མགར་ཐར་བའི་རྒྱུན་ཆགས་གོམས་གཤིས་ཀྱི་སྐོར་རོབ་ཙམ་གླེང་བ།

1d2002744d8a5b680a76b6b3abe18a0b.jpg

12ef0dc96ccac272991f59eb207d6912.jpg

རྒྱུན་ཆགས་འཛེམ་སྤང་གི་སྐོར།

སྤྱིར་བོད་ཁ་བ་ཅན་གྱི་མི་རིགས་འདི་རྟེན་འབྲེལ་ལ་བརྟགས་ཤིང་སྤྱོད་ངན་ལ་འཛེམས་པའི་མི་རིགས་ཤིག་ཡིན་པ་སྨོས་མེད་ཡིན་ལ། ནང་སྒོས་སུ་མགར་ཐར་བ་ལ་མཚོན་ན་འཛེམ་བྱ་སྤང་བྱ་གཞན་དང་མི་འདྲ་བའི་ཁྱད་ཆོས་མང་པོ་ཡོད།  ཇི་སྐད་དུ།  ཡ་རབས་མ་རབས་སྤྱོད་པས་ཤེས།། ས་ཆ་གང་ཡིན་སྐད་ཀྱིས་ཤེས་ཞེས་པ་ལྟར།  དེ་ཡང་ཞོགས་པར་མི་རྣམས་ཕན་ཚུན་ཐུག་སྐབས་མཆོག་ཏུ་གྱུར་པ་ལ་གཟིམ་ས་ཨེ་བདེ་ཞེས་དང་། དཀྱུས་མ་རྣམས་ལ་ཨེ་བདེ་ཞེས་ངེས་པར་དུ་ཁམས་འདྲིའི་དོད་དུ་འབོད་དགོས། རང་ལས་རྒན་པ་གང་ཡོད་ལ་རྒན་ལགས་དང་ཨ་མྱེ་ཨ་ཡེ་ཨ་ཁུ་ཨ་ཞང་།  ཨ་ནེ་ཨ་ལ(ཨ་སྲུ་ཞེས་པའི་དོན)དང་། ཨ་རྒྱ་དང་ཨ་ཅེ་ཞེས་འབོད་པ་ལས་ཐད་ཀར་རང་མིང་གིས་བཟུང་ན་ཆེ་མིང་བཏགས་སོང་ཞེས་སྤྱོད་ངན་ཞིག་ལ་བརྩི།  བླ་མ་དང་རྒན་པ་དག་ལ་གུས་ཞབས་བྱེད་ཚུལ་ནི། ལམ་ཐོག་ནས་ལམ་ཞབས་སུ་གཟུར་བ་དང་ཞྭ་མོ་ཕུད་ཅིང་མགོ་བོ་དུད་པ།  ཕུ་དུང་ལག་ཁུག་ཏུ་ལེན་པ།  བུད་མེད་རྣམས་ཀྱིས་སྐྲ་ལྟག(ནི་མི་ཉག་ཕྱོགས་ཀྱི་བུད་མེད་ཚོའི་སྐྲ་བསླས་སྟངས་ཤིག་གི་ཡུལ་སྐད་དོ།།)ཕབ་པའམ་མ་མཐར་གྱེན་དུ་འདེད་ཙམ་བྱས་ཤིང་ཞེ་ཚིག་དང་བཅས་པའི་སྒོ་ནས་ངག་སྨྲ། ཞོགས་པར་འགྲུལ་བཞུད་བྱེད་མཁན་དག་ལ་རྣམ་རྟོག་ལང་ངེས་ཀྱི་རིགས་ཏེ་སླེ་བོ་དང་ལྕགས་ཟོ་སྟོང་པ་འཁུར་བ་དང་ཐལ་བ་འཕོ་བ་སོགས་མི་བྱེད་ལ་གལ་ཏེ་དགོས་པ་བྱུང་ན་གཡོལ་ནས་འགྲོ་བ་དང་གབ་པ། སྣོད་སྟོང་ཁ་སྦུབ་པ་སོགས་བྱེད་ངེས།  ཁྱིམ་ཚང་གང་ཞིག་ཡིན་རུང་བུ་རྒྱུད་ཚོར་ཟ་ལུགས་འཐུང་སྟངས། འགྲོ་ལུགས་འདུག་སྟངས་སོགས་མི་ཆོས་སློབ་གསོ་ཡང་དག་པར་བྱེད་པ་དང་། ཕོ་མོ་སུ་ཡིན་རུང་ཕན་ཚུན་མཐོང་ས་ནས་གཤང་གཅིན་མི་འདོར་བ་དང་ཁྱིམ་ཚང་ནང་དང་མིང་སྲིང་བར་ཕོ་མོའི་འབྲེལ་བ་དང་ཆགས་གཏམ་སོགས་ཟུར་ཙམ་ཡང་མི་གླེང་། ལྷག་ཏུ་རྟེན་གསུམ་སྐོར་བ་དང་དུས་ཆེན་དུས་མཆོད་སོགས་ཀྱི་སྐབས་མོ་དང་མོ་བསྡེབས་ཤིང་ཕོ་དང་ཕོ་གྲོགས་བསྡེབས་ནས་འགྲོ་བ་ལས་ཕོ་མོ་ཕན་ཚུན་འཁྱུད་སྦྲེལ་སོགས་བྱས་ནས་འགྲོ་བ་ཡང་ངོ་ཚ་བའི་གནས་སུ་བཟུང་གཤིས་ཡུལ་འདིར་བཟའ་འཐོར་དང་རྐུབ་གྱོད་ཐུག་མཁན་གཞན་དང་བསྡུར་ན་ཧ་ཅང་ཉུང་། འཇིག་རྟེན་པའི་ངག་ལ། མི་ཡུལ་ལ་མི་ཐོན་ན་བརྩི་རེས་དང་འཚོ་རེས།  ཁྱི་ཡུལ་ལ་ཁྱི་ཐོན་ན་འཇུ་རེས་དང་རྨུགས་རེས་ཟེར་བ་ལྟར།  ངོ་ཤེས་མིན་ཇི་ལྟར་ཡིན་ཡང་ཁྱིམ་མཚེས་ཚང་ལ་མགྲོན་པོ་ཐོན་ན་དེ་ལ་མགྲོན་འབོད་པ་དང་མ་མཐར་ཁ་ཡག་པོ་ཞིག་གྲག་རྒྱུ་གལ་ཆེན་དུ་བརྩི།  རྒྱུས་མེད་ཀྱིས་འདྲི་བ་ལ་ལན་ལོག་ཚིག་རྩུབ་མི་འདེབས་ཤིང་འཇམ་པོའི་ངག་གིས་སྐད་ཆ་ཁ་གསལ་གཏིང་གསལ་བཤད་པར་འབད། ས་ཆ་གཞན་དུ་སོང་ནས་ཡུན་རིང་འགོར་བ་དང་ཁྱིམ་དུ་ཉེ་གཏུགས་བྱེད་དུ་ཡོང་བ་དང་ཡང་ན་ཡུལ་གཞན་དུ་མནའ་མ་མག་པར་འགྲོ་མཁན་རྣམས་ལ་དམིགས་བསལ་མགྲོན་འབོད་བྱ་སྲོལ་ཡོད།

15c00c72ad24d3815b402e47fee08a4b.jpg

d91ee8fd7f064c2c7b4317438b5cda86.jpg

969ced2ed99564d49233c7c8607cfb4a.jpg

༡.སྐྱིད་སྡུག་ལ་རོགས་རམ།

དུད་ཚང་སུ་ཞིག་ལ་སྐྱིད་སྡུག་ཅི་བྱུང་ན་དེ་ལ་དཔག་པའི་སྐད་ཆ་བཤད་པ་ལས། སྐྱིད་ལ་རྣམ་རྟོག་དང་རྟེན་འབྲེལ་འཆུག་ངེས་ཀྱི་ཁ་ངན།  དུད་ཚང་སུ་ཞིག་ལ་སྡུག་ལ་ཐུག་ན་ཐེ་ལས་རྡུང་བ་དང་སེམས་མི་བདེ་བར་བཟོ་བ་ལ་འཛེམས་ཤིང་ཐ་ན་གྲོང་ཚོ་དེས་ལོ་སར་ལ་མངོན་གསལ་རྒྱས་སྤྲོ་དང་གླུ་དབྱངས་ཕྱི་རོལ་དུ་བསྒྲགས་པ་སོགས་གཏན་ནས་མི་བྱེད། གལ་ཏེ་གཉེན་སྟོན་བྱེད་དགོས་ཚེ་ཆང་དང་དར་ཁ་བྱིན་ནས་གནང་བ་ངོ་སྲུང་ཞུ་དགོས་པ་དང་ལོ་སར་ལ་ཉེ་འབྲེལ་ངོ་ཤེས་རྣམས་ཀྱིས་ཟས་སྐལ་ཁྱེར་དགོས།  གྲོང་པའི་ནང་ལོ་ན་ཆེས་རྒན་པ་དག་ལ་ལོ་སྐལ་དང་ངེས་པར་མགྲོན་དུ་འབོད། སྐྱིད་སྡུག་ཅི་བྱུང་ལ་ཕན་ཚུན་རོགས་རམ་ཅི་དགོས་ངེས་པར་དུ་འགྲོ་དགོས་པ་སྲོལ་ལྟར་ཆགས། ཁྱིམ་གསར་འབུབས་དང་ཀ་ཕིབས་རྒྱག་པ།  རྒྱ་ར་བསྐོར་བ་དང་རྨོ་རྐོ་སོ་ནམ། སྟོན་ཐོག་བསྡུ་བ་དང་གཡུལ་གཅོག་པ་སོགས་ལས་ཀ་ལ་ཕན་ཚུན་རོགས་རམ་བྱེད་དགོས་ཤིང་ལས་ཀ་བ་དག་ལ་ཁྱིམ་ཚང་དེས་བཟའ་བཏུང་གང་བཟང་ལྡུད་པ་དང་ལས་ཀ་བ་ཕན་ཚུན་ལ་ཁ་མཚར་རྩེད་མོས་ཉིན་འཁྱོང་ཡོང་བར་བྱས་ནའང་ངོ་ཚའི་རིགས་དང་ཚིག་རྩུབ་སྨྲ་བ་ལ་ཤིན་ཏུ་འཛེམ།

ec37a7a29f1a1e0095b39f467fcbbf18.jpg

41586158aa41dadf65b54db426589697.jpg

༢.ཆོས་ལུགས་དད་མོས།

མགར་ཐར་གྱི་ཡུལ་འདིར་བོན་པོ་དང་རྙིང་མ། ས་སྐྱ། དགེ་ལུགས་ཀྱི་དགོན་པ་ཡོད་ལ་ཆོས་བརྒྱུད་ཁག་གི་བླ་མ་གྲྭ་པ་རྣམས་ལ་རིས་སུ་མི་བཅད་པར་བླ་ཆེན་དང་། དགེ་བཤེས་མཁན་པོ་སུ་ཞིག་གིས་ཆོས་གསུངས་ན་དེ་ཞུ་བར་འགྲོ་ཅི་ཐུབ་བྱེད། བླ་གྲྭ་དག་གིས་ལྟ་བས་རིས་སུ་མི་བཅད་ཅིང་དགོན་པ་གང་གི་ནང་དུ་ཚོགས་ལ་འགྲོ་བསམ་ན་འགྲོ་ཆོག་ཆོག་ཏུ་ཡོད་པ་དང་མཉམ་དུ་གྲོང་ཆོག་ལ་འགྲོ་བ་སོགས་འདྲིས་གཤིབ་རྒྱུས་ལོན་བྱེད་རྒྱུའི་གོ་སྐབས་མང་། དེར་བརྟེན་དགོས་པ་མེད་པའི་རང་རྒྱལ་གཞན་ཕམ་གྱི་ཆོས་བརྒྱུད་ཕྱོགས་རིས་ཀྱི་རྩོད་རྙོག་དེ་ད་སྔ་ཡན་ཆོད་དུ་མེད་པ་ལྟར་སྣང་ངོ་། །དགོན་པའི་རྟེན་དང་བརྟེན་པ་ཅི་ཞིག་གསར་བཞེངས་ཉམས་གསོ་བྱས་ན་མང་ཚོགས་ཀྱིས་མ་སྐུལ་དང་བླང་གི་ངོས་ནས་སྲི་ཞུ་བླ་ན་མེད་པར་སྒྲུབ།

དགུན་ཁར་གྲོང་ཚོ་སོ་སོའི་ནང་དུད་ཚང་སྒེར་གྱིས་མ་ཎི་མཚན་འདོན་བྱེད་རྒྱུ་ཡོད་ལ་སུ་ཞིག་གིས་ཆ་བརྒྱབ་ན་མི་གཅིག་ངེས་པར་འདོན་སར་འགྲོ་དགོས།  རྣམ་གཡེང་ངག་འཁྱལ་སྤངས་ཏེ་མུན་རུབ་པ་ནས་མཚན་མོ་ཆུ་ཚོད་བཅུ་གཅིག་དང་ཕྱེད་བར་དུ་སྐྱབས་འགྲོ་སྒྲོལ་མ། མ་ཎི་དང་ལྟུང་བཤགས། མ་ཎི་རྒྱང་འབོད། དམིགས་བརྩེ་མ་དང་མཚན་བརྗོད་གཟུངས་སྔགས་གང་འགྲུབ་བཟླས་ཏེ་ཤི་བོ་ལ་བསྔོ་སྨོན་དང་། གསོན་པོ་ལ་སྐྱབས་འཇུག་ཚར་འགྲོ་གནད་སྨིན་བྱེད།

ef5c7e33228bb9a02368de23588af8d3.jpg

a0c5c7de4a7ebebe1e4fdb5e3d8687fb.jpg

d6a8c9b4761045d9d92a7150482bb0dd.jpg

༣.ལྟ་རྟོག་འགྲོ་བ།

སུ་ཚང་ལ་མི་ཤི་གོད་ཆགས་བྱུང་ན་འཕྲལ་དུ་རོགས་བྱེད་པ་དང་ལྟ་རྟོག་དངུལ་སྒོར་ཆེ་ཆུང་ཅི་ཡོད་དང་མཆོད་མེ་སོགས་ཁྱེར།   ཕུང་པོ་མེད་པར་བཟོས་རྗེས་མཆོད་མེ་བྱིན་སྲོལ་མེད་པ་དང་ཞེ་དགུ་ཁ་གང་རྗེས་ལྟ་རྟོག་ཀྱང་སྟེར་སྲོལ་མེད།  ན་ཚ་བྱུང་བ་ལ་ནད་འདྲི་རུ་འགྲོ་དགོས་པ་དང་དེ་ཡང་ལག་སྟོང་དུ་མ་ཡིན་པར་སྒོར་མོ་དང་བཟའ་བཏུང་སོགས་ཁྱེར་དགོས། དེ་བཞིན་དུ་བྱིས་པ་བཙས་པ་ལ་ཁྱིམ་མཚེས་རུ་སྐོར་ཉེ་དུ་སོགས་ཀྱིས་སྐྱེད་མ་ལ་ཁ་རྩི་བཟོ་བྱེད་དུ་མར་གསར་དང་བྱ་སྒོང་སོགས་བཟའ་བཏུང་རིགས་སྟེར་ལ་དངུལ་སྒོར་སྦྱིན་མི་དགོས།  ལྷ་ས་དང་རྒྱ་གར་སོགས་མཆོད་མཇལ་གནས་སྐོར་དུ་སྐྱོད་མཁན་ལ་རྫོངས་བ་དང་གསེར་རྐོང་སྦྱོང་བྱེད་སོགས་བསྐུར་སྲོལ་ཡོད།  གྲྭ་ས་ལ་འགྲོ་བ་དང་སློབ་གྲྭ་འགྲིམ་མཁན་རྣམས་ལ་རང་གི་གཉེན་ཉེ་ཆེ་གྲས་དང་ཁྱིམ་མཚེས་རུ་སྐོར་དག་གིས་ཟས་གོས་ཤོག་དངུལ་སྟེར།  གཉེན་སྟོན་དང་ཁང་སྟོན་ཤག་སྟོན།  ཆོས་ཕྱོགས་ཀྱི་དམིགས་བསལ་གོ་གནས་ཅན་དུ་གྱུར་པ་དག་ལ་ལེགས་འབུལ་ཕུལ་བ་དང་། འབྱུང་བ་བཞི་དང་། ཆོམ་རྐུན། རིམས་ནད་ཀྱིས་གཟིར་བ།  རྒྱལ་པོའི་ཆད་པའི་ལས་ཀྱིས་འཇིགས་པ་དང་། བུ་ལོན་དང་བོགས་སྐྱེད་ཀྱིས་མནར་ཏེ་ཁྱིམ་གཞིས་སྟོང་ལ་ཁད་དུ་འགྱུར་བ་སོགས་སྡུག་བསྔལ་ཤུགས་དྲགས་པའི་རིགས་ལ་ཡང་ལྟ་རྟོག་རྒུད་སྐྱོབ་བྱེད་དགོས་པ་བཅས་མདོར་བསྡུས་ཀྱི་སྒོ་ནས་མཇུག་གྲུབ་བོ། །

《ཁམས་པའི་འཛུམ་རིས》སྟེང་བཀོད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།