ཀྲུང་གོ་བོད་ཀྱི་དྲ་བ།

གཞང་འབྲུམ་ནད་ཀྱི་རྒྱུན་ཤེས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱིར་གཞང་འབྲུམ་ཟེར་བ་ནི་གཞང་དཀར་ནག་དང་གཞང་ཁ་བཅས་སུ་ཁྲག་རྩ་རྒྱས་པ་དང་། འཁྱོག་པའམ་སྐྲངས་པ། ཁྲག་འཁྱིལ་བཅས་ལ་བརྟེན་ནས་ཁྲག་རྩའི་ནང་ཁྲག་འདྲིལ་ཏེ་བྱུ་རུའམ་མཚེའི་འབྲས་བུ་འདྲ་བའི་འབུར་རྡོག་ཆགས་པ་དང་། ཟ་འཕྲུག་ལངས་པ།བཤང་བ་གཏོང་སྐབས་ན་ཟུག་གཏོང་བ།བཤང་བའི་ཕྱི་ངོས་སུ་ཁྲག་འགོས་པ། བཤང་བ་བཏང་རྗེས་ཁྲག་མང་པོ་འབྱུང་བའམ་ཡང་ན་གཞང་ཁར་སྐྲངས་འབུར་ཆགས་ནས་རེག་མི་བཟོད་པའི་ན་ཟུག་གཏོང་བ།ཙོག་པུར་སྡོད་མི་ཐུབ་པ། བཤང་བ་གཏོང་དཀའ་བ། འབྲུམ་པས་གཞང་ཁ་གཅོད་པ་སོགས་ཀྱི་མངོན་ཚུལ་ལྡན་ཞིང་སྲོག་གཅོད་ཀྱི་དགྲ་བོ་ལྟར་ཚེ་སྲོག་འཕྲོག་པར་བྱེད་པའི་ནད་ཅིག་ལ་ཟེར།

ནད་དེའི་སློང་རྐྱེན་གཙོ་བོ་ནི་རྒྱུན་དུ་བརླན་སར་འདུག་པ་དང་སྟན་སྲབ་ཀྱི་སྟེང་དུ་ཙོག་པུར་འདུག་དྲགས་པ། བཤང་གཅི་མི་འབྱུང་བཞིན་དུ་ཤུགས་ཀྱི་བཙིར་བའམ་འབྱུང་བཞིན་པ་བཀག་པ།རྟ་སོགས་ལ་ཞོན་དྲགས་པ་སོགས་ཀྱི་སྤྱོད་ལམ་དང་། དུས་རྒྱུན་དུ་ཆང་མང་དུ་འཐུང་བ།སེ་པན་སོགས་རོ་ཚ་བའི་ཟས་རིགས་བསྟེན་དྲགས་པ་སོགས་ཀྱིས་སློང་གིན་ཡོད། ནད་འདི་འབྱུང་བའི་རྟགས་སུ་གཞང་ཁར་རྨ་འབྲུམ་བཏོན་པ་དང་ཁོག་པ་སྦོ་བ།ཟས་ཀྱི་དང་ག་ཞན་པ། ལུས་ཀྱི་སྟོབས་ཆུང་ཞིང་ཤ་སྐམ་པ། གཞང་ཁ་གཟེར་བ་དང་ཟ་འཕྲུག་ལངས་པ། བཤང་བ་སྐམ་པའམ་ཡང་ན་འཁྲུ་བ། བཤང་བར་ཁྲག་འདྲེས་པ་སོགས་ཀྱི་ནད་རྟགས་དུ་མ་འབྱུང་ལ།སྡུག་ཏུ་ཕྱིན་ཚེ་གཞང་ནས་ཁྲག་མང་དུ་འཛག་པ་དང་གཞང་ཁ་འབྲུམ་པས་གཅོད་པ་སོགས་ཀྱི་ནད་རྟགས་འབྱུང་།

ནད་འདིས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་མི་རྣམས་ཀྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་ཐེབས་ཀྱིན་ཡོད་མོད། འོན་ཀྱང་དུས་རྒྱུན་མི་རྣམས་ཀྱིས་འདི་ལ་དོ་སྣང་དེ་འདྲ་བྱེད་ཀྱིན་མེད།

སྤྱིར་ནད་གཞི་ལྕི་ཡང་གང་ཡིན་ཡང་བྱུང་མ་ཐག་ཏུ་གསོ་བཅོས་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་ཞིག་ཡིན། ཡིན་ཡང་གཞང་འབྲུམ་ནད་དེ་གཙོ་བོ་གསང་བའི་གནས་སུ་འབྱུང་བ་ཡིན་པས། ནད་དེ་བྱུང་ཡོད་པའི་ནད་པ་མང་པོས་སྨན་པར་སྟོན་པ་དང་གསོ་བཅོས་བྱེད་པ་ངོ་ཚ་རུ་བསམས་ཏེ་དུས་ལྟར་དུ་གསོ་བཅོས་མི་བྱེད་པ་དང་གསོ་བཅོས་ཀྱི་དུས་ཡུན་འདའ་བར་བྱེད་པའི་གནས་ཚུལ་གང་མང་མཐོང་ཐུབ།

མདོར་ན་གཞང་འབྲུམ་གྱི་ནད་དེ་ནི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་འབྱུང་བ་མང་ཞིང་བདེ་ཐང་ལ་གནོད་པའི་ནད་བཙོག་ཅིག་ཡིན་པས། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་གཞང་འབྲུམ་ནད་སློང་བྱེད་ཀྱི་སྤྱོད་ལམ་ལ་གཟབ་དགོས་ཏེ། དཔེར་ན་སྟན་སྲབ་དང་བརླན་སྟེང་དུ་ཡུན་རིང་བཙོག་པུར་འདུག་པ་དང་། རྒྱུན་དུ་རྟར་བཞོན་པ་སོགས་ཀྱི་སྤྱོད་ལམ་དང་། ཆང་མང་དུ་འཐུང་བ། སེ་པན་སོགས་རོ་ཚ་བའི་ཟས་སྤངས་ཏེ་གཞང་འབྲུམ་ནད་མི་འབྱུང་བར་གཟབ་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།