ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཐང་སྐོར་གྱི་རྒྱུན་ཤེས།(བདུན།)

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

timg (2).jpg

ལུས་རྩལ་སྦྱོང་བརྡར་བྱེད་དུས་བདེ་འཇགས་ལ་མཉམ་འཇོག་དགོས།  

ལུས་རྩལ་སྦྱོང་བརྡར་གལ་ཆེ་ཡང་། བདེ་འཇགས་ལ་གཟབ་གཟབ་བྱ་དགོས། ལུས་སྦྱོང་སྐབས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་ན་གཤམ་གསལ་ལྟར་བསྒྲུབ་དགོས་ཏེ། ⑴དལ་གཤིས་སམ་ནད་རྙིང་ཅན་གྱི་ལུས་སྦྱོང་འཆར་གཞི་གཏན་འབེབས་མ་བྱས་སྔོན་དུ་སྨན་པར་བློ་འདྲི་དགོས། ⑵ལུས་སྦྱོང་སྔོན་དུ་གྲ་སྒྲིག་འདང་ངེས་ཤིག་བྱ་དགོས། ⑶ལུས་སྦྱོང་སྒྲིག་ཆས་བདེ་པོ་ཡིན་ཞིང་། ལུས་སྦྱོང་ལྷམ་ཡང་ཞིང་མི་ཤུད་པ་ཡིན་དགོས།⑷ལུས་སྦྱོང་བྱེད་དུས་ནམ་ཟླའི་འགྱུར་ལྡོག་ལ་མཉམ་འཇོག་བྱ་དགོས།⑸ལྟོ་སྟོང་ངམ་ཡང་ན་རྒྱགས་དྲགས་དུས་ལུས་སྦྱོང་མི་བྱེད་པ།⑹སྐོམ་ཆུ་དང་གློག་རྫས་འདང་ངེས་ཤིག་དགོས་པ།⑺ལུས་སྦྱོང་སྐབས་སུ་མགོ་ཡུ་འཁོར་བ་དང་དབུགས་འཚང་བ། སྐྱུག་པ་སོགས་བྱུང་ན་ལམ་སང་ལུས་སྦྱོང་མཚམས་འཇོག་དགོས།

ཤ་དུག་ནར་སྲིན་གྱི་ནད་དུག་ཕོག་པ་སྔོན་འགོག་བྱེད་དགོས།

ཤ་དུག་ཕོག་རྗེས་དུས་ཐོག་ཏུ་མྱུར་སྐྱོབ་མ་བྱས་ན་ཚེ་སྲོག་ལ་ཉེན་ཁ་ཆེ།

ཤ་དུག་ནར་སྲིན་གྱི་ནད་དུག་ཕོག་པའི་ནད་རྟགས་ལ། མིག་ཤ་དང་གྲེ་ཤའི་ནུས་པ་ཉམས་པ་དང་སྐྱུག་མེར་ལངས་པ། སྐྱུག་པ་བཅས་ཡིན།

ཤ་དུག་ནར་སྲིན་ནི་སྤྱིར་བཏང་གི་དྲོད་ཚད་དང་། སྐྱུར་དྲི་ཅུང་ཟད་བྲོ་བ། དབྱང་སུན་ཁོར་ཡུག་ཁྲོད་དུ་གནས་པའི་ཀི་རིམ་གདགས་གཤིས་སྲིན་ལ་ཟེར།

ཤ་དུག་ནར་སྲིན་ནད་དུག་ལ་ཤ་དུག་ནད་དུག་ཀྱང་ཟེར། གཙོ་བོ་ནི་ཤའི་རིགས་ཀྱི་ངོ་བོ་འགྱུར་བ་དང་སྦགས་བཙོག་ཐེབས་རྗེས་ཤ་དུག་ནར་སྲིན་ཞིག་བྱུང་བ་དང་། མི་རྣམས་ཀྱིས་དེ་ཟོས་རྗེས་ནད་དུག་འབྱུང་བ་དེ་ལ་ཟེར། དེའི་ནད་རྟགས་ལ། མགོ་ཡུ་འཁོར་བ། ཤུགས་མེད་པ། མིག་ལྕིབས་གོང་མ་ཐུར་དུ་དཔྱངས་པ། མིག་རབ་རིབ་ཏུ་འགྱུར་བ། མིག་གི་རྒྱལ་མོ་ཇེ་ཆེར་འགྲོ་བ། མིག་ཡོ་བ་སོགས་ཀྱང་འབྱུང་ལ། གཞན་ཡང་གྲེ་ཤའི་ནུས་པ་ཉམས་ནས་ཟས་མིད་མི་ཐུབ་པ་དང་། བལྡད་མི་ཐུབ་པ། སྐད་འགག་པ། སྒྲ་འབྱིན་མི་ཐུབ་པ་སོགས་འབྱུང་ལ། ཚབས་ཆེ་ན་དབུགས་ལམ་སྦྲིད་ནས་དབུགས་འབྱིན་རྔུབ་བྱེད་དཀའ་བ་དང་། ཐ་ན་ཚེ་སྲོག་ཀྱང་འཆོར་ངེས།

སྔོན་འགོག་བྱེད་ཐབས། ཟོག་ཤ་དང་བྱ་ཤའི་རིགས་ལས་སྣོན་དང་ཉར་ཚགས་བྱེད་པའི་གོ་རིམ་ཁྲོད་བཤང་གཅི་དང་ས། ཆུ་སོགས་ཀྱི་སྦགས་བཙོག་ལ་གཟབ་གཟབ་བྱ་བ། ཤ་སྐམ་དང་ཡུན་རིང་འགོར་བའི་ཤའི་རིགས་ཀྱི་ལྕགས་ཀྲིན།ཤ་བསྙལ་མ་ཡང་ན་རུལ་བའི་རིགས་མི་བཟའ་བ། ཤ་སྐམ་དང་དགུན་ཁར་ཉར་ཚགས་ཀྱི་དུས་ཚོད་ཅུང་རིང་བའི་ཤའི་རིགས་ངེས་པར་ཚ་པོ་བཟོས་ནས་དྲོད་ཚད80℃ཡན་ལ་བུད་རྗེས་ད་གཟོད་ཟ་བ་དང་། ཚ་བོ་བྱེད་པའི་དུས་ཡུན་སྐར་མ30ནས60ཡིན་པ་བཅས་ཤེས་དགོས།

ས་འགུལ་བྱུང་དུས་བྱོལ་ཐབས་ཡང་དག་སྤྱོད་དགོས་ཤིང་། ས་འགུལ་རྗེས་སུ་མྱུར་དུ་རང་སྐྱོབ་དང་གཞན་སྐྱོབ་བྱ་དགོས།

ས་འགུལ་བྱུང་དུས་མྱུར་དུ་ས་ཡངས་སར་འབྲོ་དགོས། ཐོག་ཁང་དུ་ཡོད་ན་གྱང་གི་གྲུ་ག་དང་གཙང་སྤྱོད་ཁང་། སྲ་བརྟན་ཡིན་པའི་སྒྲིག་ཆས་འགྲམ་སོགས་ཅུང་བདེ་འཇགས་ཡིན་པའི་ཟུར་གསུམ་གྱི་བར་སྟོང་དུ་འདུག་དགོས་ལ། ཉི་ཁྱམས་དང་སྒེའུ་ཁུང་། སྲ་བརྟན་མིན་པའི་ཅོག་ཙེ། ཉལ་ཁྲིའི་འོག་བཅས་སུ་གཞའ་མི་རུང་། གློག་སྐས་ལ་འདུག་མི་རུང་། ཐོག་ཁང་ནས་མཆོང་མི་རུང་། ཕྱི་རུ་རི་གཟར་དང་མཚོ་ཁ། ཟམ་པ། གློག་སྡོང་སོགས་ལ་རྒྱང་བཀྱེད་བྱེད་དགོས།

timg (4).jpg

ས་འགུལ་བྱུང་རྗེས་ཀྱི་རང་སྐྱོབ་བྱེད་ཐབས།

1.སེམས་རྣལ་ལ་ཕབ་ནས་རང་ཉིད་ཐར་ཐུབ་པར་ཡིད་ཆེས་བྱ་དགོས།

2.དངོས་པོ་ལྕི་མོ་བསྣུར་ནས་བདེ་འཇགས་ཀྱི་བར་སྟོང་བསྐྲུན་དགོས།

3.སྐད་ཆེན་པོ་མི་རྒྱག་པར་ལུས་ཟུངས་གསོག་དགོས།

4.ཟས་དང་ཆུ། འོད་སོགས་བཙལ་ནས་རོགས་སྐྱོར་ལ་བསྒུག་དགོས།

གཞན་སྐྱོབ་བྱེད་ཐབས།

1.ས་འོག་ཏུ་ཤོར་བའི་མིའི་རོགས་སྐྱོབ་འབོད་སྐད་ལ་གཟབ་ནན་གྱིས་ཉན་པ།

2.བཟོ་བཀོད་ཀྱི་ཁྱད་ཆོས་ལ་རྒྱུས་ལོན་དང་ས་འོག་ཏུ་ཤོར་བའི་མིའི་གནས་གཏན་འཁེལ་བྱེད་པ།

3.སྔོན་སླ་རྗེས་དཀའ་དང་། སྔོན་ལ་མགོ་ཕྱི་རུ་ཕྱུང་རྗེས་སུ་ལུས་ཕྱུང་བ།

4.རུས་པ་བཅག་པའི་ནད་པ་བཙན་གྱིས་འཐེན་ནས་རྨས་ཐེངས་གཉིས་པ་ཕོག་ཏུ་འཇུག་མི་རུང་།

5.སྲོག་བསྐྱབས་པ་རྣམས་ལ་བྱེད་ཐབས་འོས་འཚམ་སྤྱད་ནས་ཡུལ་དངོས་སུ་མྱུར་སྐྱོབ་བྱེད་པ་བཅས་སོ། །

དབྱར་ཁར་ཐོག་གི་ཉེན་ཁ་ལ་གཟབ་གཟབ་བྱེད་དགོས།

ཆར་འབབ་དུས་ཕྱི་རུ་མི་རྒྱུ་བར་སྒོ་དང་སྒེའུ་ཁུང་རྒྱག་པ་དང་། ཁང་པའི་ནང་གི་གློག་སྒོ་བརྒྱབ་སྟེ། སོལ་རླངས་ཀྱི་སྦུ་གུ་དང་བཏུང་ཆུའི་སྦུ་གུ། དེ་མིན་གློག་ཡོད་པའི་སྒྲིག་ཆས་སྣ་ཚོགས་དང་རྒྱང་བཀྱེད་བྱེད་དགོས། སྡོང་པོའི་འོག་ཏུ་འདུག་མི་རུང་། སྤྱིལ་བུའི་ནང་དུའང་འཛུལ་མི་རུང་། ཐང་ཡངས་ས་རུ་འཕྲུལ་རྟ(ལྕགས་རྟ)ལ་ཞོན་མི་རུང་། ཁ་པར་གཏོང་ལེན་མི་བྱེད་པ་བཅས་སོ། །གློག་འཁྱུག་ཅིང་ཐོག་རྒྱག་པའི་སྐབས་སུ། གལ་ཏེ་མགོ་དང་སྐེ་ཚིགས་སྦྲིད་པ་དང་ཟ་འཕྲུག་ལངས་པའི་ཚོར་བ་སྐྱེས་པ། ཡང་ན་སྐྲ་གྱེན་ལ་ཕྱོགས་ན། ཐོག་ལྷུང་བའི་ཉེན་ཁ་ཡོད་པས། ལམ་སང་ཐང་ནས་ཁ་སྦུབ་ཏུ་ལོག་ནས་འདུག་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།