ཀྲུང་གོ་བོད་ཀྱི་དྲ་བ།

སྨན་བསྟེན་སྐབས་ཀྱི་འཛེམ་བྱ་བཅུ།

ཡོང་ཁུངས། : དྲ་རྒྱ་ལས་བཏུས།     སྤེལ་དུས། : 2017-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྨན་བསྟེན་པར་ཧ་ཅང་གཟབ་གཟབ་བྱེད་དགོས། གལ་ཏེ་སྨན་བསྟེན་ཐབས་དང་སྨན་བསྟེན་པའི་དུས་ཚོདཡང་དག་མིན་པ་དང་། བཟའ་བཏུང་གི་སྡེབ་ཁ་ལུགས་མཐུན་མིན་ན། སྨན་ནུས་ཐོན་མི་ཐུབ་པར་མ་ཟད། ད་དུང་གནོད་པ་བཟོ་ངེས། གཤམ་དུ་ཆེས་རྒྱུན་མཐོང་གི་ནོར་འཁྲུལ་ཅན་གྱི་སྨན་བསྟེན་ཐབས་འགའ་ངོ་སྤྲོད་ཅིག་བྱེད།

དང་པོ། ཟས་ཐུན་གསུམ་པོའི་རྗེས་མཐུད་དེ་སྨན་འཐུང་བ།

 སྨན་རྫས་ཀྱི་གསལ་བྱེད་ཡི་གེ་སྟེང་དུ“ཉིན་གཅིག་ལ་ཐེངས་གསུམ། ཟས་ཀྱི་སྔོན་དུ་འཐུང་དགོས།”ཞེས་བྲིས་ཡོད་ཚེ། དེའི་ནང་དོན་ནི་དུས་ཚོད་བརྒྱད་རེའི་མཚམས་སུ་སྨན་ཐེངས་རེ་འཐུང་དགོས་པ་དང་།ཟས་ཀྱི་སྔོན་དུ་བསྟེན་པ་སྟེ་ཟ་མ་མ་ཟོས་གོང་གི་དུས་ཚོད་གཅིག་གམ་ཡང་ན་ཟ་མ་ཟོས་རྗེས་ཀྱི་དུས་ཚོད་གཉིས་ཀྱི་རྗེས་སུ་འཐུང་དགོས་པར་བསྟན་པ་ཡིན།“ཟས་ཀྱི་རྗེས་སུ་བསྟེན་དགོས”ཞེས་བྲིས་ཡོད་ཚེ། ཟ་མ་ཟོས་རྗེས་ཀྱི་དུས་ཚོད་ཕྱེད་ཀ་འགོར་རྗེས་སྨན་འཐུང་དགོས།

གཉིས་པ། མར་ཉལ་ནས་སྨན་བསྟེན་པ།

  ཉལ་ནས་སྨན་འཐུང་ན་སྨན་རྫས་དེ་མིག་ཐག་ངོས་ནས་འབྱར་ཉེན་ཆེ་བར་མ་ཟད།སྨན་ནུས་ལ་ཤུགས་རྐྱེན་ཐེབས་པ་དང་མིད་ཐག་ལ་ཕོག་ཐུག་ཐེབས་ནས་མིད་ཐག་ངོས་སུ་གཉན་ཚད་སློང་བ་དང་ལུ་རྒྱ་ལངས་པ།ཚབས་ཆེ་ན་མིད་ཐག་ངོས་སུ་གནོད་པ་བསྐྱལ་སྲིད་པས། རབ་ཡིན་ན། ཙོག་པུར་འདུག་པའམ་ཡང་ན་ཡར་ལངས་ནས་འཐུང་ན་བཟང་།

གསུམ་པ། སྨན་སྐམ་མིད་བྱེད་པ།

 མི་ལ་ལས་སྨན་འཐུང་སྐབས་ཆུ་མི་འཐུང་བར་སྨན་ཁོ་ན་སྐམ་མིད་བྱེད་བཞིན་པ་དེ་ནི་ཧ་ཅང་ཉེན་ཁ་ཆེ་བ་ཞིག་ཡིན།  སྨན་སྐམ་མིད་བྱས་ན་ཕྱོགས་གཅིག་ནས་མིད་པར་གནོད་པ་དང་ཕྱོགས་གཞན་ཞིག་ནས་ཆུ་མང་པོ་ཞིག་གིས་སྨན་རྫས་ཞུ་བར་རོགས་རམ་བྱེད་མ་ཐུབ་ན།སྨན་རྫས་ལ་ལ་ཁོག་པའི་ནང་དུ་རྡེའུ་སྐྲན་དུ་འགྱུར་ངེས།

བཞི་བ། ཆུས་ཞུ་རུ་བཅུག་རྗེས་ད་གཟོད་འཐུང་བ།

  མི་ལ་ལས་སྨན་རིལ་འཐུང་ན་བྱིས་པའི་མིད་པར་ཐོགས་པར་དོགས་ནས།སྨན་རིལ་དེ་ཕྱེ་མར་བཟོ་བའམ་ཡང་ན་ཆུའི་ནང་དངུ་ཞུ་རུ་བཅུག་རྗེས་ད་གཟོད་བྱིས་པར་ལྡུད་བཞིན་ཡོད།དེ་ལྟར་བྱས་ན་སྨན་ནུས་ཐོན་མི་ཐུབ་པར་མ་ཟད། ད་དུང་སྨན་རྫས་ཀྱིས་ཞོར་སྐྱོན་ཐེབས་སྲིད།

ལྔ་བ། སྐོམ་ཆུ་སྟེ་ཁུ་ནག་དང་སིལ་ཁུ་སོགས་ཀྱིས་སྨན་འཐུང་བ།

   འོ་མ་དང། སིལ་ཁུ། ཇ། ཁུ་ནགའཚིག་ཇ་སོགས་སྐོམ་ཆུ་སྣ་ཚོགས་ལ་བརྟེན་ནས་སྨན་འཐུང་ན་སྨན་ནུས་ལ་ཤུགས་རྐྱེན་ཐེབས་སྲིད་པར་མ་ཟད།ཐ་ན་ཉེན་ཁ་ཆེན་པོ་བཟོ་ངེས། ཡང་དག་པའི་སྨན་བསྟེན་ཐབས་ནི་ཆུ་ཁོལ་དྲོད་འཇམ་གྱིས་འཐུང་དགོས་པ་དེ་ཡིན།

དྲུག་པ། སྨན་གྱི་དམ་བུར་ཁ་བསྒྲེས་ནས་འཐུང་བ།

   གློ་སྨན་སོགས་མངར་ཆའི་ལྡེ་གུའི་རིགས་ཀྱི་སྨན་རྫས་དེར་མི་མང་པོ་ཞིག་གིས་ཁ་བསྒྲེས་ནས་འཐུང་བཞིན་ཡོད།དེ་ལྟར་བྱས་ན་ཕྱོགས་གཅིག་ནས་སྨན་རྫས་ལ་སྦག་བཙོག་ཐེབས་སྲིད་པར་མ་ཟད། སྨན་རྫས་ཀྱི་ངོ་བོ་འགྱུར་སླ།ཕྱོགས་གཞན་ཞིག་ནས། སྨན་གྱི་འཐུང་ཚད་ལ་ཚོད་འཛིན་བྱེད་མི་ཐུབ་པས། སྨན་ནུས་མི་ཐོན་པའམ་ཡང་ན་སྨན་འཐུང་ཚད་མང་བ་ལས་ཞོར་སྐྱོན་ཐེབས་ངེས།

བདུན་པ། སྨན་མང་པོ་མཉམ་དུ་བསྲེས་ནས་འཐུང་བ།

སྨན་མང་པོ་མཉམ་དུ་བསྲེས་ནས་འཐུང་ན།སྨན་རྫས་མང་པོས་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་པ་དང་། ཐ་ན་ཉེན་ཁ་མང་པོའང་བཟོ་ངེས་ཏེ། དཔེར་ན། སྦྲུམ་འགོག་སྨན་འཐུང་ཞོར་དུ་གཅོང་ནད་འགོག་པའི་སྨན་རྫས་སམ་ཀླད་ཁྲག་ཤོར་བ་འགོག་པའི་སྨན་འཐུང་ན། སྦྲུམ་འགོག་བྱེད་མི་ཐུབ། དེ་བས་སྨན་མང་པོ་མཉམ་དུ་འཐུང་དགོས་ཚེ་ངེས་པར་དུ་སྨན་པར་འདྲི་དགོས།

བརྒྱད་པ། ཆུ་མང་པོ་འཐུང་བ།

སྨན་འཐུང་སྐབས་ཆུ་མང་པོ་འཐུང་ན་ཕོ་སྐྱུར་ལངས་པ་དང་།སྨན་ཞུ་ནས་ལུས་སྟེང་དུ་བསྡུ་ལེན་བྱེད་པར་མི་ཕན། སྤྱིར་བཤད་ན། སྨན་འཐུང་སྐབས་ཆུ་དྲོད་འཇམ་ཕོར་བ་གང་ཙམ་འཐུང་ན་ཆོགགློ་སྨན་སོགས་མངར་ཆའི་ལྡེ་གུའི་རིགས་ཀྱི་སྨན་འཐུང་རྗེས་སྐར་མ་ལྔའི་ནང་དུ་ཆུ་མ་འཐུང་ན་བཟང་།

དགུ་བ། སྨན་འཐུང་རྗེས་དེ་མ་ཐག་འགུལ་སྐྱོད་མི་བྱེད་པ།

  སྨན་འཐུང་རྗེས་སྤྱིར་དུས་ཚོད་ཕྱེད་ཀ་ནས་དུས་ཚོད་གཅིག་གི་ནང་དུ་ལུས་སྟེང་དུ་སྨན་རྫས་ཀྱིས་ནུས་པ་ཐོན་བཞིན་ཡོད་པས།དེ་མ་ཐག་འགུལ་སྐྱོད་བྱས་ན་སྨན་ནུས་ཐོན་པར་བར་ཆད་ཐེབས་སྲིད།

བཅུ་བ། སྨན་འཐུང་སྐབས་གང་འདོད་ལྟར་ཟ་མ་ཟ་བ།

   སྨན་འཐུང་སྐབས་ལུགས་མཐུན་མིན་པའི་བཟའ་བཏུང་བསྟེན་ན་སྨན་ནུས་ཐོན་མི་ཐུབ་པར་མ་ཟད།ཚབས་ཆེ་ན་ད་རུང་ཚེ་སྲོག་ལ་ཉེན་ཁ་བཟོ་ངེས། དཔེར་ན་ཁྲག་ཤེད་གཅོག་པའི་སྨན་རྫས་དང་སྙིང་གཟེར་འགོག་པའི་སྨན་བཅས་འཐུང་སྐབས་ཚྭ་མང་བའི་ཟས་རིགས་སོགས་ལ་འཛེམ་དགོས་ཤིང་།མགོ་སྨན་འཐུང་སྐབས་ཆང་གཏན་ནས་འཐུང་མི་རུང་བ་ཡིན།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།