ཀྲུང་གོ་བོད་ཀྱི་དྲ་བ།

ཁྲུས་དང་སྨན་ལུམས་ཀྱི་གོ་དོན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-02-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཁྲུས་ཞེས་པ་ནི་ཁྱད་གཞི་འབྱུང་བ་ཆུ་ཡི་ཁམས་ལ་ཡོད་པའི་ཁྱད་ཆོས་བརླན་གཤེར་གྱི་ནུས་པའི་ཁྱད་པར་དང་ཡང་དགོས་མེ་ཆུ་འཕྲད་པ་ལས་གྱུར་པའི་ཚ་རྣོའི་ནུས་པ་སོགས་བེད་སྤྱད་ནས་ནང་ཁྲག་རླུང་དང་། དོན་ལྔ། སྣོད་དྲུག་སོགས་དང་བཅས་པར་ནུས་པ་ཐོན་པར་བྱེད་པའི་ནད་འགོག་ནད་བཅོས་བྱེད་པར་མཁོ་བའི་ཆོ་ག་ངོ་མཚར་ཅན་ཞིག་ཡིན། དེའང་བོད་དུ་གནའ་སྔ་མོ་ནས་ཁྲུས་བྱས་ནས་ལུས་ཟུངས་གསོ་བ་དང་ནད་གཞི་སྔོན་འགོག་བྱེད་པའི་ཉམས་མྱོང་དང་བྱ་ཐབས་དངོས་སོགས་གང་མང་ཡོད་པ་དང་མཐར་དེ་དག་རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་དུ་འཕེལ་རྒྱས་བྱུང་ཡོད་པ་སྟེ་གསོ་རིག་གཞུང་ཆེན་དཔལ་ལྡན་རྒྱུད་བཞིའི་ནང་དུ་ཆེད་མངགས་ཁྲུས་ལེགས་པའི་ཕན་ཡོན་དང་ཁྲུས་མི་ལེགས་པའི་སྐྱོན།དེ་བཞིན་ཁྲུས་བྱ་བའི་དུས་དང་ཐབས་སོགས་བསྟན་ཡོད་པ་ནི་འཛམ་གླིང་གསོ་རིག་ཁྱབ་ཁོངས་ནང་དོན་དངོས་དང་ལོ་རྒྱུས་ཀྱི་ཕྱོགས་གང་ཅིའི་ཐད་ནས་ངོ་མཚར་ཆེ་བའི་གནས་ཤིག་ཡིན་པ་གོར་མ་ཆག་སྟེ། དཔལ་ལྡན་རྒྱུད་བཞི་ལས། ཁྲུས་ཀྱི་ཕན་ཡོན་སྐབས་སུ་འདི་ལྟར་གསུངས་ཡོད་པ་སྟེ། ཁྲུས་ནི་རོ་ཙ་དྲོད་སྟོབས་ཚེ་མདངས་བསྐྱེད། །གཡའ་རྔུལ་དྲི་སྙོམས་ཁ་སྐོམ་ལུས་ཚ་སེལ། །ཞེས་པ་དང་། དེ་བཞིན་ཁྲུས་མ་ལེགས་པའི་སྐྱོན་ནི། ཆུ་དྲོན་མགོ་བཀྲུས་སྐྲ་མིག་སྟོབས་འཕྲོག་ཡིན། །ཁྲུས་མི་རུང་བ་ནི་ཆམ་རིམས་གསར་དང་། སྣ་མིག་ནད་ཅན་ཟོས་མ་ཐག་ཏུ་སྤངས། ། ཞེས་པ་སོགས་རྒྱ་ཆེར་བསྟན་ཡོད།གཞན་ཡང་ཐོག་མར་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ནང་དུ་ཆུ་ལ་ངོས་འཛིན་པའི་ཐད་ནས་བཤད་ན་འདི་ལྟར་ཏེ། ཇི་སྐད་དུ། ཆུ་ནི་སྲོག་ཆགས་རྣམས་ཀྱི་སྲོག ལུས་ཀྱང་དེ་ཡི་རང་བཞིན་ཡིན། །དེ་བས་ཤིན་ཏུ་དག་པ་ཡི། ། ཆུ་ནི་གང་དུའང་ནི་ལྡོག་པ་མེད། ། ཅེས་གསུངས་པ་ལྟར་བོད་ཀྱི་གསོ་བ་རིག་པའི་ནང་སྔ་མོ་ནས་ཆུ་ཡི་ངོ་བོ་དང་རང་བཞིན་སོགས་ལ་ཤིན་ཏུ་གཏིང་ཟབ་པའི་ངོས་འཛིན་ཡང་དག་པར་ཡོད་པ་དང་ཁྱད་པར་དུ་སྨན་ལ་སྔ་བ་ཆུ་ཁོལ་ཞེས་པ་ལས་ཆུ་ཁོལ་སྨན་དུ་བསྟེན་པ་ནི་ཁོང་དུ་བསྟེན་པ་ཙམ་མ་ཟད་ལུས་ཀྱི་ཕྱི་ནས་བསྟེན་ཏེ་ཆུ་ལྕག་དུགས་དང་ཁྲུས་བྱེད་པ་སོགས་བྱས་ནས་ནད་བཅོས་བྱེད་ཀྱིན་ཡོད་པར་གོ་དགོས་པ་རིགས་པས་བསྒྲུབ་ཐུབ་པ་ནི་གདོན་མི་ཟ་བ་ཞིག་ཡིན་པའོ། །

ལུམས་ཞེས་པ་ནི། སྨན་གྱི་ནུས་པའམ་བྱེད་ལས་ལ་བལྟོས་ནས་མིང་དུ་བཏགས་པ་ཡིན་ཏེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས།ལུམས་ནི་རླན་པའི་དོན་ནོ། ། དེས་ལུས་ཀྱི་རྩ་རྒྱུས་གྱོང་པ་རྣམས་བརླན་ཞིང་མཉེན་པར་བྱེད་ནུས་སོ། ། དེ་ནི་བྱེད་ལས་ཀྱི་སྒོ་ནས་བཏགས་པའི་མིང་ངོ་། །ཞེས་གསུངས་པ་ལྟར་རོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།