ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་དམངས་སྲོལ་རིག་གནས་ཏེ་སི་ཁྲོན་མཛོད་དགེའི་བྱང་རྩེའི་ཡུལ་གྱི་དུག་འཇོམས་ཆོ་གའི་སྐོར་གླེང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : དཔལ་མགོན།   སྤེལ་དུས། : 2018-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20180612161711.jpg

དམངས་སྲོལ་རིག་གནས་ནི་གནའ་སྔ་མོ་ནས་མི་རིགས་སོ་སོའི་དམངས་ཁྲོད་དུ་དར་ཞིང་རྒྱུད་འཛིན་བྱས་པའི་ཆོས་ལུགས་དད་མོས་དང་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་རིག་གནས་ཏེ། མི་རིགས་རང་མཚན་པ་སོ་སོར་མཚོན་ན་ཐུན་མིན་གྱི་དམངས་སྲོལ་རིག་གནས་ཁྱད་པར་བ་རེ་ལྡན་ངེས། དེ་ཡང་བོད་ཀྱི་དམངས་སྲོལ་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་སྟེ་སི་ཁྲོན་མཛོད་དགེའི་བྱང་རྩེ་སྨད་མ་སྡེ་བའི་དུག་འཇོམས་ཆོ་གའི་སྐོར་ནས་གླེང་བསླངས་ན།

微信图片_20180612163626.jpg

ཐོག་མར་དུག་འཇོམས་ཞེས་པར་གོ་བ་བླངས་ན་ནང་དོན་མང་བོ་ཡོད་ཅིང་། དེ་ལས་ཆོ་ག་འདི་ཉིད་དང་འབྲེལ་ཆེ་བའི་ནང་དོན་འགའ་ཞིག་དྲངས་ན། གཅིག་ནས་དུག་སེལ་ལམ་དུག་མེད་པར་བྱས་པའི་དོན་ལ་གོ། གཉིས་ནས་མངོན་བརྗོད་དེ་སྨན་གྱི་མིང་ལ་འཇུག་ཅིང་དུག་འཇོམས་པར་བྱེད་པའི་གཉེན་པོ་ཡིན་པས་དེ་ལྟར་བཏགས། གསུམ་ནས་བྱ་ཁྱུང་གི་མངོན་བརྗོད་དེ་དུག་སྦྲུལ་ཟས་སུ་བསྟེན་པས་ཡིན། གོང་གི་གོ་བ་ལེན་སྟངས་གསུམ་ལས་དུག་འཇོམས་ཆོ་གོའི་ནང་དོན་ཕལ་ཆེར་རྟོགས་ཐུབ།

微信图片_20180612163113.png

དེས་ན་སི་ཁྲོན་མཛོད་དགེའི་བྱང་རྩེ་སྨད་མའི་དུག་འཇོམས་ཆོ་ག་ནི། ས་གནས་དེར་བགྲང་བྱ་སྟོང་ཕྲག་ལྷག་གི་སྔོན་ནས་དར་ཞིང་རྒྱུད་འཛིན་བྱས་པའི་བོད་མི་རིགས་ཀྱི་གནའ་བོའི་སྲོལ་རྒྱུན་གྱི་ཆོས་ལུགས་ཆོ་ག་གཤའ་མ་ཞིག་ཏུ་ངེས་ཤིང་། དེའི་ནང་དོན་ནི་གཙོ་བོ་གནའ་བོའི་ཆོས་ལུགས་ཆོ་གར་བརྟེན་ཏེ། སྡིག་སྒྲུབ་སེལ་ཞིང་ནད་ཡམས་འགོག་པ། ནད་དུག་སེལ་བ་སོགས་ཀྱི་ལམ་ནས། ཡུལ་མི་རྣམས་ཀྱི་ལུས་སེམས་ལ་བྱབས་ཁྲུས་ཐེངས་ཤིག་བྱེད་རྒྱུ་དེ་ཡིན། དེ་ནི་ལོ་རེའི་བོད་ཟླ་ལྔ་བའི་ཚེས་བཞི་ཉིན་ལ་སྤེལ་ཞིང་། སྤྱིར་བཏང་དུས་ཡུན་ཉིན་གཉིས་ནས་གསུམ་གྱི་བར་ཡིན། ཉིན་དེ་དག་ལ་བྱང་རྩེའི་ཡུལ་མི་རྣམས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཏེ། བསང་གཏོང་བ་དང་གཏོར་མ་འདེད་པ། གཟུངས་སྔགས་ཟློ་བ། མཆོད་འབུལ་བྱེད་པ། སྨན་གྱི་བྱབས་ཁྲུས་རྒྱག་པ་སོགས་ཀྱི་ལམ་ནས། ལོ་དེར་ལོ་ལེགས་འབྱུང་ཞིང་ཚེ་རིང་ནད་མེད་བདེ་སྐྱིད་ཡོང་བར་གསོལ་འདེབས་བྱེད།

微信图片_20180612163756.jpg

དེ་ཡང་དུག་འཇོམས་ཆོ་གའི་ཁུངས་ལ་མཚོན་ན་བཤད་ཚུལ་མི་འདྲ་བ་གཉིས་ཙམ་ཡོད་དེ། གཅིག ཆོ་ག་འདི་ནི་ཐོག་མར་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་སློབ་དཔོན་པད་མ་འབྱུང་གནས་ཀྱིས་རྒྱའི་ནང་ལོགས་ས་ཁུལ་གྱི་ལུགས་རྙིང་གི་ལྔ་བའི་ཚེས་ལྔའི་དུས་ཆེན་དང་བོད་བརྒྱུད་ནང་བསྟན་ཟུང་འབྲེལ་སྒོས། དུག་གཟན་ཏེ་རྨ་བྱ་གཡང་འགུག་བྱས་ཏེ་ནད་དུག་སེལ་བར་བྱེད་ཕྱིར་བོད་ཁུལ་དུ་སྲོལ་དེ་བཏོད་པ་ཡིན་ལ། དེས་ཆོས་དད་དང་བོད་ལུགས་རྩྭ་སྨན་ཟུང་དུ་འབྲེལ་ཏེ་ཆེད་དུ་བོད་མིའི་ལུས་སེམས་ཀྱི་ནད་ཡམས་བཅོས་པས། བོད་ཀྱི་ཆེས་གནའ་བོའི་ཁམས་གསོའི་དུས་ཆེན་ཞིག་ཡིན་པར་བཞེད། གཉིས། གནའ་སྔ་མོ་ཞིག་ལ་བྱང་རྩེའི་ཡུལ་གྱི་རླུང་བ་སྡེ་བར་ཇག་པ་སྐོར་ཞིག་བསླེབས་པས། སྡེ་མི་རྣམས་ཀྱིས་ཇག་པ་དག་རི་མགོར་བཀག་སྟེ་རི་མདོར་འབབ་ཏུ་མ་བཅུག་པས། ཇག་པ་ཞིག་ལ་ནད་ཡམས་འགོས་ཏེ་འདས་ཤིང་བེམ་པོ་རི་མགོར་དེར་སྦས་པས། ས་གནས་དེའི་གནས་རིའམ་རི་གཉན་མ་དགའ་བར་ལོ་རེ་བཞིན་སེར་བ་བབས་ཤིང་ནད་ཡམས་གང་སར་མཆེད་ཅིང་། རྗེས་ནས་སྐྱེས་བུ་དམ་པ་ཞིག་གནས་དེར་བརྒྱུད་སྐབས་དུག་འཇོམས་ཆོ་ག་སྤེལ་ན། ད་གཟོད་རི་གཉན་དག་ཁྲུས་ཡོང་ཐུབ་ལ་གནོད་འཚེའང་སེལ་ཐུབ་པར་གསུང་བུད། དེའི་ཕྱི་ལོའི་བོད་རྩིས་ཟླ་བ་ལྔ་བའི་ཚེས་བཞི་ཉིན་ལ་སྐྱེས་བུ་དམ་པ་དེ་གདན་དྲངས་ཏེ་གནས་རིའི་འདབས་སུ་དུག་འཇོམས་ཆོ་ག་སྤེལ་ཞིང་། དེ་ནས་བཟུང་ས་གནས་དེར་ཆར་ཆུ་དུས་སུ་བབས་ཤིང་ལོ་ལེགས་འབྲས་བུ་སྨིན་པ། ནད་ཡམས་གཙང་སེལ་བྱུང་བས་ན། ལོ་རེར་བཞིན་ཟླ་ཚེས་དེ་ཉིད་ལ་ཆོ་ག་དེ་རྒྱུན་སྤེལ་བྱས་ནས་དར་བར་བཞེད།

微信图片_20180612163749.png

གོང་གསལ་གྱི་ལྟ་ཚུལ་ལས་འདི་ནི་བོད་ཁུལ་སྤྱི་ལ་ཁྱབ་པའི་གནའ་བོའི་ཆོས་ལུགས་ཆོ་ག་ཞིག་ཏུ་ངེས་ཤིང་། ས་ཁོངས་དང་ནད་ཡམས་མི་འདྲ་བ་སོགས་ཀྱི་དབང་གིས་ས་ཆ་སོ་སོར་ཆོ་ག་སྤེལ་ཚུལ་མི་འདྲ་བ་སྣ་ཚོགས་ཀྱང་ཡོད་ངེས། དུས་ཀྱི་འཕོ་འགྱུར་ཁྲོད་ས་ཁུལ་མང་བོར་སྲོལ་དེ་ཉམས་ཤིང་མེད་པར་གྱུར་ཡོད། ཡིན་ཡང་བྱང་རྩེའི་ཡུལ་དུ་ད་དུང་སྔར་བཞིན་རྒྱུན་གནས་ཀྱིས་ལོ་རེ་བཞིན་སྤེལ་མུར་ཡོད།

微信图片_20180612161705.jpg

དུག་འཇོམས་ཆོ་གའི་བརྒྱུད་རིམ་ནི་སྤྱིར་བཏང་ཉིན་གསུམ་ལ་བགོས་ཡོད། ཉིན་དང་བོ་ནི་སྟ་གོན་གྱི་ཉིན་མོ་སྟེ། དེ་ཡང་སྤྱིར་བཏང་གི་སྟ་གོན་ཙམ་ཞིག་མིན་པར་ཆོ་གའི་སྲུང་བྱ་མང་བོ་བརྩི་དགོས། ཉིན་དེར་སྡེ་བའི་ནང་གི་བཀྲ་ཤིས་པའི་མཚན་མིང་ལྡན་ཞིང་ལུས་སེམས་བདེ་ཐང་ཡིན་པ། ཡ་རབས་བཟང་སྤྱོད་ལྡན་པ། དྲང་བདེན་སྐྱོང་ལ་མོས་པ་སོགས་ཀྱི་ཁྱད་ཆོས་ལྡན་པའི་གསར་བུ་དག་བདམས་ཏེ། ས་གནས་དེའི་རི་གཉན་འབྲས་ཆེན་བྲག་དཀར་ལ་རྩྭ་སྨན་འཐུར་འགྲོ་དགོས། རྩྭ་སྨན་གཙོ་བོ་སྟག་མའི་མེ་ཏོག་དང་རེ་ལྕག་མེ་ཏོག་སོགས་སྨན་སྣ་བཅུ་གསུམ་འཛོམ་དགོས། དེ་དག་ངེས་པར་གནས་རིའི་རྩེར་ཉི་རྩེ་མ་འཆར་གོང་བཏུས་ཚར་དགོས། དེ་ནས་རྩྭ་སྨན་དག་བོད་སྨན་སྒྲུབ་ལུགས་ལྟར་ཆོས་ཀྱི་ཆོ་ག་དང་བསྡོངས་ཏེ་སྨན་སྒྲུབ་བྱེད་དགོས་པར་མ་ཟད། ཆེད་དུ་གདན་དྲངས་པའི་ས་གནས་སྔགས་རྒན་གྱིས་ལྕང་མ་དང་རྩམ་པས་རྨ་བྱ་དང་སྦལ་བ། དུག་སྤྲུལ་དང་རྟ་སོགས་ཀྱི་གཏོར་གཟུགས་སྣ་ཚོགས་བཟོས་ཏེ་འབྲེལ་ཡོད་ཆོ་ག་ལེགས་པར་སྤེལ་ཞིང་། གསར་བུ་རྣམས་ཀྱིས་བསང་མཆོད་ཀྱི་རྒྱུ་ཆ་སྟེ་ཤུག་པ་དང་བསང་རྩི། བསང་མཆོད། ཁ་བཏགས་སོགས་སྟ་གོན་ཚགས་སུ་ཆུད་པར་བྱེད་དགོས།

微信图片_20180612161657.jpg

ཉིན་གཉིས་པ་ནི་ཆོ་ག་དངོས་ཀྱི་བརྒྱུད་རིམ་ཡིན་ཏེ། ཡུལ་མི་རྣམས་ཞོགས་པ་སྔ་མོ་ནས་ལངས་ཏེ་ཐོག་མར་སྔགས་རྒན་འགའ་ཞིག་གི་དབུ་འཛིན་འོག སྐྱེས་པ་རྣམས་ཀྱིས་ཀི་བསོ་བསོ་ཡིས་བསང་གཏོང་ཞིང་། སྔགས་རྒན་གྱིས་བསང་ཡིག་འདོན་བཞིན་རི་གཉན་འབྲས་ཆེན་བྲག་དཀར་གཙོ་བྱས་པའི་ས་གནས་དེའི་ཡུལ་ལྷ་གཞི་བདག་རྣམས་ལ་བསང་གཏོར་འབུལ་ཞིང་། སྐྱེས་པ་རྣམས་ཀྱིས་བསང་ལ་སྐོར་བ་ལན་གསུམ་རྒྱག་བཞིན། ཀུན་གྱིས་མི་ལ་ན་ཚ་མེད་པ། ཕྱུགས་ལ་གོད་ཁ་མེད་པ། བཀྲ་ཤིས་ལོ་ལེགས་ཡོང་བ། ཚེ་རིང་བདེ་སྐྱིད་ཡོང་བ། བསམ་དོན་ལྷུན་གྱིས་འགྲུབ་པ་སོགས་ཀྱི་བསང་འབོད་དང་གསོལ་བ་ཕུར་ཚུགས་སུ་འདེབས། དེ་ནས་སྐྱེས་པ་ཆེ་ཆུང་ཀུན་གྱིས་སྔགས་རྒན་གྱི་དབུ་འཛིན་འོག་ཐུན་མོང་གིས་གཏོར་འདེད་བྱས་ཏེ། མི་གཙང་བ་དང་ནད་ཡམས་ཐམས་ཅད་གཏོར་མ་དང་མཉམ་དུ་འདོར་བར་བྱེད། དེའི་གཞུག་ནས་སྡེ་མི་ཡོངས་ཀྱི་ཕོ་མོ་རྒན་གཞོན་ཆེ་ཆུང་ཀུན་གྱིས་སྟོད་གོས་རྗེན་པར་ཕུད་དེ། མེར་བསྲེགས་པའི་རྡོ་ནག་སྟེང་སྨན་ཆུ་བླུགས་ཏེ་དེར་བདུགས་ནས་མི་གཙང་བ་དང་ནད་གདོན་ཐམས་ཅད་འདག་པར་བྱེད་ལ། དེ་ནས་རྡོ་དཀར་སྟེང་སྨན་ཆུ་བླུགས་ཏེ་ལུས་སེམས་གཉིས་ཀ་རྣམ་དག་ཡོང་ཕྱིར་གཙང་མར་བདུགས་རྗེས། ཚང་མ་སྔགས་རྒན་གྱི་མདུན་ནས་ཙོག་པུར་བསྡད་དེ་སྨན་གྱི་བྱབས་ཁྲུས་ལ་བསྒུར་ཞིང་། སྔགས་རྒན་གྱིས་སྔགས་ཟློ་བཞིན་ཤུག་པ་སྨན་ཆུར་བསྒྲེས་ཏེ་ཀུན་གྱི་སྒལ་བར་གཏོར་ནས། ལོ་གཅིག་གི་ནད་གདོན་དང་མི་གཙང་བ་ཐམས་ཅད་འདག་ཅིང་ཚེ་རིང་ནད་མེད་ཡོང་བར་བྱབས་ཁྲུས་བྱེད།

微信图片_20180612161638.png

ཉིན་གསུམ་པ་ནི་རོལ་རྩེད་བྱེད་སྒོ་ཡིན་ཏེ། ཡུལ་མི་རྣམས་ལྷན་དུ་འཛོམས་ཏེ་སྲོལ་རྒྱུན་དང་དེང་རབས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་རྩེད་རིགས་དང་གསོལ་ཚིགས་སྣ་ཚོགས་ལ་རོལ་ཞིང་། དེར་བཟའ་བཏུང་རིག་གནས་དང་དམངས་ཁྲོད་གཉེན་སྲོལ། གདོད་མིའི་ཞིང་ལས་དང་ཕྱུགས་ལས་ཀྱི་རིག་གནས། ཐོན་སྐྱེད་རྩ་འཛུགས་དང་ལུས་རྩལ་འགྲན་སྡུར། རིག་རྩལ་འཁྲབ་སྟོན་སོགས་ཀྱི་ནང་དོན་འཛོམས་ཡོད།

微信图片_20180612161652.jpg

མདོར་ན་དུག་འཇོམས་ཆོ་ག་འདི་ནི་བོད་ཀྱི་གནའ་བོའི་ཆོས་ལུགས་བྱེད་སྒོ་འཁྲུལ་མེད་དུ་ངེས་ཤིང་། ཆོ་ག་འདི་ལས་གནའ་བོའི་བོད་མིས་ཆོས་ལུགས་དད་མོས་དང་བོད་སྨན་ཟུང་འབྲེལ་སྒོས། དད་པའི་ལམ་ནས་སེམས་ལ་དག་ཁྲུས་དང་རང་བྱུང་ཁོར་ཡུག་སྲུང་སྐྱོང་གནང་ཞིང་། སྨན་གྱི་ལམ་ནས་ལུས་ཀྱི་ཁམས་གསོས་ཤིང་ནད་ཡམས་སྔོན་འགོག་བྱས་པས། འདི་ནི་གནའ་བོའི་བོད་མིའི་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་རིག་གནས་ལྟ་བ་དང་འཇིག་རྟེན་ལྟ་བ་སོགས་ལེགས་པར་རྟོགས་པའི་བང་མཛོད་ཀྱི་ལྡེ་མིག་ཅིག་ཏུ་འཁུམས་སོ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།