ཀྲུང་གོ་བོད་ཀྱི་དྲ་བ།

པྲོག་རྩ་སྙིང་ནད་ནད་པས་དུ་བ་འཐེན་མི་རུང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-11-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  དུ་བ་འཐེན་ན་པྲོག་རྩ་སྙིང་ནད་འབྱུང་ཚད་ལྡབ་གཉིས་ནས་གསུམ་ཇེ་མང་དུ་འགྲོ་ཐུབ། སྙིང་ཁམས་སྲུང་སྐྱོབ་བྱེད་དགོས་ན་ཐོག་མར་དུ་བ་གཅོད་རྒྱུ་ཧ་ཅང་གལ་ཆེ།

  པྲོག་རྩ་སྙིང་ནད་བྱུང་ཡོད་པ་དང་ཡང་ན་ཡིབ་གཤིས་པྲོག་རྩ་སྙིང་ནད་ཀྱི་ནད་པ་མང་ཆེ་བ་ཞིག་དུ་བ་མང་དུ་འཐེན་རྗེས་གློ་བུར་ཤི་བའི་ཉེན་ཁ་འབྱུང་བཞིན་ཡོད་ལ། ཤི་རྐྱེན་གཙོ་བོ་ནི་དུ་དུག་རེད།

  དུ་དུག་ཕོག་ན་ཁྲག་རྩ་འཁུམ་པ་དང་སྙིང་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་བ་དང་། ཁྲག་ཤེད་ཇེ་མཐོར་འགྲོ་བ་བཅས་ཀྱི་ནད་རྟགས་འབྱུང་བར་མ་ཟད། ད་དུང་སྙིང་རྩའི་ནུས་པ་རྒྱུན་ལྡན་མིན་པར་འགྱུར་འགྲོ། དུ་དུག་ཕོག་ན་ད་དུང་མཁྲིས་རྒྱུ་གཤེར་རྩི་ཇེ་མཐོར་འགྲོ་བས་འཕར་རྩ་སྲ་འགྱུར་འབྱུང་སླ། དུ་བ་འཐེན་ན་ཁྲག་རྩའི་ནང་གི་དབྱང་གཅིག་ཐན་འགྱུར་འདྲེས་ཚད་ཇེ་མང་དང་དབྱང་དབུགས་འདྲེས་ཚད་ཇེ་དམའ་རུ་འགྲོ་བ་ཡིན། དེ་བས་ལུས་པོའི་དབང་པོ་སོ་སོའི་ཁྲག་དང་དབྱང་དབུགས་དོ་མཉམ་མི་ཡོང་བའི་དབང་གིས། སྙིང་ཁམས་ལ་མཁོ་བའི་ཁྲག་ཤེད་ཇེ་མཐོརའགྲོ་བ་དང་སྙིང་ཁམས་ཀྱི་ཁུར་པོ་ཇེ་ལྗིད་དུ་འགྲོ་བ་རེད། གལ་སྲིད་སྙིང་ཁམས་ལ་ཁྲག་འདོན་སྤྲོད་བྱེད་ཀྱིན་པའི་པྲོག་རྩ་འཁུམ་པ་དང་འཕར་རྩ་སྲ་འགྱུར་རུ་སོང་ན། སྙིང་ཁམས་ལ་ནུས་པ་གང་ལེགས་འདོན་སྤྲོད་བྱེད་མ་ཐུབ་པས་སྙིང་གཟེར་ལངས་པ་དང་སྙིང་རྩ་འགགས་ནས་ཤི་བའི་ངན་འབྲས་འབྱུང་བ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།