཀྱི་ལུག་ཁྱུ་འཚོ་མཁན་གྱི་རྫི་བོ་དཀྱུས་མ་ཞིག་ཏུ་གྱུར་ཏེ་ད་ལྟའི་བར་དུ༼སྦྲང་ཆར༽༼གངས་རྒྱན་མེ་ཏོག༽༼མཚོ་སྔོན་མང་ཚོགས་སྒྱུ་རྩལ༽༼གངས་ལྗོངས་རིག་གནས༽༼ལྷོ་ཁའི་རྩོམ་རིག་སྒྱུ་རྩལ༽༼བོད་ཀྱི་རྩོམ་རིག་སྒྱུ་རྩལ༽༼བོད་ལྗོངས་སློབ་གསོ༽༼གངས་རྒྱན་ན་ཆུང་ཚགས་པར༽༼མཚོ་སྔོན་ཁྲིམས་ལུགས་ཚགས་པར༽༼ཟླ་ཟེར༽སོགས་སུ་ལྷུག་རྩོམ་དང་བཅད་རྩོམ་གཙོས་རྩོམ་ཡིག་བཅུ་ཕྲག་ཁ་ཤས་བཀོད་མྱོང་། ཉིས་སྟོང་གསུམ་ལོར་གངས་རྒྱན་ན་ཆུང་ཚགས་པར་གྱིས་སྤེལ་བའི་བོད་ཁམས་ཀྱི་རྩོམ་ཡིག་འགྲན་སྡུར་ཁྲོད་ནས་བྱ་དགའ་ཨང་གསུམ་པ་ཐོབ། ཉིས་སྟོང་བཅུ་ལོར་ཟི་ཁྲོན་ཞིང་ཆེན་གྱི་མཐུ་སྟོབས་རྡོ་རྗེ་རྟགས་མའི་དཔྱད་རྩོམ་འགྲན་སྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ་མྱོང་།


སྐྲ་བཤད་འཚོ་བའི་མེ་ལོང་།

བདུད་ལྷ་བྱམས་ཀྱིས་བཤད།

ཀྱེ་ཕུར་མཆོག་གསུམ་གྱིས་སྡུད་སྒྲིག་བྱས།


མཆོད་ༀ་ཨཱ་ཧཱུྃ། མཆོད་ༀ་ཨཱ་ཧཱུྃ།  

མཆོད་གཅིག་མཆོད་ལ་དགུང་སྔོན་མཆོད། །

དགུང་ཨ་སྔོན་མ་མཆོད་མ་བཀུར་ན། །  

མགོ་ཀླད་རིས་གཏད་རི་བྱེད་ས་མེད་ཁུ། །

མཆོད་གཅིག་མཆོད་ལ་བར་སྣང་མཆོད་། ། 

བར་སྣང་ཡངས་པོ་འདི་མ་མཆོད་མ་བཀུར་ན། །

སྐེད་སྐ་རགས་ཀྱི་གཏད་རི་བྱེད་ས་མེད་ཁུ། །  

མཆོད་ༀ་ཨཱ་ཧཱུྃ། མཆོད་ༀ་ཨཱ་ཧཱུྃ། 

མཆོད་གཅིག་མཆོད་ལ་ས་དོག་མོ་མཆོད། །  

ས་དོག་མོ་པདྨ་འདབ་བརྒྱད་མཆོད། །

ས་པདྨ་འདབ་བརྒྱད་མ་མཆོད་ན། །  

རྐང་སག་ལྷམ་ཅན་པོ་བརྟེན་ས་མེད་ཁུ། །

མཆོད་ༀ་ཨཱ་ཧཱུྃ། མཆོད་ༀ་ཨཱ་ཧཱུྃ།  

མཆོད་མགོ་གཅིག  གཉིས། གསུམ། བཞི། །

ལྔ།  དྲུག བདུན། བརྒྱད། དགུ། བཅུ།  །

བཅུ་གཅིག བཅུ་གཉིས། བཅུ་གསུམ་མཆོད། །

མཆོད་བཅུ་གསུམ་གོང་མར་ཡར་ཕུད་ལ། ། 

ཕ་ཁུ་བཟང་པོའི་ཟ་ལྷ་མཆོད། །

མ་སྲི་བཟང་མོའི་ཟས་ལྷ་མཆོད། །   

སྐྱེ་བུ་ལེགས་པའི་དགྲ་ལྷ་མཆོད།།

དགྲ་ལྷའི་རྟ་ཐིག་དཀར་པོ་མཆོད། །  

སྟག་སེང་ཁྱུང་འབྲུག་བཞི་བོ་མཆོད། །

ཁྱིམ་འདིར་ཚོགས་ཀྱི་ཕོ་ལྷ་དགྲ་ལྷ་མཆོད།།

 མཆོད་ༀ་ཨཱ་ཧཱུྃ། མཆོད་ༀ་ཨཱ་ཧཱུྃ། 

མཆོད་གཅིག་མཆོད་ལ་ཕ་ལྷ་མཆོད། །

 ཕ་ལྷ་ཕྲག་པ་གཡས་ནས་མཆོད།།

མཆོད་གཅིག་མཆོད་ལ་མ་ལྷ་མཆོད། །  

མ་ལྷ་ཕྲག་པ་གཡོན་ནས་མཆོད། །

མཆོད་གཅིག་མཆོད་ལ་ཞང་ལྷ་མཆོད། །  

ཞང་ལྷ་ཀླད་པའི་གཙུག་ནས་མཆོད། །

མཆོད་གཅིག་མཆོད་ལ་རང་ལྷ་མཆོད།།   

རང་ལྷ་རོ་སྟོད་རྒྱབ་ནས་མཆོད། །

མཆོད་ༀ་ཨཱ་ཧཱུྃ། མཆོད་ༀ་ཨཱ་ཧཱུྃ།   

སྲིང་ཏཱ་རེ་གནམ་གྱིས་སྲུང་རྒྱུ་མ། །

སྲིང་ཏཱ་རེ་ཚེ་ཐག་རིང་རྒྱུ་མ། །   

གཉེན་མ་དར་གོང་ལ་གཉེན་ཞིག་དར། །

དགུང་ས་གནམ་གཉིས་ཀྱིས་གཉེན་ཞིག་བྱས། །  

སྨིན་དྲུག་ཁྲ་མོ་བག་མར་བསྐྱལ། །

བོད་ཀྱི་བག་མ་དེ་ནས་དར། །  

དགུང་སྐར་ཚོགས་འབུམ་གྱིས་རྫོངས་ཤིག་བྱས།

བུ་མོའི་རྫོངས་པ་དེ་ནས་དར། །  

ནམ་ནངས་ཁའི་སྐྱ་རེངས་སྟོད་ནས་བཀྱགས། །

བུ་མོའི་འབབ་སྟན་དེ་ནས་དར། །  

སྲིང་ཏཱ་རེ་གནམ་གྱིས་སྲུང་རྒྱུ་མ། །

སྲིང་ཏཱ་རེ་ཚེ་ཐག་རིང་རྒྱུ་མ། །   

སྐྲ་གཞོང་དངུལ་གཞོང་འཕྲོད་མ་ཡོད། །

སྐྲ་ཆུ་གཡུ་འབྲུག་ཁ་ཆུ་ཡོད། །  

སྐྲ་གཡས་སྐྲ་ཤད་ལ་སོ་མང་ཡོད། །

གསེར་སེར་པོའི་སོ་ཁ་གང་ཡག་ཡོད། །  

སྐྲ་གཡོན་སྐྲ་ཤད་ལ་སོ་མང་ཡོད། །

དངུལ་དཀར་པོའི་སོ་ཁ་གང་ཡག་ཡོད།།  

སྐྲ་རལ་བ་ཤད་ལ་སོ་མང་ཡོད། །

དུང་དཀར་པོའི་སོ་ཁ་གང་ཡག་ཡོད། །  

སྲིང་ཏཱ་རེ་གནམ་གྱིས་སྲུང་རྒྱུ་མ། །

སྐྲ་གཡས་སྐྲ་སླ་ཡ་སྲི་མོས་སླ། །   

སྲི་མོ་ཆེ་བ་ལྷ་མོ་ཡིན། །

ལྷ་མོ་ཉི་མ་གཟུགས་གཞི་ཡིན།།  

སྐྲ་གཡོན་སྐྲ་སླ་ཡ་སྲི་མོས་སླ། །

སྲི་མོ་ཆུང་བ་ཀླུ་མོ་ཡིན། །   

ཀླུ་མོ་དུང་སྐྱོང་དཀར་མོ་ཡིན། །

སྐྲ་རལ་བ་སླ་ཡ་མ་སྲིས་སླ། །  

མ་སྲི་མོ་ཆེ་རྒན་ཆོས་ལྷ་འཁོར། །

སྲིང་ཏཱ་རེ་གནམ་གྱིས་སྲུང་རྒྱུ་མ།། 

 སྐྲ་གཡས་སྐྲ་མི་འཕུར་ཁ་གནོན་ལ། །

གསེར་ཤག་ཤག་ཤཱཀྱ་ཐུབ་པ་ཡོད། ། 

གསེར་སེར་པོ་དབུས་གཙང་ཡུལ་ན་ཡོད། །

གསེར་བཙོང་མར་ལ་མི་ཡོང་ན། །   

ང་མྱིང་ཆུང་ཡར་ལ་ཉོ་རུ་འགྲོ། །

སྐྲ་གཡོན་སྐྲ་མི་འཕུར་ཁ་གནོན་ལ།།  

དངུལ་རིག་རིག་རིག་གསུམ་མགོན་པོ་ཡོད།།

དངུལ་དཀར་པོ་རྒྱ་ནག་ཐེམ་ན་ཡོད། །  

དངུལ་བཙོང་ཡར་ལ་མི་ཡོང་ན། །

ང་མྱིང་ཆུང་མར་ལ་ཉོ་རུ་འགྲོ། །   

སྐྲ་རལ་བ་མི་འཕུར་ཁ་གནོན་ལ། །

གཡུ་དྲུག་དཀར་འཕར་མ་འཕུར་ཤེས་ཡོད། །  

གཡུ་དྲུག་དཀར་བལ་བོའི་ཡུལ་ན་ཡོད། །

གཡུ་བཙོང་ཚུར་ལ་མི་ཡོང་ན། །  

ང་མྱིང་ཆུང་ཕར་ལ་ཉོ་རུ་འགྲོ། །

སྲིང་ཏཱ་རེ་གནམ་གྱིས་སྲུང་རྒྱུ་མ། །    

སྲིང་ཏཱ་རེ་ཚེ་ཐག་རིང་རྒྱུ་མ། །

ཁྱེད་མ་ངུ་མ་ངུ་སྐྲ་ཞིག་སློང་། །  

སྐྲ་གཡས་སྐྲ་བྱིན་དང་ཚ་རུ་བཟོ། །

ཚ་རི་ཨ་འཇམ་ཚ་རུ་བཟོ། །   

སྐྲ་གཡོན་སྐྲ་བྱིན་དང་ཚི་ལེན་བཟོ། །

ཚི་ལེན་གོས་ཆེན་ལྗང་སྐྱ་བཟོ། །  

སྐྲ་རལ་བ་བྱིན་དང་ཐོག་ལྭ་བཟོ། །

ཐོག་ལྭ་གོས་ཆེན་སྔོ་སྐྱ་བཟོ། །   

གོས་ལྭ་རིང་ལྭ་ཐུང་བཅོ་བརྒྱད་བཟོ།།

དཀར་པོ་ཚི་ལེན་ཞིག་དང་བཅུ་དགུ་བཟོ།། 

ནག་པོ་རྡུལ་ལེན་ཞིག་དང་ཉི་ཤུ་བཟོ། །

དམར་གདན་འཇའ་ཚོན་སྣ་ལྔ་འདོགས། །

 ཕྲག་རྡུང་བཀྲ་ཤིས་འཁྱིལ་བ་ཡིན། །

དཀྱིལ་རྡུང་གཡང་དྲུང་སྒོ་བཞི་ཡིན། ། 

གཡུ་བྱུ་རུ་གཉིས་ཀ་སྟོང་ཞིག་འདོགས། །

ས་སྟོང་སྐོར་ཇ་ལ་རྒྱུ་གང་འཕེན། ། 

སྲིང་ཏཱ་རེ་ཁྱེད་ཀྱི་གོས་བསོད་ཡིན། །

སྲིང་ཏཱ་རེ་གནམ་གྱིས་སྲུང་རྒྱུ་མ། ། 

 སྨན་སེམས་ཅན་བུ་མོར་རྟ་ཞིག་ཡོད། །

ས་རྒན་རྒྱའི་འདོད་རྟ་གཡེར་བ་ཉོ། །  

རྟའི་ཁོག་སྟོད་སེང་གེ་འགྱིང་འདྲ་ཡིན། །

ཁོག་སྨད་སྟག་མོ་མཆོངས་འདྲ་ཡིན།།   

རྔ་མ་དར་སྐུད་བཤར་འདྲ་ཡིན། །

རྔོག་མ་ལྷོ་སྤྲིན་འཐིབས་འདྲ་ཡིན། །  

ཡ་ཁ་ཆོས་ཁྲི་བརྩིགས་འདྲ་ཡིན། །

མ་ཁ་ཆོས་གདན་བཏིངས་འདྲ་ཡིན། །  

མིག་ཁྲོམ་དཔའ་བོའི་ཁུ་ཚུར་ཡིན། །

རྨིག་བཞི་སྒོ་བཞི་སྒོར་འདྲ་ཡིན། །  

 རྟ་དེ་དང་རན་པའི་སྒ་ཞིག་ཉོ། །

གསེར་སྒ་ཉི་མ་རང་ཤར་ཉོ། །  

འདིའི་སྔ་རུར་ཉི་མ་ཤར་རེ་ཡོད། །

ཕྱི་རུར་ཟླ་བ་ཚེས་ནས་ཡོད། །    

གློ་རྨེད་མུ་མིན་མུ་ཏིག་ཡིན། །

ཆ་མགོ་སེང་གེ་ཁ་གདངས་ཡིན། ། 

 ཡོབ་ཆེན་ཉི་ཟླ་ཁ་སྤྲོད་ཡིན། །

སྒ་དེ་དང་རན་པའི་སྲབ་ཅིག་ཉོ། །  

གསེར་སྲབ་གྲིབ་མ་རང་འགུག་ཉོ། །

མགོ་ལོང་བཀྲ་ཤིས་འཁྱིལ་བ་ཡིན། ། 

གདོང་ཐག་གཡང་དྲུང་སྒོ་སྤྲོད་ཡིན། །

ལྕེ་མདུད་གསེར་གྱི་ཁྲོམ་མདུད་ཡིན། ། 

སྲབ་མདའ་དར་སྐུད་ཕྲ་མོ་ཡིན།།

སྲིང་ཏ་རེ་ཁྱེད་ཀྱི་རྟ་བསོད་ཡིན། །།  

སྲིང་ཏཱ་རེ་གནམ་གྱིས་སྲུང་རྒྱུ་མ། །

སྲིང་ཏཱ་རེ་ཚེ་ཐག་རིང་རྒྱུ་མ། །  

སྐྲ་གཡས་སྐྲའི་རིན་ལ་འབྲི་བརྒྱ་ལེན། །

འབྲི་ཁྱུར་འབྲོང་ཞིག་རྒྱག་དགོས་ཟེར། ། 

འབྲོང་དེ་ལ་སྣ་གཅུ་སྤྲོད་དགོས་ཟེར། །

འབྲོང་ག་གཡོན་རྭ་གཡོན་མི་དགོས་ཟེར། ། 

སྐྲ་གཡོན་སྐྲའི་རིན་ལ་ལུག་བརྒྱ་ལེན། །

ལུག་ཁྱུར་དགོ་ཞིག་རྒྱག་དགོས་ཟེར། ། 

དགོ་དེ་ལ་རྣ་ཚར་འཕེན་དགོས་ཟེར། །

འདི་ཙི་གུ་ར་མ་མི་དགོས་ཟེར། །  

སྐྲ་རལ་བའི་རིན་ལ་རྟ་བརྒྱ་ལེན། །

རྟ་ཁྱུར་རྐྱང་ཞིག་རྒྱག་དགོས་ཟེར། །  

སེ་ལ་རྔ་འབུག་མི་དགོས་ཟེར། །

སྲིང་ཏཱ་རེ་གནམ་གྱིས་སྲུང་རྒྱུ་མ། ། 

 སྐྲ་གཡས་སྐྲའི་རིན་གྱི་འབྲི་བརྒྱ་འདི། །

ངས་འབྲི་བརྒྱ་མི་འཛིན་རྫོངས་ལ་འདེད། ། 

 འབྲི་ཐུལ་མའི་འོ་ཞོ་ལོ་གཅིག་ཡིན། །

ངའི་སྲིང་ཆུང་རྣ་སྡུག་ཚེ་གཅིག་ཡིན། །  

སྐྲ་གཡོན་སྐྲའི་རིན་གྱི་ལུག་བརྒྱ་འདི། །

ངས་ལུག་བརྒྱ་མི་འཛིན་རྫོངས་ལ་འདེད། ། 

ལུག་ཚེར་མོའི་བལ་ཁ་ལོ་གཅིག་ཡིན། །

ངའི་སྲིང་ཆུང་རྣ་སྡུག་ཚེ་གཅིག་ཡིན། ། 

 སྐྲ་རལ་བའི་རིན་གྱི་རྟ་བརྒྱ་འདི། །

ངས་རྟ་བརྒྱ་མི་འཛིན་རྫོངས་ལ་འདེད། །  

རྟ་འདོ་བའི་ཤ་རྒྱབ་ལོ་གཅིག་ཡིན། །

ངའི་སྲིང་ཆུང་རྣ་སྡུག་ཚེ་གཅིག་ཡིན། 

 སྲིང་ཏཱ་རེ་གནམ་གྱིས་སྲུང་རྒྱུ་མ། །

སྲིང་ཏཱ་རེ་ཚེ་ཐག་རིང་རྒྱུ་མ། །

  ཞེ་མ་ཆགས་བུ་མོ་གནས་ལ་སོང་། །

སང་ནངས་མོ་མནའ་མ་ལེན་རྒྱུ་རེད། ། 

 ཁྱོའི་ཕ་ལོ་མ་ལོ་ད་སྐྱིད་རེད། །

ཕ་ལོའི་ལག་ལ་ཇ་འཇོག་རེད། །   

མ་ལོའི་གོམ་པའི་ཚགས་ལེན་རེད། །

ཁྱོད་འགྲོ་སའི་གནས་ཚང་བསྟོད་རྒྱུ་ན། །  

སྦྲ་ཀ་བཞི་སྒོ་བཞི་བརྒྱངས་ནས་ཡོད། །

དེའི་སྒོ་ཁར་གསེར་འབྲུག་འཁྱིལ་ནས་ཡོད། །

  ངོ་ཐིགས་ཐམས་ཅད་མུ་ཏིག་ཡིན། །

ཕོ་ལོང་ཐམས་ཅད་གསེར་ལོང་ཡིན། །   

མོ་ལོང་ཐམས་ཅད་དངུལ་ལོང་ཡིན། །

ཆ་རུ་ཐམས་ཅད་བྱུ་རུ་ཡིན། །  

 དོ་ཆེན་བ་རུ་དགུ་བསྐོར་ཡིན། །

དོ་འབྲིང་བ་རུ་དྲུག་བསྐོར་ཡིན། །  

 དོ་ཆུང་བ་རུ་སུམ་བསྐོར་ཡིན། །

ཐབ་ཀ་རི་རབ་ལྟེ་བ་ཡིན། །   

སླ་ང་དངུལ་དཀར་ཆུ་མིག་ཡིན།།

ཐོམ་བུ་ཉ་མོ་ཆུ་གཅོད་ཡིན། །  

ཟས་སྣ་ཁ་གསུམ་པོ་སྣོད་ན་ཡོད། །

གོས་སྨུག་པོ་གྲུ་བཞི་སྒམ་ན་ཡོད།།    

རྒྱུ་ར་བ་ཚོགས་གསུམ་ར་ན་ཡོད། །

ནོར་ནག་མོ་རྫ་མགོའི་གོ་རོ་ཡིན། །  

རྫ་གོ་རོར་ཆགས་འཇོག་བྱེད་ས་ཡིན། །

རྟ་འདོ་བ་གྲམ་པའི་རྡོ་གྲངས་ཡིན། །  

རྡོ་གོར་མོར་ཆགས་འཇོག་བྱེད་ས་ཡིན། །

ལུག་ཚེར་མོ་སྤང་གི་རྩི་གྲངས་ཡིན།།  

རྩྭ་རྩི་ཏོག་ཆགས་འཇོག་བྱེད་ས་ཡིན། །

སྲིང་ཏཱ་རེ་གནམ་གྱིས་སྲུང་རྒྱུ་མ། །   

སྲིང་ཏཱ་རེ་ཚེ་ཐག་རིང་རྒྱུ་མ། །

ནགས་རྒྱ་རྫོང་འདྲ་བའི་ད་ཁུག་ན། །  

སྟག་དམར་ཡག་འདྲ་བའི་མག་པ་ཡོད། །

ཁྱོས་རྟ་ཁ་ཡོབ་ཆེན་ལེན་ཤེས་བྱོས། །  

ཁ་བཟང་པོས་བཤད་ཤེས་གཏམ་ཤེས་བྱོས། །

ལུས་བཟང་པོ་འགྲོ་ཤེས་འདུག་ཤེས་བྱོས། ། 

 ཁྱོའི་ཨ་ནེ་ཨ་མྱེས་རྒན་པ་ཡིན། །

ཟས་ཚ་མོ་མངར་མོ་ལྡུད་ཤེས་བྱོས། །  

ཚིག་བཙུན་མོ་ངག་གི་འབུལ་ཤེས་བྱོས། །

ཁྱོད་ཕར་ལ་འགྲོ་དུས་སྔོན་མ་བྱོས། །  

ཕྱིར་ལ་འཁོར་དུས་རྗེས་མ་བྱོས། །

དེ་བྱོས་དང་བུ་མོའི་རྒྱན་ཞིག་ཡིན། །  

སྲིང་ཏཱ་རེ་གནམ་གྱིས་སྲུང་རྒྱུ་མ། །

སང་ནངས་མོ་ནམ་མཁའ་ཡར་ལངས་ལ། ། 

ང་གཉེན་ཚང་ཚང་ལ་སྐད་ཅིག་ཡོད། །

བར་སྣང་ཁམས་ལ་སྒོ་ཁྱོགས་ཟེར། །  

ཤ་ཐུལ་གཉིས་ཀྱིས་རི་བརྩིགས་ཟེར། །

ཇ་ཆང་གཉིས་ཀྱིས་མཚོ་བསྐྱིལ་ཟེར། །  

མིག་མཐོང་གང་ལ་བསུ་བ་ཟེར། །

དྲུག་སྐོར་བརྒྱ་དང་བཅུ་གསུམ་པོ། ། 

ཁ་མ་ཎིའི་དོན་གྱིས་ཚང་དགོས་ཟེར།  །

དེ་མིན་ན་སྲིང་ཆུང་མི་བསྐྱལ་ཟེར། །  

སྲིང་ཏཱ་རེ་གནམ་གྱིས་སྲུང་རྒྱུ་མ། །

ཡར་ལ་ཁིས་ལུང་གོང་མའི་འབུད། །  

ཕ་ཨ་ཁུ་མང་པོས་བསྐོར་ནས་འགྲོ། །

ང་མྱིང་ཆུང་བྱི་ལིས་ཁྲིད་ནས་འགྲོ། ། 

 འདི་བྱེད་དང་བུ་མོའི་རྒྱན་ཞིག་ཡིན། །

སྲིང་ཏཱ་རེ་གནམ་གྱིས་སྲུང་རྒྱུ་མ། ། 

ངའི་ལག་གི་དཀར་ཡོལ་འབྲུག་མ་འདིའི། །

ཁ་ན་འཁོར་ལོ་རྩིབས་བརྒྱད་ཡོད། །  

ཞབས་ན་པདྨ་འདབ་བརྒྱད་ཡོད། །

སྐེད་ན་བཀྲ་ཤིས་རྟགས་བརྒྱད་ཡོད། ། 

འདིའི་ནང་གི་བདུད་རྩི་བསིལ་མ་འདི། །

ལོ་ལ་བསྙལ་བའི་ལོ་ཆང་ཡིན། །   

ཟླ་ལ་བསྙལ་བའི་ཟླ་ཆང་ཡིན། །

ངའི་ལག་གི་ཁ་བཏགས་དཀར་པོ་འདི། །  

ཁ་བཏགས་པདྨ་ར་གཱ་ཡིན། །

འདིའི་རྒྱུ་སྤུན་བལ་དཀར་ཁ་ཆུ་ཡིན། །  

ཐགས་ཆ་ཉི་ཟླ་ཁ་སྤྲོད་ཡིན། །

ངའི་ཕྲག་པ་གཡས་པའི་ཁ་བཏགས་འདི། ། 

 སྲིང་ཆུང་མ་ཡི་རལ་མགོར་འཕོངས། །

ཀི་སྭོ་སྭོ་ཆེའོ་ལྷ་རྒྱལ་ལོ། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།