ཀྲུང་གོ་བོད་ཀྱི་དྲ་བ།

ཐོན་མིའི་ཞལ་ལུང་གི་ཨེ་ཁྱབ་སུམ་ཅུའི་དྲི་བ་དྲིས་ལན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།


སྔོན་འཇུག་ཕོ་ཡིག་ཐོབ་པའི་ལས་ཚིག་ཡིན་ན་དུས་འདས་པ་ཁོ་ན་སྟོན་པས་ཨེ་ཁྱབ།

མ་ཁྱབ་སྟེ། བསྒྲུབ་པར་བྱ། བསྒྱུར་བར་བྱ་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་དུས་འདས་པ་སྟོན་པའི་ལས་ཚིག་མ་ཡིན་པའི་ཕྱིར་ཏེ། ཁྱོད་དུས་མ་འོངས་པ་སྟོན་པའི་ལས་ཚིག་ཁོ་ན་ཡིན་པའི་ཕྱིར་རོ།།

སྔོན་འཇུག་བ་ཡིག་ཐོབ་པའི་བྱ་བྱེད་ཀྱི་ལས་ཚིག་གང་རུང་ཡིན་ན་བྱ་ཚིག་ཁོ་ནས་ཨེ་ཁྱབ།

མ་ཁྱབ་སྟེ།བརྩོན།བསྔགས།བསྟོད་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་བྱེད་ཚིག་ལའང་འཇུག་པ་ཡོད་པའི་ཕྱིར་ཏེ།དུས་གསུམ་དུ་གཟུགས་མི་འགྱུར་བའི་ལས་ཚིག་ཡིན་པའི་ཕྱིར་རོ།།

སྔོན་འཇུག་མ་ནིང་གཉིས་ཐོབ་པའི་ལས་ཚིག་གི་དུས་སྟོན་བྱེད་ཡིན་ན་ད་ལྟ་བ་ཁོ་ནས་ཨེ་ཁྱབ།

མ་ཁྱབ་སྟེ།ཞོ་སོགས་དཀྲུགས།དུམ་བུར་གཏུབས་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་ད་ལྟ་བ་མ་ཡིན་པའི་ཕྱིར་ཏེ།འདས་པ་ཡིན་པའི་ཕྱིར།

ང་།

སྔོན་འཇུག་འ་ཡིག་ཐོབ་པའི་ལས་ཚིག་ཡིན་ན་གཞན་ལ་སྦྱོར་བའི་བྱ་ཚིག་ལ་མི་འཇུག་པས་ཨེ་ཁྱབ།

མ་ཁྱབ་སྟེ།འཆའ་བྱ།འཆའ་བྱེད་ལྟ་བུའི་འཆའ་དེ་དེ་ཡིན་པ་གང་ཞིགཁྱོད་བདག་གཞན་གཉིས་ཀར་ཁྱད་མེད་དུ་འཇུག་པའི་ལས་ཚིག་ཡིན་པའི་ཕྱིར་རོ།།

སྔོན་འཇུག་མོ་ཡིག་ཐོབ་པའི་དུས་གསུམ་སྟོན་བྱེད་ཀྱི་ལས་ཚིག་ཡིན་ན་མ་འོངས་པ་ཁོ་ནས་ཨེ་ཁྱབ།

མ་ཁྱབ་སྟེ།མདའ་འཕངས།གཞན་དུ་འཕོས་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་མ་འོངས་པ་སྟོན་པའི་ལས་ཚིག་མ་ཡིན་པའི་ཕྱིར་ཏེ།ཁྱོད་འདས་པ་སྟོན་བྱེད་ཀྱི་ལས་ཚིག་ཡིན་པའི་ཕྱིར་རོ།།

མགོ་ཅན་གྱི་འདས་ཚིག་ཡིན་ན་ཁྱོད་ལ་སྔོན་འཇུག་ངེས་ཅན་དུ་ཡོད་པས་ཨེ་ཁྱབ།

མ་ཁྱབ་སྟེ།དྲི་མས་སྦགས།རྡུལ་སོགས་སྤྲུགས་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་ལ་སྔོན་འཇུག་ངེས་ཅན་དུ་ཡོད་མི་དགོས་པའི་ཕྱིར་ཏེ།སྔོན་འཇུག་གཏན་ནས་མི་འཐོབ་པའི་ཕྱིར་རོ།།

སྔོན་འཇུག་ཕོ་ཡིག་ཐོབ་རུང་བའི་བྱ་ཚིག་མ་འོངས་པ་སྟོན་བྱེད་ཡིན་ན་ཁྱོད་ཀྱི་སྔོན་འཇུག་བ་ཡིག་ཡིན་པས་ཨེ་ཁྱབ།

མ་ཁྱབ་སྟེ།ལམ་སྲོལ་སོགས་གདོད་བྱ་དང་བདོད་བྱ་གཉིས།མང་པོའི་ནང་ནས་གདམ་བྱ་དང་བདམ་བྱ་གཉིས་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་གདམ་ང་ཡིན་པའི་ཕྱིར་རོ།།

སྔོན་འཇུག་མ་ནིང་གཉིས་གང་རུང་གི་ལས་ཚིག་ཅན་ཡིན་ན་ཁྱོད་ཀྱི་འདས་ཚིག་གི་སྔོན་འཇུག་བ་ཡིག་ཡིན་པས་ཨེ་ཁྱབ།

མ་ཁྱབ་སྟེ།བློས་རྗེས་སུ་དཔགས།ནད་ཀྱིས་གདུངས་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་ཀྱི་འདས་ཚིག་ལ་བ་ཡིག་མི་འཐོབ་པའི་ཕྱིར་རོ།།

མགོ་འདོགས་མེད་པའི་མིང་གཞིའི་འདས་ཚིག་ག་ང་བ་མ་གང་རུང་གི་རྗེས་འཇུག་ཅན་ཡིན་ན་ཁྱོད་ལ་སའི་ཡང་འཇུག་ཐོབ་པས་ཨེ་ཁྱབ།

མ་ཁྱབ་སྟེ།བཀའ་ཕབ། ས་བོན་བཏབ་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་ལ་སའི་ཡང་འཇུག་མི་འཐོབ་པའི་ཕྱིར་རོ།།

ན་ར་ལའི་རྗེས་འཇུག་ཅན་གྱི་ཡི་གེ་ཡིན་ན་ཁྱོད་ལ་ད་དྲག་ཐོབ་པས་ཨེ་ཁྱབ།

མ་ཁྱབ་སྟེ།སྨན།གཞལ།དགར་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་ལ་ད་དྲག་མི་འཐོབ་པའི་ཕྱིར་རོ།།

ད་དྲག་ཅན་གྱི་ཡི་གེ་ཡིན་ན་ཁྱོད་འདས་ཚིག་དང་སྐུལ་ཚིག་གང་རུང་ཡིན་པས་ཨེ་ཁྱབ།

མ་ཁྱབ་སྟེ།ཤིནད་ཏུ་དང་།ཀུནད་ཏུ་ལྟ་བུའི་མི་ཟད་པའི་ཚིག་རྒྱན་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་འདས་ཚིག་དང་སྐུལ་ཚིག་གང་རུང་མ་ཡིན་པའི་ཕྱིར།མ་གྲུབ་ན།དེར་ཐལ།ཁྱོད་ལས་ཚིག་མ་ཡིན་པའི་ཕྱིར།ཁྱབ་སྟེ་འདས་ཚིག་དང་སྐུལ་ཚིག་གང་རུང་ཡིན་ན་ཁྱོད་ལས་ཚིག་ཡིན་པས་ཁྱབ་པའི་ཕྱིར་རོ།།

ལས་ཚིག་སྟོན་པའི་མིང་གཞི་ཡིན་ན་ཁྱོད་ཀྱི་ཡི་གེ་རང་སྡེ་ལས་གཞན་དུ་མི་འགྱུར་བས་ཨེ་ཁྱབ།

མ་ཁྱབ་སྟེ།གཞུག་དང་འཇུགབཅུག་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་ཀྱི་ཡི་གེ་རང་སྡེ་ལས་གཞན་དུ་འགྱུར་བ་ཡིན་པའི་ཕྱིར་རོ།།

པ།

གཟུགས་མི་འགྱུར་བའི་ལས་ཚིག་ཡིན་ན་ཁྱོད་ཀྱི་ཁ་གཏད་གཟུགས་འགྱུར་བའི་ལས་ཚིག་ཡོད་པས་ཨེ་ཁྱབ།

མ་ཁྱབ་སྟེ།འཁྲུལ་དང་ཁྱབ་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་ཀྱི་ཁ་གཏད་ཀྱི་གཟུགས་འགྱུར་ལས་ཚིག་མེད་པའི་ཕྱིར་རོ།།ཁ་གཏད་ཅེས་པ་ནི།དཔེར་ན།འགྱུར་དང་བསྒྱུར།འགྲུབ་དང་བསྒྲུབ།གྲོངས་དང་བཀྲོངས་རྣམས་ཁ་གཏད་ཡིན་པས་མཚོན་ནོ།།

ཞ་སྡེ་གཟུགས་འགྱུར་གྱི་ལས་ཚིག་ཡིན་ན་ཁྱོད་ཀྱི་དུས་གསུམ་གའི་མིང་གཞི་མི་འགྱུར་པས་ཨེ་ཁྱབ།

མ་ཁྱབ་སྟེ།གཞོམ་བྱ།འཇོམས་བྱེད།བཅོམ་ཟིན་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་ཀྱི་དུས་གསུམ་གའི་མིང་གཞི་མི་འགྱུར་བ་མ་ཡིན་པའི་ཕྱིར་ཏེ།མིང་གཞི་འགྱུར་བའི་ཕྱིར་རོ།།

སའི་ཡང་འཇུག་ཅན་ཡིན་ན་ད་ལྟ་བ་དང་འདས་ཚིག་དང་སྐུལ་ཚིག་གསུམ་གང་རུང་སྟོན་པས་ཨེ་ཁྱབ།

མ་ཁྱབ་སྟེ།གངས་དང་ནགས་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་ཀྱིས་དུས་གསུམ་གའི་གང་རུང་མི་སྟོན་པའི་ཕྱིར་ཏེ།མིང་རྐྱང་ཡིན་པའི་ཕྱིར་རོ།།

ལས་ཚིག་སྟོན་པའི་མིང་གཞི་ཡིན་ན།ཁྱོད་ཀྱི་ཡི་གེ་མི་འདྲ་བ་གཉིས་ལས་ལྷག་མི་འགྱུར་བས་ཨེ་ཁྱབ།

མ་ཁྱབ་སྟེ།དགྲ་སོགས་གཞོམ་བྱ།འཇོམས་བྱེད།བཅོམ་ཟིན།ཆོམས་ཤིག་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་ཀྱི་མིང་གཞིའི་ཡི་གེ་གཉིས་ལས་ལྷག་པར་མི་འགྱུར་བ་མ་ཡིན་པའི་ཕྱིར་ཏེ།ཡི་གེ་མི་འདྲ་བ་དུ་མར་འགྱུར་བའི་ཕྱིར་རོ།།

མགོ་འདོགས་མེད་པའི་མིང་གཞིའི་འདས་ཚིག་ག་ང་བ་མ་གང་རུང་གི་རྗེས་འཇུག་ཅན་ཡིན་ན་ཁྱོད་ལ་སའི་ཡང་འཇུག་མི་འཐོབ་པས་ཨེ་ཁྱབ།

མ་ཁྱབ་སྟེ།ཆར་བབས་དང་འདོད་ཡོན་ལ་ཆགས་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་ལ་སའི་ཡང་འཇུག་ཐོབ་པའི་ཕྱིར་རོ།།

སྔོན་འཇུག་མ་ནིང་གཉིས་གང་རུང་གི་ལས་ཚིག་ཡིན་ན་ཁྱོད་ཀྱི་འདས་ཚིག་གི་སྔོན་འཇུག་བ་ཡིག་མ་ཡིན་པས་ཨེ་ཁྱབ།

མ་ཁྱབ་སྟེ། གདག་བྱའི་རྟ་སོགས་བཏགས་དང་།དགྲོལ་བྱའི་མདུད་པ་བཀྲོལ་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་ཀྱི་འདས་ཚིག་གི་སྔོན་འཇུག་བ་ཡིག་ཡིན་པའི་ཕྱིར་རོ།།

ལས་ཚིག་སྟོན་པའི་མིང་གཞི་ཡིན་ན།ཁྱོད་ཀྱི་ཡི་གེ་ལ་མི་འདྲ་བ་བཞི་མི་འཐོབ་པས་ཨེ་ཁྱབ།

མ་ཁྱབ་སྟེ།དགྲ་སོགས་གཞོམ་བྱ། འཇོམས་བྱེད།བཅོམ་ཟིན།ཆོམས་ཤིག་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་ཀྱི་ཡི་གེ་ལ་མི་འདྲ་བ་བཞི་མི་འཐོབ་པ་མ་ཡིན་པའི་ཕྱིར་ཏེ།དེ་འདྲ་ཐོབ་པ་མངོན་སུམ་དུ་སྣང་བའི་ཕྱིར་རོ།།

གཟུགས་མི་འགྱུར་བའི་ལས་ཚིག་ཡིན་ན་ཁྱོད་ཀྱི་ཁ་གཏད་གཟུགས་འགྱུར་གྱི་ལས་ཚིག་མེད་པས་ཨེ་ཁྱབ།

མ་ཁྱབ་སྟེ།ཐུང་དང་ཉུང་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་ཀྱི་ཁ་གཏད་གཟུགས་འགྱུར་གྱི་ལས་ཚིག་མེད་པ་མ་ཡིན་པའི་ཕྱིར་ཏེ།ཐུང་གི་ཁ་གཏད་ལ་བསྟུང་དང་།ཉུང་གི་ཁ་གཏད་ལ་བསྙུང་ཞེས་པ་དེ་དེ་ཡིན་པའི་ཕྱིར་རོ།།

སྔོན་འཇུག་ཕོ་ཡིག་ཐོབ་རུང་བའི་བྱ་ཚིག་མ་འོངས་པ་སྟོན་བྱེད་ཡིན་ན་ཁྱོད་ཀྱི་སྔོན་འཇུག་བ་ཡིག་མ་ཡིན་པས་ཨེ་ཁྱབ།

མ་ཁྱབ་སྟེ།ཆུ་བཅུ།གྲངས་བགྲང་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་ཀྱི་སྔོན་འཇུག་བ་ཡིག་མ་ཡིན་པ་མ་ཡིན་པའི་ཕྱིར་ཏེ།བ་ཡིག་ཡིན་པའི་ཕྱིར་རོ།།

དུས་གསུམ་སྟོན་པའི་གཟུགས་འགྱུར་གྱི་ལས་ཚིག་ཡིན་ན་ཁྱོད་ཀྱི་མིང་གཞིའི་ཡི་གེ་འགྱུར་བས་ཨེ་ཁྱབ།

མ་ཁྱབ་སྟེ།མདའ་རྡོ་སོགས་འཕང་བྱ།འཕེན་བྱེད།འཕངས་ཟིན།ཕོངས་ཤིག་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་ཀྱི་མིང་གཞིའི་ཡི་གེ་མི་འགྱུར་བའི་ཕྱིར་རོ།།

མིང་རྐྱང་གི་ཡི་གེ་ཡིན་ན་ཁྱོད་ལ་ལས་ཚིག་གི་ཤན་མི་འཇུག་པས་ཨེ་ཁྱབ།

མ་ཁྱབ་སྟེ།བཟའ་བ་དང་བཏུང་བ་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་ལ་ལས་ཚིག་གི་ཤན་མི་འཇུག་པ་མ་ཡིན་པའི་ཕྱིར་ཏེ།ལས་ཚིག་གི་ཤན་ཞུགས་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ།།

མིང་རྐྱང་ཡི་གེ་ལས་ཚིག་གི་ཤན་ཞུགས་པ་ཅན་ཡིན་ན་ཁྱོད་ལ་བྱེད་ཚིག་གི་མིང་མི་འདོགས་པས་ཨེ་ཁྱབ།

མ་ཁྱབ་སྟེ།འཆད་པ།རྩོད་པ་ལྟ་བུ་དེ་རང་རང་གི་མིང་ཡིན་པ་གང་ཞིགཁྱོད་ལ་བྱེད་ཚིག་གི་མིང་འདོགས་པ་དུས་གསུམ་རེའུ་མིག་རྣམས་སུ་གསལ་བའི་ཕྱིར་རོ།།

ལས་ཚིག་གི་ཤན་ཞུགས་པའི་མིང་ཚིག་ཡིན་ན་ཁྱོད་ལ་འདས་ཚིག་མི་སྦྱོར་བས་ཨེ་ཁྱབ།

མ་ཁྱབ་སྟེ།འོད་བསྲུངས་དང་ལྷ་བསྐྱབས་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་ལ་འདས་ཚིག་མི་སྦྱོར་བ་མ་ཡིན་པའི་ཕྱིར་ཏེ།འདས་ཚིག་སྦྱོར་བའི་ཕྱིར་རོ།།

དུས་གསུམ་སྟོན་པའི་གཟུགས་འགྱུར་གྱི་ལས་ཚིག་ཅན་ཡིན་ན་ཁྱོད་ཀྱི་མིང་གཞིའི་ཡི་གེ་མི་འགྱུར་བས་ཨེ་ཁྱབ།

མ་ཁྱབ་སྟེ།ཞབས་ཀྱིས་བཅག་བྱ།འཆག་བྱེད།བཅགས་ཟིན།ཆོགས་ཤིག་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་ཀྱི་མིང་གཞིའི་ཡི་གེ་མི་འགྱུར་བ་མ་ཡིན་པའི་ཕྱིར་ཏེ།འགྱར་བ་མངོན་སུམ་དུ་སྣང་བའི་ཕྱིར་རོ།།

མགོ་ཅན་དུ་གྱུར་བའི་འདས་ཚིག་ཡིན་ན་ཁྱོད་ཀྱི་འཕུལ་ཡིག་བ་ཡིག་ཡིན་པས་ཨེ་ཁྱབ།

ཁྱབ་སྟེ།མགོ་ཅན་གྱི་འདས་ཚིག་སྔོན་འཇུག་ཡིན་ལ།ཁྱོད་ཀྱི་སྔོན་འཇུག་བ་ཡིག་མ་ཡིན་པ་མེད་པའི་ཕྱིར་ཏེ།དེ་འདྲའི་སྔོན་འཇུག་ཅན་ཡིན་ན་ཁྱོད་ཀྱི་སྔོན་འཇུག་བ་ཡིག་ཡིན་པས་ཁྱབ་པའི་ཕྱིར་རོ།།

མིང་གཞི་བརྩེགས་མའི་འདས་ཚིག་ག་ང་བ་མ་གང་རུང་གི་རྗེས་འཇུག་ཅན་ཡིན་ན་ཁྱོད་ལ་སའི་ཡང་འཇུག་ཐོབ་པས་ཨེ་ཁྱབ།

ཁྱབ་སྟེ།སྔོན་བྱོན་དྲན་དབང་ཕལ་མོ་ཆེ་ཡིས་འདི་ལ་སའི་ཡང་འཇུག་ཐོབ་པས་ཁྱབ་པ་གཏན་ཁེལ་མཛད་ཡོད་པའི་ཕྱིར་རོ།།

ན་ར་ལའི་རྗེས་འཇུག་ཅན་གྱི་འདས་ཚིག་དང་སྐུལ་ཚིག་གང་རུང་ཡིན་ན་ཁྱོད་ལ་ཡང་འཇུག་ཡོད་པས་ཨེ་ཁྱབ།

ཁྱབ་སྟེ།བཀལད་ཟིན།ཁོལད་ཅིགམཉནད་ཟིན།ཉོནད་ཅིགབཀརད་ཟིན།ཁོརད་ཅིག་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་ཡིན་ལ་ཡང་འཇུག་མེད་པ་ཞིག་མེད་པའི་ཕྱིར་རོ།།

ཞ་སྡེའི་གཟུགས་འགྱུར་གྱི་ལས་ཚིག་ཡིན་ན་ཁྱོད་ཀྱི་དུས་གསུམ་གའི་མིང་གཞི་འགྱུར་བས་ཨེ་ཁྱབ།

མ་ཁྱབ་སྟེ།བཞོན།ཞོན།བཞོནད།བཞུར།གཞུར།བཞུརད།གཞུརད་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་ཀྱི་དུས་གསུམ་གའི་མིང་གཞི་འགྱུར་བ་མ་ཡིན་པའི་ཕྱིར་རོ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།