ཀྲུང་གོ་བོད་ཀྱི་དྲ་བ།

མདོ་སྨད་གཅན་ཚའི་ཡུལ་གྱི་བྱིས་པའི་རོལ་རྩེད་ལས་ད་རྡེའུ་རིག་གནས་ངོ་སྤྲོད།

ཡོང་ཁུངས། : གངས་ལྗོངས་ཉི་གཞོན།   རྩོམ་པ་པོ། : བཀྲ་གོ   སྤེལ་དུས། : 2018-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ད་རྡེའུ་ནི་རྡོ་ལེབ་ཆུང་ཆུང་ཞིག་ཡིན་ཞིང་ཡུལ་སྐད་དུ་ད་རྡོ་ཡང་ཟེར་། དེ་ནི་ཅུང་སྲབ་ཅིང་བྱིས་པའི་ལག་པའི་ཆེ་ཆུང་ཙམ་མ་གཏོགས་མེད། དབྱིབས་ནི་གོར་གོར་རམ་ནར་མོ་ཡིན་དགོས། དེ་ནི་བྱིས་པ་འགའ་ཚོགས་པ་གཉིས་སུ་བགོས་ནས་རྟགས‘日'ལྟ་བུའི་དབྱིབས་གཟུགས་བྲིས་པ་དེའི་ནང་དུ་གོ་རིམ་བཅུ་གཅིག་བརྒྱུད་ནས་རྩེད་པའི་བྱིས་པའི་རོལ་རྩེད་ཅིག་ཡིན།

01.jpg

ད་རྡེའུ་རྩེད་རྒྱུར་རྟགས་འབྲི་བ།

གནའ་དུས་སུ། རྨ་གཡང་ཕྱུག་མོའི་གཡས་ཟུར་དུ་ཆགས་པའི་གཅན་ཚ་ས་ཁུལ་དུ་ཆུང་བྱིས་པ་རྣམས་ཀྱི་རོལ་རྩེད་བྱེད་སྲོལ་དེ་ཡང་གནའ་དུས་སྲོལ་རྒྱུན་གྱི་སློབ་གསོ་བྱེད་ལུགས་ཀྱི་དཔའ་རྩལ་དང་ལག་རྩལ་སྦྱོང་བརྡར་ལ་འབྲེལ་བ་ཤིན་ཏུ་ཆེ་བ་དང་། དེ་ཡང་རང་ལོ་བདུན་ནས་བཅོ་ལྔའི་བར་རྩེད་མོ་སྣ་ཚོགས་རྩེད་དེ་ལུས་སེམས་སྦྱོང་བརྡར་བྱེད་པ་ཐམས་ཅད་བྱིས་པའི་དུས་ཀྱི་རོལ་རྩེད་ལ་གཏོགས་ཤིང་། ཁ་དཔེར་ཕོ་ལོ་བཅོ་ལྔར་བུད་ནས་གཏམ་ཕ་ལ་མི་འདྲི། མོ་ལོ་བཅོ་ལྔར་བུད་ནས་ཟས་མ་ལ་མི་སློང་ཟེར་བའི་དཔེ་བཞིན་དུ་རང་ལོ་བཅོ་ལྔའི་རྗེས་སུ་བསམ་ཤེས་དང་དར་མར་གྱུར་ཏེ་འཚོ་བའི་ཁྲོད་ཀྱི་ལས་ཀ་གང་རུང་ལ་གདོང་གཏོད་པར་སེམས། སྤྱིར་ད་རྡེའུ་རྩེད་འཇོ་ནི་ས་ངོས་མཉམ་པོ་ཞིག་ཏུ། སྲིད་ལ་ཕལ་ཆེར་གོམ་པ་ལྔ་དང་། རིང་ཚད་ལ་གོམ་པ་བརྒྱད་ཡས་མས་ཙམ་གྱི་གྲུ་བཞི་ནར་མོའི་རྟགས་ཤིག་བྲིས་ཤིང་། རྟགས་ནང་གི་མགོ་སྟོད་དུ་གོམ་པ་རིང་བོ་གང་གི་ས་ནས་བར་མཚམས་བཅད་པའི་འཕྲེད་རྟགས་ཤིག་བརྒྱབ་པ་དེ་ལ་ཆུ་རྟགས་ཟེར། དེ་ནས་བྱིས་པ་ཕོ་མོ་འདྲེས་མའི་སྐོར་ཁག་གཉིས་སུ་བགོས་ཏེ། མི་རེའི་ལག་ཏུ་ད་རྡེའུ་རེ་བཟུང་ནས་ཚང་མས་ཆུ་རྟགས་ནང་འཕངས་པ་ན། ཆུ་རྟགས་ནང་གི་མཐོ་སར་ཟིན་པའི་སྐོར་དེས་སྔོན་མར་འཕེན་པ་དང་། དམའ་སར་ཡོད་པའི་སྐོར་དེས་རང་རང་གི་ད་རྡེའུ་འབེན་དུ་བསླངས་དགོས། ཚོགས་པ་སྐོར་གཅིག་གིས་ད་རྡེའུ་འབེན་དུ་བརྩངས་པ་དེར་ཚོགས་པ་གཞན་དེས་ད་རྡེའུས་རྒྱག་དགོས་པ་དང་། རྩེད་སྟངས་ཀྱི་གོ་རིམ་ནི་རིམ་པ་བཞིན་དུ་ལག་རྩོད་དང་། ལག་རྡེའུ།(སྔ་མ) སྔུན་རྡེའུ། གཞུག་རྡེའུ། ཆུ་རྡེའུ། ལྡིང་རྡེའུ། རྐང་རྡེའུ། ལག་རྡེའུ།(ཕྱི་མ) ཟུར་རྡེའུ། ལེབ་རྡེའུ། ད་སྐྱོངས་པ་བཅས་རིམ་པ་བཅུ་གཅིག་ཡོད་པ་རེད།

ད་རྡེའུ་ཞེས་པ་ནི་བྱིས་པའི་རོལ་རྩེད་ཅིག་ཡིན་ལ། དེ་ནི་རྩེད་འཇོའི་གོ་རིམ་གྱི་ཁྲོད་ནས་སུ་རྒྱལ་སུ་ཕམ་བྱུང་ན། རྒྱལ་བའི་ཕྱོགས་དེས་ཕམ་པའི་ཕྱོགས་དེར་ཆད་པ་གཅོད་པར། ཐོག་མར་རྒྱལ་བའི་ཕྱོགས་དེས་ད་རྡེའུ་དེ་ལག་པའམ་རྐང་པའི་སྦ་ཐོག་ཏུ་བཞག་ནས་གཡུག་ཐུབ་ཚོད་དུ་ཕར་གཡུག་པར་བྱེད་ཅིང་། ཕམ་པའི་ཕྱོགས་དེ་གཡུགས་པའི་རྡོ་དེ་ཉིད་ལེན་དུ་འགྲོ་སྐབས་ཁ་ནས་ད་ཞེས་སྐད་ཤུགས་ཆེར་བརྒྱབ་ནས་དབུགས་ཐེངས་གཅིག་གིས་མྱུར་མོར་སླར་ལོག་པར་ད་སྐྱོངས་པ་ཞེས་འབོད། སྤྱིར་བཏང་དུ་ད་ནི་དུས་ད་ལྟ་བ་སྟེ། ད་ལོ་དང་། ད་ཐེངས། ང་ད་ཡོང་བ་ཡིན་ཟེར་བའམ་ཡང་ན་དུས་ཐུང་ངུའི་མིང་སྟེ། དུས་ད་ལྟ་ཡོད་ལ་དུས་ད་ལྟ་མེད་ལྟ་བུ་རེད། ད་ཞེས་པའི་གོ་དོན་ནི་སྐབས་འདིར་དུས་ད་ལྟའམ་དུས་སྐད་ཅིག་ཏུ་ད་ཞེས་ངག་ནས་སྐད་བསྲིངས་ཏེ་དབུགས་ཀྱི་རྒྱུ་བ་ཆད་དུ་མི་འཇུག་པར་མགྱོགས་པོར་བགྲོད་པའི་ལུས་ངག་གཉིས་ཀའི་བྱ་སྤྱོད་ཅིག་ཡིན། གལ་ཏེ་ད་ཞེས་པའི་སྐད་ཀྱི་ངག་སྒོ་གང་ནས་ཆད་ཚེ་རྒྱལ་བའི་མི་དེ་ཁུར་ནས་ཕྱིར་སྔོན་གྱི་གནས་སུ་ཐོན་དགོས་ཀྱི་ཡོད། རྡེའུ་ནི་ཅུང་སྲབ་པའི་རྡོ་ལེབ་ཆུང་ཆུང་སྒོར་དབྱིབས་སམ་ནར་མོ་ཅན་ཞིག་ཡིན་ཞིང་། དེ་ནི་རྩེད་མོ་རིགས་འདིའི་མགོ་རྔ་བར་གསུམ་གང་དུའང་ཁ་བྲལ་ཐབས་མེད་པའི་ལག་ཆ་ཞིག་ཡིན། མདོར་ན་ད་ནི་ཆད་པ་གཅོད་པའི་སྐབས་ཀྱི་ངག་གི་བྱེད་སྒོ་ཞིག་ཡིན་པ་དང་། རྡེའུ་ནི་རྩེད་པའི་གོ་རིམ་ཁྲོད་དུ་ལུས་ཀྱི་འགུལ་སྐྱོད་བྱེད་སྐབས་ཀྱི་ཡོ་བྱད་ཅིག་ཡིན་པ་དེ་གཉིས་བསྡུས་ན་ད་རྡོའམ་ད་རྡེའུ་ཞེས་འབོད་ཀྱིན་ཡོད། ཡང་ན་ད་ཞེས་ཟེར་པ་ནི་རྒྱའི་ཡི་གེར(打)ཞེས་པ་རྒྱོབ་ཅེས་པའི་དོན་ཡིན་པ་འདྲ། རྒྱུ་མཚན་ནི་ད་རྡེའུ་རྩེད་པའི་གོ་རིམ་གྱི་ཁྲོད་དུ་ད་རྡོས་འབེན་ལ་རྒྱག་པ་གཙོ་བོ་ཡིན་པས་རྒྱའི་སྐད་ཀྱི(打)ཞེས་པ་བོད་སྐད་དུའང་སྒྲ་སོར་བཞག་བྱས་ཏེ། ད་ཞེས་བརྗོད་པ་ཡིན་ནམ་སྙམ།

02.jpg

རྒྱའི་ཡི་གེ‘日'ཅན་གྱི་དབྱིབས་དང་འདྲ་བའི་ད་རྡེའུ་རྩེད་སའི་རྟགས།

གཅིག ད་རྡེའུ་རྩེད་འཇོའི་གྲུབ་ཆའི་སྐོར།

ད་རྡེའུ་རྩེད་འཇོ་ནི་བྱིས་པའི་རོལ་རྩེད་ཅིག་ཡིན་སྟབས། དེ་ལ་དུས་ཚོད་ཀྱི་གཏན་འཁེལ་དང་རྩེད་སའི་ཁོར་ཡུག་གི་ཆེ་ཆུང་སོགས་ལ་མཐའ་གཅིག་ཏུ་གཏན་འཁེལ་མེད་པར་མི་གཉིས་ནས་གསུམ་འཛོམས་ཏེ་གོ་རིམ་ཁ་ཚང་བར་བརྒྱུད་ནས་རྩེད་བཞིན་ཡོད།

དང་པོ། རྩེད་སའི་ཁོར་ཡུག

 རྩེད་སའི་ཁོར་ཡུག་གི་ས་ངོས་སྙོམས་ཤིང་ཅུང་ཙམ་རྒྱ་ཆེ་བར་ཡོད་དགོས། དེའི་རྒྱུ་མཚན་ནི་ས་ངོས་སྙོམས་ཚེ་རྩེད་པའི་གོ་རིམ་དེ་དག་ལེགས་པོར་རྩེད་ཐུབ་པ་དང་། ཁོར་ཡུག་རྒྱ་ཆེ་ན་ད་སྐྱོངས་པའམ་ཆད་པ་ནན་མོར་གཅོད་ཐུབ་ཀྱི་ཡོད། སྤྱིར་བཏང་དུ་ཞིང་སྡེ་རུ་ལས་བགོས་ཀྱི་དབང་གིས་ཁྱིམ་རེ་ལ་གཡུལ་ཁ་གཞིས་ཀའི་ཆེ་ཆུང་དང་འདྲ་བ་ཞིག་ཡོད་ལ། དགུན་དུས་སུ་མི་རྣམས་ཁོམ་ཡོད་པས་གཡུལ་ཁའི་ནང་དུ་འཛོམས་ནས་རྩེ་བཞིན་ཡོད། དེ་མིན་གཞན་ཡང་སྲང་བར་ཧ་ཅང་ཁོད་ཡངས་པའམ་བདེ་འཇགས་ཡིན་པ་ཞིག་ངེས་པར་དུ་ཡིན་དགོས།

03.jpg

ད་རྡེའུ་རྩེད་རྒྱུར་མགོ་བརྩམས་པ།

གཉིས་པ། རྟགས་འབྲི་བ།

ས་ངོས་མཉམ་པོ་ཞིག་ཏུ། སྲིད་ལ་ཕལ་ཆེར་གོམ་པ་ལྔ་དང་། རིང་ཚད་ལ་གོམ་པ་བརྒྱད་ཡས་མས་ཙམ་གྱི་གྲུ་བཞི་ནར་མོའི་དབྱིབས་ཅན་གྱི་རྟགས་ཤིག་བྲིས་ཤིང་། རྟགས་ནང་གི་མགོ་སྟོད་དུ་གོམ་པ་རིང་བོ་གང་གི་ས་ནས་བར་མཚམས་བཅད་པའི་འཕྲེད་རྟགས་ཤིག་བརྒྱག་པ་དེ་ལ་ཆུ་རྟགས་སམ་ཡུལ་སྐད་ལ་ལར་དོམ་རྟགས་ཀྱང་ཟེར། རྟགས་དེ་ནི་རྩེད་མཁན་རང་ཉིད་ཀྱིས་ད་རྡེའུ་ལག་ཏུ་བཟུང་སྟེ་སར་བཙུགས་ཏེ་དྲང་མོར་འབྲི་བཞིན་ཡོད། དབྱིབས་གཟུགས་ནི་ཕལ་ཆེར‘日'ལྟར་ཡོད། རྟགས་དེ་ལ་བརྟེན་ནས་རྩེ་བའི་གོ་རིམ་ཡོངས་སུ་ཚོད་འཛིན་དང་ཐག་གཅོད་བྱེད་བཞིན་ཡོད།

04.jpg

ལག་རྡེའུ་སྔ་མ་རྒྱག་པ།

 གསུམ་པ། བྱིས་པ།

ད་རྡེའུ་ནི་ལོ་ཆུང་བྱིས་པ་རྣམས་ཀྱི་རོལ་རྩེད་ཅིག་ཡིན་པར་མ་ཟད། དེ་ལ་ཕོ་མོའི་དབྱེ་བ་མེད་པར་རང་དབང་གིས་ཞུགས་ཆོག་ཅིང་། སྤྱིར་བཏང་དུ་ལོ་ཚད་ནི་ལོ་དྲུག་ནས་བཅོ་ལྔའི་བར་ཡིན་དགོས། དེ་ལ་སྔ་རྒོལ་དང་ཕྱི་རྒོལ་དུ་ཕྱེས་ཡོད་པས་ཆེས་ཉུང་ཡང་མི་གཉིས་ཡོད་དགོས། ཕོ་རྣམས་འགྲན་ཡ་གཅིག་དང་། མོ་རྣམས་འགྲན་ཡ་གཅིག་ཀྱང་བྱེད། གང་ལྟར་ཡང་ཆ་ཆ་བྱས་ཏེ་མི་བཞིའམ་དྲུག་དང་། བརྒྱད་བྱས་ནས་མི་རེ་རེ་འགྲན་ཡ་ཟུང་རེ་བྱེད་པ་ནི་རྒྱུགས་ཆེ། མཚམས་ལ་ལར་འགྲན་ཞུགས་བྱིས་པ་རྣམས་ཀྱི་ལོ་ཡི་ཆེ་ཆུང་སྤྱི་ལ་བསྡོམས་ཏེ་ཆ་སྙོམས་ཀྱིས་བགོས་ཏེ་འགྲན་ཡ་ཕན་ཚུན་དགར་བའང་ཡོད། ཡང་མཚམས་ལ་ལར་འགྲན་ཞུགས་བྱིས་པ་གསུམ་རྩེ་བ་ལ་མི་གཅིག་གིས་མི་གཉིས་ཀྱི་ཚབ་ཀྱང་བྱས་ཆོག་མོད། འོན་ཀྱང་འདི་ལྟར་བྱེད་པ་ནི་ཤིན་ཏུ་ཉུང་།

05.jpg

སྔུན་རྡེའུ་རྒྱག་པ།

བཞི་པ། ད་རྡེའུ།

ད་རྡེའུ་ནི་རྡོ་ལེབ་ཆུང་ཆུང་ཅུང་ཙམ་སྲབ་ལ། བྱིས་པ་རང་གི་ལག་པའི་ཆེ་ཆུང་ཙམ་ཞིག་ཡིན་དགོས་ཤིང་། དབྱིབས་ནི་གོར་གོར་རམ་ནར་མོ་ཡིན་པ་ལས་ཟླུམ་པོ་བྱེད་མི་རུང་། རྒྱུ་མཚན་ནི་ཟླུམ་པོ་ཡིན་ཚེ་རྩེ་བའི་གོ་རིམ་གྱི་ཁྲོད་དུ། རྐང་པ་གཉིས་ཀྱི་བར་དུ་འཛིན་མི་བདེ་བ་དང་། རྐང་པའི་སྦ་ཐོག་ཏུ་བཞག་ན་མི་འདུག་པ་བཅས་ཀྱི་གནད་དོན་འབྱུང་སླ་བས་ཡིན།  ད་རྡེའུ་དེར་མཚམས་ལ་ལར་བརྩེངས་མ་ཟེར་ནས་འགྲན་ཡ་རང་གཞན་སུ་ཡིན་ཡང་འབེན་དུ་རྡོ་ལེབ་ཅུང་ཆེན་པོ་ཞིག་བསླངས་བའང་ཡོད་ལ། འབེན་ལ་རྒྱག་པའི་ད་རྡེའུ་ནི་རང་རང་ལ་རེ་རེ་ཡོད་པ་རེད། སྤྱིར་བཏང་གི་འབེན་ལ་བརྩེང་མ་མི་བསླངས་པར་རང་གི་ད་རྡེའུ་བསླངས་པ་ནི་རྒྱུགས་ཆེ།

06.jpg

གཞུག་རྡེའུ་རྒྱག་པ།

གཉིས།ད་རྡེའུ་རྩེད་འཇོའི་གོ་རིམ་དངོས།

 དང་པོ།  ད་རྡེའུ་རྩེད་འཇོའི་མིང་དང་དབྱེ་བ།

བྱ་བ་གང་ཞིག་ཡིན་ཡང་མགོ་རྔ་བར་གསུམ་གྱི་གོ་རིམ་ལེགས་པོ་ཞིག་ཡོད་ཚེ། དེར་སྒྲིག་གཞི་ཚགས་དམ་པར་ཡོད་ལ། སྒྲིག་གཞི་ཚགས་དམ་ཚེ་བྱ་བ་དེ་བདེ་ལེགས་ངང་འགྲུབ་པའི་རྨང་གཞི་བརྟན་པོ་ཞིག་ཆགས་ཐུབ། དེ་བས་གཅན་ཚའི་ད་རྡེའུ་རྩེ་བའི་གོ་རིམ་ལ་རང་ཉིད་ཀྱི་སྒྲིག་གཞི་དང་། ལམ་གྱི་རིམ་པ་ལྟར་རེ་རེ་བཞིན་བགྲོད་པ་མ་གཏོགས་གང་འདོད་ལྟར་སྒྲིག་ལམ་མེད་པར་རྩེ་བ་ནི་ཡེ་ནས་མི་ཆོག་པས་དེའི་མིང་དང་རིམ་པའི་དབྱེ་བ་ནི་འདི་ལྟར་ཡིན་ཏེ། ལག་རྩོད་དང་། ལག་རྡེའུ།(སྔ་མ) སྔུན་རྡེའུ། གཞུག་རྡེའུ། ཆུ་རྡེའུ། ལྡིང་རྡེའུ། རྐང་རྡེའུ། ལག་རྡེའུ།(ཕྱི་མ) ཟུར་རྡེའུ། ལེབ་རྡེའུ། ད་སྐྱོངས་པ་བཅས་རིམ་པ་བཅུ་གཅིག་རྩེད་དགོས་ལ། དེ་ལས་ཟུར་རྡེའུ་དང་ལེབ་རྡེའུ་གཉིས་ནི་རྩེད་ཀྱང་ཆོག་ལ་མ་རྩེད་ནའང་ཆོག་སྟེ། རང་དབང་གིས་གདམ་ཀ་བྱས་ཆོག་པ་ཞིག་རེད། དེའི་རྒྱུ་མཚན་ཟུར་རྡེའུ་དང་ལེབ་རྡེའུ་གཉིས་ལ་འཁེལ་རྒྱུ་ནི་ད་རྡེའུ་གོ་རིམ་ཧྲིལ་བོའི་ནང་ནས་ཧ་ཅང་དཀའ་བས་འགྲན་ཡ་རྗེས་སུ་ལུས་པའི་མིས་འགྲན་ཡ་སྔོན་དུ་སླེབས་ཡོད་པ་ལ་རེ་ཞིག་བཀག་འགོག་གམ་རང་ཉིད་རྗེས་ཆོད་པར་བྱ་རྒྱུ་གོ་སྐབས་ཤིག་བཙལ་བ་དང་ཡང་ན་འགྲན་ཡ་མྱུར་དུ་རྒྱལ་བར་ཁས་ལེན་སྟེར་འདོད་མེད་པའི་ཆེད་དུ་དཀའ་ཚེགས་ལ་གཏོད་པ་ཞིག་ཀྱང་ཡིན། གལ་ཏེ་དེ་གཉིས་རྩེད་མ་དགོས་ཚེ་གོ་རིམ་དགུ་མ་གཏོགས་བརྒྱུད་མི་དགོས་པ་རེད།

07.jpg

ཆུ་རྡེའུ་རྒྱག་པ།

གཉིས་པ། ད་རྡེའུ་རྩེད་སྟངས་ཀྱི་གོ་རིམ།

གོ་རིམ་དང་པོ་ལག་རྩོད་ནི། འགྲན་ཞུགས་མི་སྣ་རྣམས་ཀྱིས་ཐེངས་དང་པོར་སུས་སྔོན་མའམ་ཐེངས་དང་པོ་རྩེ་བའི་ལག་གི་སྔ་གཞུག་རྩོད་པ་དེ་ཡིན། རྩོད་སྟངས་ནི་རྟགས་ཀྱི་དབྱིབས་གཟུགས‘日'འདྲ་བའི་ས་ངོས་མཉམ་པོ་ཞིག་ཏུ། སྲིད་ལ་ཕལ་ཆེར་གོམ་པ་ལྔ་དང་། རིང་ཚད་ལ་ཕལ་ཆེར་གོམ་པ་བརྒྱད་ཡས་མས་ཅན་གྱི་གྲུ་བཞི་ནར་མོའི་རྟགས་ཤིག་བྲིས་ཤིང་། རྟགས་ནང་གི་མགོ་སྟོད་དུ་གོམ་པ་རིང་བོ་གང་གི་ས་ནས་བར་མཚམས་བཅད་པའི་འཕྲེད་རྟགས་ཤིག་བརྒྱབ་པ་དེ་ལ་ཆུ་རྟགས་ཟེར། དེ་ནས་བྱིས་པ་ཕོ་མོ་འདྲེས་མའི་སྐོར་ཁག་གཉིས་སུ་བགོས་ཏེ། མི་རེའི་ལག་ཏུ་ད་རྡེའུ་རེ་བཟུང་ནས་ཚང་མས་ཆུ་རྟགས་ནང་འཕངས་པ་ན། ཆུ་རྟགས་ནང་གི་མཐོ་སར་ཟིན་པའི་སྐོར་དེས་སྔོན་མར་འཕེན་པ་དང་། དམའ་སར་ཡོད་པའི་སྐོར་དེས་རང་རང་གི་ད་རྡེའུ་འབེན་དུ་སློང་དགོས། གོ་རིམ་གཉིས་པ་ལག་རྡོའམ་ལག་རྡེའུ་(སྔ་མ) ནི། ལག་ཏུ་ད་རྡེའུ་བཟུང་བ་དེ་ལག་པ་ཡར་སྐོར་ནས་ལུས་མདུན་དུ་བསྲིངས་ནས་ཡང་མོར་འབེན་བསླངས་ཡོད་པ་དེར་འཁེལ་དགོས། གོ་རིམ་གསུམ་པ་སྔུན་རྡེའུ་ནི། རང་གི་ད་རྡེའུ་དེ་འབེན་གྱི་མདུན་སར་འཕངས་ནས་རྐང་པ་ཡ་གཅིག་ཡར་བཅག་སྟེ་རྐང་སྣེ་གནམ་ལྡིང་གིས་འབེན་ལ་རྒྱག་དགོས། གོ་རིམ་བཞི་པ་གཞུག་རྡེའུ་ནི། ད་རྡེའུ་འབེན་གྱི་གཞུག་ལྟག་ལ་འཕངས་ཏེ་རྒྱག་མཁན་གྱིས་རང་གི་རྐང་བ་གཡས་པའི་སྔུན་རྟིང་གིས་ཁ་ཕྱིར་མི་འཁོར་བའམ་མི་ལྟ་བར་གཞུག་གི་འབེན་རྡོར་བརྒྱབ་ནས་འཁེལ་དགོས། གོ་རིམ་ལྔ་པ་ཆུ་རྡེའུ་ནི། འཕྲེད་དུ་ཆུ་རྟགས་བརྒྱབ་ཡོད་པའི་ནང་དུ་རྐང་པ་གཡོན་པ་བཞག་ནས་རྐང་པ་གཡས་པ་མདུན་དུ་ཅུང་བསྲིངས་ནས་ཡར་བཏགས་པའི་བར་ནས་ད་རྡེའུ་འབེན་ལ་འཁེལ་དགོས་པར་མ་ཟད། ད་དུང་ངག་ནས་འཁོར་ཆ་ཞེས་སྐད་མཐོན་པོར་སྒྲོག་དགོས་པས་ཡུལ་སྐད་ལ་ལར་འཁོར་ཆ་ཞེས་བརྗོད།  གོ་རིམ་དྲུག་པ་ལྡིང་རྡེའུ་ནི། རྟགས་ཀྱི་ཕྱི་རོལ་ནས་ཤུགས་ཆེན་པོས་རྒྱུགས་ཡོང་སྟེ་རྟགས་འོག་མའི་ནང་དུ་རྐང་པ་གཅིག་གི་རྗེས་འབབ་ཏུ་བཅུག་ནས་བར་གྱི་ཆུ་རྟགས་ཀྱི་འདབས་སུ་ལྡིང་རྗེས། ད་རྡེའུ་རྐང་བ་གཉིས་ཀྱི་བར་དུ་བཙིར་ནས་ལྡིང་ཐེངས་གཅིག་གམ་གཉིས་ཀྱིས་འབེན་ལ་འཁེལ་དགོས་ཀྱི་ཡོད་ལ་ཡུལ་སྐད་འགར་གང་ཙི་དོ་ཙིའང་ཟེར། གོ་རིམ་བདུན་པ་རྐང་རྡེའུ་ནི། ད་རྡེའུ་རང་གི་རྐང་བ་གཡས་མའི་སྦ་ཐོག་ཏུ་བཞག་སྟེ། རྐང་བ་གཡས་མ་མདུན་ལ་གོམ་གང་སྤོས་པ་དང་དེ་ནས་གཡོན་མ་གོམ་གང་སྤོས་པ་དང་མཉམ་དུ་གཡས་མའི་འབེན་ལ་བརྒྱབ་ནས་འཁེལ་དགོས་པ་དེར་གོམ་པ་སྐྱ་རེངས་ཀྱང་ཟེར། ཡུལ་སྐད་ལ་ལར་སྲ་མ་སྲ་ཁེ་ཡང་ཟེར་ལ་རྐང་པ་མདུན་དུ་ཡང་མོར་བསྲིངས་པའི་དོན་རེད། གོ་རིམ་བརྒྱད་པ་ལག་རྡོའམ་ལག་རྡེའུ་(ཕྱི་མ)ནི། ལག་པའི་ནང་དུ་ད་རྡེའུ་བཟུང་བ་དེ་ལག་པ་ཡར་མགོར་བཀྱགས་ནས་སྟོབས་ཤུགས་ཆེན་པོས་རྒྱག་དགོས་པར་མིང་ལ་ལག་རྡེའུ་ཟེར་བ་འདྲ་ཡང་རྒྱག་སྟངས་ཀྱིས་ཤུགས་བཀོལ་བ་མི་འདྲ་བས་འདིར་ལག་རྡེའུ་སྔ་ཕྱི་རུ་ཕྱེ་བ་ཡིན།   གོ་རིམ་དགུ་པ་ཟུར་རྡེའུ་ནི། འབེན་རྡོ་ཟུར་ཁར་བསྐོར་ནས་བསླངས་ཡོད་པ་དེ་ལ་བརྒྱབ་ནས་འཁེལ་དགོས།  གོ་རིམ་བཅུ་པ་ལེབ་རྡེའུ་ནི། འབེན་དུ་བསླངས་པའི་ད་རྡེའུ་དེ་མར་ས་ངོས་སུ་ལེབ་མོར་བསྒྱེལ་བ་དེ་ལ་བརྒྱབ་ནས་འཁེལ་དགོས། གོ་རིམ་བཅུ་གཅིག་པ་ད་སྐྱོངས་པ་ནི། རིམ་པ་བཅུ་གཅིག་པོ་སྐོར་ཁག་གང་གིས་སྔོན་དུ་ལེགས་འགྲུབ་བྱུང་བ་དེས་ད་རྡེའུ་རྐང་པའི་སྦ་ཐོག་ཏུ་བཞག་སྟེ་ཤུགས་ཆེན་པོས་རྒྱང་དུ་གཡུགས་ཚེ།  རྗེས་སུ་ལུས་པ་དེས་ད་ཞེས་ངག་ནས་སྐད་མཐོན་པོས་དབྱངས་ལ་གྱེར་ནས་རྒྱུགས་ཏེ། དབུགས་ཐེངས་གཅིག་གིས་ད་རྡེའུ་དེ་ལག་ཏུ་བླངས་ནས་ཕྱིར་ཁྱེར་ཡོང་ཐུབ་ཚེ་ཡོངས་འགྲུབ་བྱུང་བར་མཚོན་པ་དང་། ད་ཞེས་པའི་ངག་སྒོའམ་སྐད་མཚམས་ཆད་སོང་ན་ས་མཚམས་དེ་ནས་འཕེན་མཁན་འགྲན་ཡ་རྒྱལ་བ་དེ་རྒྱབ་ལ་འཁུར་ནས་ཐོན་དགོས། གཞན་ཡང་ཆད་པ་གཅོད་སྟངས་གཅིག་ནི་རྐང་པ་ཡ་གཅིག་གི་སྟེང་ནས་ལྡིང་སྟེ་འགྲོ་བ་དེར་གླག་རྒོད་གྱོལ་བོ་འགྲོ་བ་དང་མཚུངས་བས་གླག་གྱོལ་ཡང་ཟེར་ཞིང་ཡུལ་སྐད་ལ་ལར་སེལ་ཡས་ནད་ཡས་གོ་ཡང་ཟེར་སྲོལ་ཡོད། དེ་ལྟར་རིམ་པ་བཅུ་གཅིག་པོ་སོང་བ་ལ་ད་སྐོར་གཅིག་རྫོགས་པ་རེད། ད་རྡེའུ་འཕེན་པ་ལ་ཕོ་མོ་དབྱེ་བ་མེད་ཅིང་འདྲ་མཉམ་དུ་རྩེ་བ་ཡིན་ཞིང་། སྐབས་འགར་དར་མ་ཚོ་ཡང་དེ་ལ་རྩེ་དགའ་ཆེ་བས་ཞུགས་མཁན་ཡོད།

08.jpg

ལྡིང་རྡེའུ་རྒྱག་པ།

གསུམ། ད་རྡེའུ་རིག་གནས་ཀྱི་ཁྱད་ཆོས།

དང་པོ།བདག་གཞན་མཉམ་བརྗེའི་ཚུལ་དུ་འདྲ་མཉམ་གྱི་བསམ་བློ་ཤུགས་ཆེར་བསྐྱེད་པ།

ད་རྡེའུ་རྩེ་བའི་གོ་རིམ་ནི་ཐེངས་བཅུ་གཅིག་ལྷག་ཡོད་པ་དེ་རེ་རེར་ཕལ་ཆེར་རྩེད་སྟངས་གཉིས་རེ་ཡོད་ལ། གཅིག་ནི་བརྩེ་ན་དཀའ་ཚེགས་ཆེར་མྱང་མི་དགོས་པར་ལས་སླ་བོར་འབེན་ལ་འཁེལ་ཐུབ་པས་འགན་ཁུར་མྱུར་དུ་འགྲུབ་ཐུབ་པ་དང་། གཅིག་ནི་ཤིན་ཏུ་དཀའ་ཚེགས་ཆེ་བས་འབེན་ལ་འཁེལ་ཐུབ་པར་ཧ་ཅང་ཁག་པོ་ཡོད། དེར་བརྟེན། རྩེད་བའི་གོ་རིམ་ཁྲོད་དུ་འགྲན་ཡ་སུ་ཞིག་རྗེས་སུ་ལུས་པ་དེ་ལ་དབང་ཆ་བྱིན་ནས་འབེན་ལ་འཁེལ་དཀའ་བ་ལྟར་བརྩེ་རྒྱུ་ཡིན་ནམ། ཡང་ན་འབེན་ལ་འཁེལ་སླ་བ་ལྟར་རྩེད་བའི་དབང་ཆ་སྤྲོད་ཀྱི་ཡོད། དེའི་རྐྱེན་གྱིས་འགྲན་ཡ་གཉིས་ལས་སྔོན་དུ་བརྒལ་བ་དེས་ལས་སླ་བོར་མྱུར་དུ་རྒྱལ་ཁ་ལེན་ཐུབ་པའི་ངེས་པ་མེད་པ་དང་། ཕོ་རྣམས་ཚོགས་པ་གཅིག་དང་མོ་རྣམས་ཚོགས་པ་གཅིག་བྱས་ཏེ་ཚོགས་པ་གཉིས་གྲུབ་སྟེ་རྩེད་བ་དང་། ཡང་ན་ཕོ་མོ་སྡེབ་ནས་ཚོགས་པ་གཉིས་ཀྱི་ནང་དུ་ཕོ་མོའི་གྲངས་ཀ་དོ་མཉམ་པར་བྱེད། དེ་ལྟར་བྱས་ན་གཅིག་ནས་ཕོ་མོའི་བརྩེ་བའང་ཆེས་ཆེར་བསྐྱེད་ནས་འཇིག་རྟེན་གྱི་འཚོ་བར་དུངས་ཞེན་ཡོད་པ་དང་། གཉིས་ནས་ཚོགས་པ་དེ་གཉིས་ཀྱི་ནང་དུ་ཕོ་མོ་དོ་མཉམ་པར་བསྡེབས་ནས་སྟོབས་ཤུགས་དོ་མཉམ་དུ་བཏང་བ་དང་། ད་རྡེའུ་རྩེ་སྐབས་མི་བཞི་ནས་དྲུག་བརྩེ་དགོས་པ་དེ་དག་གི་ལོ་ཚོད་རྣམས་སྤྱི་ལ་བསྡོམས་ཏེ་(ལོ་ཚོད་སྤྱི་ལ་བསྡོམས་པ་ནི་དཔེར་ན་མི་བཞི་ཡོད་པ་ཚོགས་པ་གཉིས་སུ་བགོས་ནས་རྩེ་སྐབས། ལོ་ཆེ་བ་དང་ཆུང་བ་གཉིས་ཚོགས་པ་གཅིག་བྱེད་པ་དང་། བར་གྱི་མི་གཉིས་ཚོགས་པ་གཅིག་བྱས་ཏེ་ལོ་ཚོད་ཀྱི་ཆ་ནས་རགས་རྩིས་བྱས་ན་ཕལ་ཆེར་དོ་མཉམ་པ་དེ་ཡིན།)ཅུང་ཙམ་དོ་མཉམ་གྱི་ཚུལ་དུ་སྐོར་ཁག་གཉིས་སུ་བགོས་པ་འདི་དག་ལས་དོ་མཉམ་གྱི་འགྲན་ཤུགས་དེ་ཤུགས་ཆེར་སྟོན་པ་མཚོན་ཐུབ།

09.jpg

རྐང་རྡེའུ་རྒྱག་པ།

གཉིས་པ། རོགས་རེས་བྱེད་པར་རྩལ་ཤུགས་ཆེས་ཆེར་མངོན་དུ་འཇུག་པ།

ད་རྡེའུ་རྩེ་བའི་གོ་རིམ་དུ་རྒྱལ་བའི་མཚོན་རྟགས་ནི་འབེན་ལ་འཁེལ་དགོས་པ་དེ་ཡིན། དེ་ལྟར་འབེན་ལ་རྒྱག་སྟངས་ཐེངས་བཅུ་གཅིག་ཡོད་པ་ཚང་མར་བརྒྱབ་ནས་འཁེལ་བའི་རྨང་གཞིའི་སྟེང་དུ་རིམ་པ་བཞིན་བརྒལ་དགོས། དེ་ལ་ཚོགས་པ་གཅིག་གི་ནང་དུ་མི་གཉིས་ནས་གསུམ་ཡོད་པས་ཚང་མས་འབེན་ལ་འཁེལ་ཚེ་རིམ་པ་གཅིག་བརྒལ་བ་ལས་འབེན་ལ་མ་འཁེལ་ཚེ་རིམ་པ་ཕྱི་མ་བརྒལ་མི་ཐུབ། དེར་བརྟེན། རང་ཉིད་ཀྱི་ཚོགས་པའི་ནང་དུ་སུས་སྔོན་ལ་འབེན་དུ་འཁེལ་ན། དེས་མ་འཁེལ་བའི་མི་ལ་རོགས་རམ་ཐེངས་གཅིག་བྱེད་པའི་གོ་སྐབས་ཡོད་པས་ཕན་ཚུན་ལ་རོགས་རམ་བྱེད་པའི་འདུན་པ་ཤུགས་དྲག་པོ་ཡོད་པ་དང་། ད་རྡེའུ་དེར་འབེན་ལ་འཁེལ་དགོས་པ་གཙོ་བོ་ཡིན་ལ། དེ་དང་ཆབས་ཅིག་ཏུ། ལུས་ཀྱི་རྩལ་ཤུགས་དྲག་ཏུ་ངོམ་དགོས་པའང་ཞོར་ལ་གྲུབ་ཡོད། དེ་ནི་དཔེར་ན། ལྡིང་རྡེའུ་རྩེ་པའི་སྐབས་སུ། བར་ཐག་གོམ་པ་བདུན་ནས་བརྒྱད་ཡོད་པའི་རྟགས་འོག་མ་ནང་ནས་ད་རྡེའུ་རྐང་པ་གཉིས་ཀྱི་བར་དུ་བཙིར་ནས་ལྡིང་ཐེངས་གཅིག་གིས་འབེན་ལ་འཁེལ་དགོས་པས་དེ་ནི་ཧ་ཅང་ལས་སླ་བོ་ཞིག་མིན་པས་ལུས་ཤུགས་ཡོད་རྒུ་རྩལ་དུ་སྤྲུགས་ནས་ཐེངས་གསུམ་ནས་བཞི་ལ་རེས་མོས་སུ་འཁོར་བའི་གོ་རིམ་གྱི་ཁྲོད་ནས་ད་གཟོད་འཁེལ་གྱིན་ཡོད། དེ་དང་ཆ་འདྲ་བར་རྐང་རྡེའུ་ལའང་ད་རྡེའུ་རྐང་པ་གཡས་པའི་སྦ་ཐོག་ཏུ་བཞག་ནས་སེམས་ཆུང་སྒོས་ཡང་མོར་ཡར་བསྲིངས་ཐུབ་ཚད་ལ་བསྲིངས་པའི་རྗེས་སུ། རྐང་པ་གཡོན་མའང་གཡས་པ་དང་མཉམ་པོར་བྱས་ཏེ་ད་གཟོད་གཡོན་པ་གོམ་པ་གང་སྔོན་དུ་སྤོ་མི་ཆོག་པར་གཡས་པ་གཅིག་པུ་ཡར་འདེགས་ནས་འབེན་ལ་འཁེལ་དགོས་པས་དཀའ་ཚེགས་ཤིན་ཏུ་ཆེན་པོ་ཡོད། གང་ལྟར་འགྲན་ཡ་སུ་ཡིན་ཡང་ཕམ་ཁ་ཉོ་མི་འདོད་པས། རྩེ་བའི་གོ་རིམ་དཀའ་མོ་ལྟར་བརྩེ་དགོས་པའི་བླང་བྱ་བཏོན་ནས་ལུས་ངག་གཉིས་ཀྱི་རྩལ་ཤུགས་ཆེས་ཆེར་བསྐྱེད་དུ་འཇུག་བཞིན་ཡོད།

10.jpg

ལག་རྡེའུ་ཕྱི་མ་རྒྱག་པ།

གསུམ་པ།  ཤན་འབྱེད་མཁན་མེད་ཅིང་འགྲན་རྩོད་ཚགས་དམ་པ།

 ད་རྡེའུ་རྩེ་བའི་སྐབས་སུ། རང་རང་གི་ལས་གནས་ཀྱི་ཁོར་ཡུག་དེར་རང་གིས་འབེན་ལ་བརྒྱབ་ནས་འཁེལ་བ་ན་རེ་རེ་བཞིན་ཡར་འཕེལ་ནས་གོ་རིམ་དེ་ཡོངས་སུ་བརྒྱུད་དགོས་ཀྱིན་ཡོད། གལ་ཏེ་རང་གིས་འབེན་ལ་འཁེལ་ཞིང་རོགས་པས་འབེན་ལ་མ་འཁེལ་ཚེ་རོགས་པར་ཐེངས་གཅིག་ལ་རོགས་སྐྱོར་བྱེད་པའི་གོ་སྐབས་ཡོད་པ་དང་། གོ་རིམ་བཅུ་གཅིག་པོ་དེ་རིམ་བཞིན་སུ་སྔོན་དུ་སླེབས་ཡོད་ན་རྗེས་སུ་ལུས་པ་དེས་ཆ་རྐྱེན་བཏོན་ནས་ཅུང་ཙམ་དཀའ་མོ་ལྟར་རྩེ་བའི་དབང་ཆ་ཡོད་པ་བཅས་ཀྱི་དྲང་བདེན་གསལ་བོ་ཡིན་རྐྱེན་རྩོད་རྙོག་མེད་པས་ཤན་འབྱེད་པ་མི་དགོས་པར་ཆགས་ཡོད། སྤྱིར་བཏང་དུ་འགྲན་རྩོད་ནི་རང་ཉིད་ལས་ཞུགས་ཀྱི་སྐབས་དེར་ནན་ཏན་གྱིས་འབེན་ལ་འཁེལ་དུ་འཇུག་རྒྱུ་དེ་གཙོ་ཆེ་བ་ཡིན། དེ་འཁེལ་བའི་གོ་རིམ་དུ་རྩལ་ཤུགས་སོགས་ཇི་དགར་ངོམ་ཆོག་པས་ཧ་ཅང་ཞིབ་ཚགས་ཡིན། དཔེར་ན་དང་ཐོག་སུས་སྔོན་དུ་རྒྱག་དགོས་པའི་སྐབས་སུ། རྟགས་གྲུ་བཞི་ནར་མོ་དབྱིབས་ཅན་གྱི་མགོ་སྟོད་དུ་གོམ་པ་རིང་བོ་གང་གི་ས་ནས་བར་མཚམས་བཅད་པའི་འཕྲེད་རྟགས་ཤིག་བརྒྱབ་པ་དེ་ལ་ཆུ་རྟགས་ཟེར། དེ་ནས་བྱིས་པ་ཕོ་མོ་འདྲེས་མའི་སྐོར་ཁག་གཉིས་བགོས་ཏེ། མི་རེའི་ལག་ཏུ་ད་རྡེའུ་རེ་བཟུང་ནས་ཚང་མས་ཆུ་རྟགས་ནང་འཕངས་པ་ན། ཆུ་རྟགས་ནང་གི་མཐོ་སར་ཟིན་པའི་སྐོར་དེས་སྔོན་མར་འཕེན་པ་དང་། དམའ་སར་ཡོད་པའི་སྐོར་དེས་རང་གི་ད་རྡེའུ་འབེན་དུ་སློང་དགོས་མོད། ཡིན་ནའང་སྐབས་དེར་ཚོགས་པ་རེ་ལ་མི་གཉིས་ནས་གསུམ་ཡོད་པས། གལ་ཏེ་ཚོགས་པ་དང་པོའི་མིས་རྟགས་ཀྱི་མགོ་སྟོད་དུ་འཕངས་ཡོད་པའི་ད་རྡེའུ་ལ་ཚོགས་པ་གཉིས་པའི་མིས་སྣེ་མོར་བརྒྱབ་ནས་རྟགས་ཀྱི་ཕྱི་རུ་དེད་ནས་རང་ཉིད་ཀྱི་ད་རྡེའུ་རྟགས་ཀྱི་ནང་ནས་ཕྱི་རུ་བུད་མེད་ཚེ་དང་པོར་གྱུར་ཡོད་པས་ཐོག་མར་ཚོགས་པ་གང་གིས་མགོ་བརྩམས་པའི་ལག་གི་སྔ་གཞུག་རྩོད་པའི་གོ་རིམ་དེ་ལྟ་བུ་སོགས་ནི་ཧ་ཅང་ཞིབ་ཚགས་ལྡན་པའི་འགྲན་རྩོད་ཅིག་རེད།

11.jpg

ཟུར་རྡེའུ་རྒྱག་པ།

བཞི་པ།  རང་འཐད་ཀྱིས་ཞུགས་པའི་བྱིས་མང་རང་བཞིན་གྱི་འགྲན་བསྡུར་བྱ་འགུལ་ཞིག་ཡིན།

ད་རྡེའུ་རྩེད་འཇོ་ལ་ཞུགས་པའི་བྱིས་པའི་ལོ་ཚད་ནི་ཆུང་བ་ལོ་དྲུག་ནས་ཆེ་བ་ལོ་བཅོ་ལྔའི་མན་ཆད་ཡིན་མོད། འོན་ཀྱང་བཅོ་ལྔའི་ཡན་ཆད་དུ་བུད་ཚེ་གཏན་ནས་ཞུགས་མི་ཆོག་པ་ཞིག་མིན་པར་རྩེད་མོའི་འདུ་འཛི་ཆེ་བའི་སྐབས་སུའམ་མི་མི་འདང་བ་ལ་སོགས་པའི་རྐྱེན་གྱིས་རྩེད་འཇོའི་ནང་ཞུགས་པའང་ཡོད། སྤྱིར་བཏང་དུ་ད་རྡེའུ་རྩེ་བའི་ཁོར་ཡུག་ནི་མི་ཚོགས་འདུ་འཛི་ཆེ་ཞིང་ཁོམ་པའི་སྐབས་སུ་རྩེ་བ་ཡིན་པས་དེར་ཆེད་དུ་རྩ་འཛུགས་རང་བཞིན་མེད་ལ་རང་དབང་རང་འཐད་ཀྱིས་ཞུགས་ནས་རྩེ་བཞིན་ཡོད། དེའི་ནང་དུ་ཞུགས་ནས་རྩེ་བའི་གོ་རིམ་ཡོངས་སུ་སྔོན་ནས་བྱང་ཆ་ཡོད་རྐྱེན་ལྷག་བསམ་ཟོལ་མེད་ཀྱིས་སྒྲིག་ལམ་བརྩི་སྲུང་བྱེད་པར་གོམས་ཡོད་པས་ཕན་ཚུན་བར་དུ་འགལ་བ་གཏན་ནས་བྱུང་གིན་མེད། རྩེད་འཇོ་འདིའི་ནང་དུ་ཚོགས་པ་གཉིས་ཡོད་ལ་དེ་རེ་རེར་མི་མང་དུས་ལྔ་ནས་དྲུག་ཡོད་པས་ཚོགས་པ་གཉིས་ལ་བསྡོམས་པས་མི་བཅུ་ནས་བཅུ་གཉིས་ཡོད་པ་དང་། ཉུང་དུས་མ་མཐའ་ཡང་མི་གཉིས་ངེས་པར་དུ་ཞུགས་དགོས་ལ་མི་མེད་པའམ་མི་འདང་བའི་ཆ་རྐྱེན་གྱི་འོག་ཏུ་མི་གཅིག་གིས་མི་གཉིས་ཀྱི་ཚབ་བྱེད་པའང་ཡོད། གང་ལྟར་མི་འདི་དག་ཐམས་ཅད་རང་འཐད་ཀྱིས་རྩེད་འཇོ་འདིར་ཞུགས་པས་བྱིས་པ་མང་པོ་མཉམ་དུ་རྩེ་བའི་རོལ་རྩེད་ཅིག་རེད།

12.jpg

ལེབ་རྡེའུ་རྒྱག་པ།

 ལྔ་པ།  དུས་ཚིགས་རང་བཞིན་གྱིས་རྩེད་བའི་སྲོལ་རྒྱུན་ཞིག་ཆགས་པ།

ད་རྡེའུ་རྩེད་འཇོ་འདི་ནི་ལོ་འཁོར་བསྟུད་མར་ཟམ་མི་ཆད་པར་རྩེ་བ་ལས་ལོ་གཅིག་ལ་བྱ་འགུལ་སྤེལ་ཞིང་། ལོ་རྗེས་མར་མི་སྤེལ་བ་ཞིག་མིན་པར་ལོ་འཁོར་མོ་ཡུག་ཏུ་རྩེ་བཞིན་ཡོད་པར་མ་ཟད། དེར་དབྱར་དགུན་གཉིས་ལས་དགུན་ཁར་རྩེ་བ་རྒྱུགས་ཆེ། དེའི་རྒྱུ་མཚན་ནི་དཔྱིད་ཀ་ནས་སྟོན་ཁའི་བར་དུ་ཞིང་བཏབ་ནས་ལོ་ཏོག་བསྡུ་ལེན་གྱིས་ལས་ཀར་བྲེལ་ཟིང་ཆེ་བས་བརྩེ་རྒྱུའི་དུས་ཚོད་ཤིན་ཏུ་ཉུང་། དགུན་ཁར་ལས་ཀའི་བྲེལ་ཟིང་མི་ཆེ་བ་དང་། ལྷག་པར་དུ་ལོ་གསར་གྱི་སྔོན་དང་ལོ་གསར་གྱི་བར་དུ་ད་རྡེའུ་བརྩེ་རྒྱུ་ཧ་ཅང་རྒྱུགས་ཆེ་བ་ཡིན། ད་རྡེའུ་རྩེད་བར་ཁྱིམ་ཚང་དང་། ཚོ་བ། སྡེ་བའི་ནང་དུ་མི་ཤི་སོགས་བྱུང་ཡང་དེར་མྱ་ངན་ཞུ་བའི་ཆེད་དུ་ལོ་གཅིག་ལ་གླུ་ལེན་གར་རྩེད་སོགས་བྱེད་མི་ཉན་པའི་ལོ་གཅིག་གི་དུས་བཀག་གི་ཚོད་འཛིན་སོགས་གཏན་ནས་མེད་པར་དུས་ཚིགས་བར་མེད་དུ་མཚམས་མི་ཆད་པར་རྩེད་ཆོག་པའི་སྲོལ་རྒྱུན་གྱི་ལུགས་སྲོལ་ཞིག་ཏུ་གྱུར་ཡོད།

13.jpg

ད་སྐྱོངས་པ།

བཞི།  ད་རྡེའུ་རིག་གནས་ཀྱི་དགེ་མཚན།

དང་པོ།བྱིས་པའི་ཐུན་མོང་གི་བསམ་བློ་བསྐྱེད་པ།

ད་རྡེའུ་རྩེད་འཇོ་ནི་མ་མཐའ་ཡང་མི་གཉིས་ཞུགས་ནས་གྲུབ་པའི་ཚོགས་པ་ཞིག་ཡིན། དེར་སྔ་རྒོལ་དང་། ཕྱི་རྒོལ་གྱི་ཁྱད་པར་ཕྱེས་ཡོད་པས་སྔ་རྒོལ་ལ་མི་གསུམ་ཡོད་ན་ཕྱི་རྒོལ་ལའང་མི་གསུམ་ཡོད་དགོས་པས་ཕན་ཚུན་དོ་ཡ་མཉམ་པར་བྱས་ཏེ་རྩལ་ཤུགས་འགྲན་པའི་ཐུན་མོང་གི་བྱ་འགུལ་ཞིག་ཡིན། ཐུན་མོང་གི་ཚོགས་པ་དེར་མ་ཞུགས་པར་རང་ཉིད་གཅིག་པུར་རྩེ་ཐུབ་པ་ཞིག་མ་ཡིན། དེ་ལྟར་ཐུན་མོང་གི་བྱ་འགུལ་དེར་རང་ཉིད་ལ་ལྡན་པའི་སྒྲིག་སྲོལ་ཞིག་ཡོད་པ་དེ་བརྩི་སྲུང་བྱེད་དགོས། གལ་ཏེ་ཐུན་མོང་གི་སྒྲིག་སྲོལ་དེ་བརྩི་སྲུང་མ་བྱས་ཚེ་ཚོགས་པར་འགལ་བ་དང་། ཚོགས་པ་དང་འགལ་ཚེ། ཚོགས་པའི་ཁེ་ཕན་དང་ཚོགས་མི་མང་པོར་བརྩི་བཀུར་མ་བྱས་པས་ཚོགས་པའི་གྲས་སུ་ཚུད་ཀྱི་མེད། དེར་བརྟེན། ད་རྡེའུ་རོལ་རྩེད་ལ་རང་གི་ཚོགས་པ་དང་མཐུན་སྒྲིལ་དམ་པོར་བྱས་ན་འགྲན་རྩོད་ལས་རྒྱལ་བའི་སྟོབས་ཤུགས་མངོན་ཐུབ། ད་རྡེའུ་རྩེད་འཇོ་ནི་འགྲན་རྩོད་ཅན་གྱི་ཐུན་མོང་གི་སྤྱི་ཚོགས་ཁོར་ཡུག་ཆུང་ཆུང་ཞིག་ཡིན་ཕྱིར། དེའི་ནང་དུ་བྱིས་པ་ལ་ལ་ནི་ལྷན་སྐྱེས་ཀྱི་ནུས་རྩལ་ཆེ་བ་དང་། ལ་ལ་ནི་ལྷན་སྐྱེས་ཀྱི་ནུས་རྩལ་ཞན་ཡང་ཐབས་ཤེས་སྣ་མང་བཀོལ་ཤེས་མིན་གྱིས་ཕན་ཚུན་བར་གྱི་ཡོན་ཏན་ལ་སློབ་སྦྱོང་བྱ་རྒྱུ་ཡོད་པས། ཆུང་བྱིས་པའི་དུས་ནས་བཟུང་ཐུན་མོང་གི་འདུ་ཤེས་དང་འགྲན་རྩོད་ཀྱི་འདུ་ཤེས་སྐྱེད་བཞིན་པའང་ཤེས་ཐུབ།

14.jpg

ད་སྐྱོངས་ཚུལ་ལས་ཕམ་མཁན་གྱིས་འགྲན་ཡ་རྒྱབ་ཏུ་འཁུར་པ།

གཉིས་པ།བྱིས་པའི་སེམས་ཁམས་གསོ་སྐྱོང་བྱེད་ཐུབ་པ།

ད་རྡེའུ་རྩེད་འཇོ་ནི་བྱིས་པའི་རོལ་རྩེད་ཅིག་ཡིན་ཡང་། མགོ་རྔ་བར་གསུམ་ཀུན་ཏུ་ཁྱོད་ཕམ་ང་རྒྱལ་གྱི་བསམ་བློས་ཁེངས་ཡོད། དེའི་ནང་དུ་རང་དང་མཉམ་པའམ་རང་ལས་ཆུང་བའི་སྔོན་དུ་རང་ཉིད་ལ་ནུས་རྩལ་ལམ་འཇོན་ཐང་ཡོད་པ་དེ་ངོམས་ནས་མཛུབ་སྟོན་ཡང་གནང་བཞིན་ཡོད། གང་ལྟར་ལྟད་མོ་ལྟ་མཁན་མང་དུས་དང་ཛ་དྲག་ཆེ་བའི་འགྲན་རྩོད་ཁྲོད་རྒྱལ་ཁ་ཐོབ་མ་ཐུབ་ཚེ་སེམས་སུ་གནོན་ཤུགས་ཆེ་བས་དེར་སེམས་ཤུགས་ཡོད་རྒུ་འདོན་བཞིན་ཡོད། དེ་བས་ད་རྡེའུ་རིག་རྩལ་འདི་ལ་བརྟེན་ནས་རྒྱལ་ཁ་ཐོབ་པའི་སྐབས་སུ། ང་རྒྱལ་གྱི་མགོ་འཕང་མཐོ་བར་མི་བྱེད་པ་དང་། ཕམ་པའི་སྐབས་སུ་སེམས་ཁྲལ་དང་ཁོང་ཁྲོ་སྐྱེས་པར་མི་འགྱུར་བའི་སེམས་ཁམས་ཀྱང་སྔ་མོ་ནས་བཙོ་སྦྱངས་བྱེད་བཞིན་ཡོད་དེ། རྗེས་ཕྱོགས་ནར་སོན་ཏེ་སྤྱི་ཚོགས་ཐོག་གི་བྱ་བ་ཆེ་མ་ཆུང་གསུམ་གང་དུ་ཞུགས་ཀྱང་རྒྱལ་བས་ང་རྒྱལ་མི་སྐྱེས་ཤིང་ཕམ་པས་མགོ་བོ་མི་སྒུར་བའི་སྙིང་སྟོབས་བརྟན་པོ་ཞིག་གི་རྨང་གཞི་ཡང་བཏང་དང་གཏོང་བཞིན་ཡོད།

15.jpg

ད་སྐྱོངས་ཚུལ་ལས་ཕམ་མཁན་གྱོལ་ལྡིང་དུ་འགྲོ་བ།

མདོར་ན། ད་རྡེའུ་རིག་གནས་འདིར་བྱིས་པ་རྣམས་ཀྱིས་དར་མའི་འཚོ་བ་དང་ཐོན་སྐྱེད་བྱེད་ཚུལ་ལ་ལད་ཟློས་བྱེད་པ་དང་མཉམ་དུ། འཚོ་བའི་ལམ་ཕྱོགས་གང་ཐད་ནས་མི་བུ་ཕན་ཚུན་བར་གྱི་ལག་རྩལ་དང་། མཐུ་ནུས་བླ་ན་མེད་པའི་ཉམས་མྱོང་མང་པོ་ཞིག་རྒྱུད་ལ་བླངས་དང་ལེན་བཞིན་ཡོད་དོ། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།