བཤལ་གྱི་དངོས་གཞི།

(1) སྣ་སེལ་ཐང་།vCoཀྲུང་གོ་བོད་ཀྱི་དྲ་བ།

སྣ་སེལ་གྱི་སྦྱོར་བ་ནི་ཨ་རུ་མཆུ་རིང་མཆུ་དང་།ཤེལ་གོང་ཕྲེང་ལས།མཆུ་རིང་མཆུ་ནི་མངར་ཁ་ནད་རྣམས་འཁྲུ། །ཞེས་གསུངས་སོ། །ལྕུམ་རྩ་དང་།ཆུ་མ་རྩི་དང་།རྒྱམ་ཚྭ།པི་པི་ལིང་རྣམས་ཀྱི་གདུས་ཐང་དྲོ་འཇམ་ནམ་གུང་དུ་བཏང་བར་བྱས་པས་འཁྲུ་ནུས་པ་དང་།རྒྱུ་མ་འཁྲོག་པ་དང་།རྟགས་ཅི་ཡང་མེད་པ་བཅས་གསུམ་འབྱུང་བ་ལས་ལྟོ་བ་སྲ་སྙི་རིག་པས་དཔག་པར་བྱེད་པ་སྟེ།རྒྱུད་ལས།བཤལ་གྱི་སད་མདའ་སྣ་སེལ་འཁྲོག་ཐང་བཏང་། །ཞེས་གསུངས་པས་དེད་དཔོན་གྱི་ཐུན་ཚད་ཤེས་ཐུབ་པ་དང་།བཤལ་ལ་དམན་ལྷག་མི་འབྱུང་བ་དང་།རྣོ་འཇམ་གྱི་གྲོགས་སུའང་འགྱུར་བའོ། །ཡན་ལག་བརྒྱད་པར།མཁྲིས་པ་མ་ཞུ་ལྟོ་སྙི་ལ། །འོ་མས་ཀྱང་ནི་འཁྲུ་བར་བྱེད། །རླུང་ཤས་ཆེ་ཞིང་ལྟོ་སྲ་ན། །དུར་བྱིད་སོགས་ཀྱང་འཁྲུ་བ་དཀའ། །ཞེས་གསུངས་པས་ལྟོ་བ་སྲ་ལ་དེད་དཔོན་གྱི་ཐུན་ཚད་ཆེར་བསྐྱེད་པ་དང་།ལྟོ་བ་སྙི་བ་ལ་ཆུང་ངུར་གཏོང་བ་ཤེས་པར་བྱ་དགོས།ཅིའི་ཕྱིར་ཞེ་ན་བཏང་ཡུལ་ལྟོ་བ་སྲ་བ་ལ་སྨན་ཐུན་ཆུང་ན་ནད་སློང་བ་ཙམ་ལས་སྦྱོང་མི་ནུས་པ་དང་།ལྟོ་བ་སྙི་བ་ལ་སྨན་ཐུན་ཆེ་ན་སྦྱོང་མི་ཆོད་ཅིང་ལུས་ཟུངས་འཇོམས་པར་བྱེད་པས་དེས་ན་ལྟོ་བ་སྲ་སྙི་བརྟག་པའི་ཕྱིར་དུ་སྣ་སེལ་གཏོང་བ་ཤིན་ཏུ་གཅེས་སོ། །ལྟོ་བ་སྙི་བར་མི་སྐྱུག་ཅིང་སྦྱོང་རྣོ་ལ་འཇམ་པའི་གྲོགས་སུ་འགྱུར་བ་ཡིན་ནོ། །དེའུ་དམར་པས།སྣ་སེལ་ཞེས་བྱ་ལྟོ་བའི་སད་མདའ་ཡིན། །ལྟོ་སྲ་ཐུན་ཆུང་ནད་སློང་ཕྱིར་མི་ཐོན། །ལྟོ་སྙི་ཐུན་ཆེ་མི་ཆོད་ལུས་ཟུངས་འཇོམས། །ཞེས་དང་།བརྒྱད་པའི་འགྲེལ་པ་ལྡེ་མིག་གསེར་བཟང་དུ། འགའ་ཞིག་ལྟོ་བ་སྲ་སྙི་མི་ཤེས་པར། །སྦྱོང་བྱེད་རྣོན་པོ་གཏོང་བའི་སྨན་པ་དེ། །དགྲ་ཟུན་ཁྲོད་དུ་མདའ་འཕེན་སྨྱོན་པ་འདྲ། །ཞེས་ཟེར་སྣ་སེལ་མི་བྱེད་པ་ལ་དགོངས། །དེས་ན་ལྟོ་ཚོད་འཛིན་ཕྱིར་སྣ་སེལ་གཅེས། །ཞེས་གསུངས་སོ། །vCoཀྲུང་གོ་བོད་ཀྱི་དྲ་བ།

(2)དངོས་གཞིའི་གཉེན་པོ་དེད་དཔོན་གྱི་སྦྱོར་བ།vCoཀྲུང་གོ་བོད་ཀྱི་དྲ་བ།

དེད་དཔོན་དྲག་པོའི་སྦྱོར་བ་ལ་ཨ་རུ་མཆུ་རིང་གི་མཆུ་དང་།དན་རོག་ཕག་གདོང་མའམ་རུས་སྦལ་མ།ཁཎྜ་སྟེ་བསེ་ཞོ་དཀར་པོའི་ཐང་ཆུ། དུར་བྱིད་རབ་དམར་པོ།འབྲིང་སེར་པོ།ཐ་མ་སྐྱ་སོབ་གང་རུང་བའོ། །འདུལ་བའི་ཐབས་སུ་ཨ་རུ་ར་ནི་ཐལ་ཚན་གྱི་གསེབ་ཏུ་དར་ཅིག་བཅུག་ལ་གདུལ་བ་དང་།དན་ད་རོག་པོ་ནི་ནང་གི་ལྕེ་དཀར་ལེབ་དང་ཕྱིའི་ཤུན་པ་ཕྲལ་ལ་ལྕགས་སླང་དུ་རྩམ་པ་བཏབ་པའི་སྟེང་དུ་བཞག དེ་སྟེང་སླར་ཡང་རྩམ་པ་བླུགས་ནས་མེ་ཐོག་བརྔོས་པས་རྩམ་པ་སེར་ལ་སྣུམ་ཞག་ཅན་བྱུང་ན་ཕོག་ལ་དན་རོག་དང་རྩམ་ཕྱེ་སོ་སོར་དབྱེ་བའོ། །ཤྲཱི་ཁཎྜ་སྐམ་པོ་ཡིན་ན་ཐོག་མར་ལྕགས་སྣོད་དུ་ཆུ་ཕྲན་ཙམ་བཏབ་ལ་བརླན་ཕབ་ནས་སྐྱོ་མར་བཞུས་ཁར་ལྗིད་ཚད་རང་མཉམ་གྱི་མར་དཀར་ལྦུ་སྙིགས་ཕྱུངས་པའི་ཞུན་མར་བཏབ་ནས་དཀྲུག་པས་ངོ་བོ་དབྱེར་མེད་དུ་གྱུར་དུས་གདུལ་གྲུབ་པའོ། །དུར་བྱིད་ནི་རྩ་བའི་ནང་གི་རྐང་རུལ་དང་ཕྱིའི་ཤུན་པ་དོར་ནས་དུག་ནི་ཡོས་ཚན་ནང་དུ་བཅུག་སྟེ་གདུལ་བའོ། །དེ་བཞི་པོ་ཆ་མཉམ་ཞིབ་པར་བཏགས་ཏེ་རིལ་བུར་དྲིལ་བ་ཡིས་སྦྱོང་རྣོ་ལ་དྲག་པོར་འབབ་དེ་ནད་སྟོབས་ཆེ་ཞིང་ལུས་སྟོབས་བཟང་བར་བཏང་བས་ནད་ཀུན་འཁྲུད་ཅིང་འཇོམས་པར་བྱེད་དོ། །དེའུ་དམར་པས།ཞི་སྦྱོང་ཀུན་གྱི་སྨན་ལ་དུག་ཕྲལ་དགོས། །ཁྱད་པར་ལས་ལྔའི་སྨན་ལ་དུག་ཕྲལ་གནད། །ཅེས་གསུངས་པས་དུག་ཕྲལ་བའི་འདུལ་སྦྱོང་གནད་ཐེག་པ་དགོས་སོ། །vCoཀྲུང་གོ་བོད་ཀྱི་དྲ་བ།

འཇམ་པོའི་སྒོ་ནས་སྦྱོང་བར་བྱེད་པ་དེད་དཔོན་བཅུ་སྦྱོར་ནི།ཐར་ནུ།དུར་བྱིད།ཨ་རུ་མཆུ་རིང་།ལྕུམ་རྩ།སྔོན་བུ།ཁྲོན་བུ་སྟེ་ཐར་ཆུང་བ།ཤྲཱི་ཁཎྜ།དན་རོག་དན་ཁྲ།དོང་ག་རྣམས་བ་ཆུར་བསྡུས་ཏེ་སྣ་མ་ཚིགས་པའི་ཁཎྜ་དེ་ནི་སྦྱོང་རྣོ་ལ་ལུས་ཟུངས་ལ་མི་གནོད་པར་འཇམ་ཞིང་།ཡར་མི་སྐྱུགས་པ་དང་།ཁོང་དུ་མི་འགྱིངས་ཤིང་ལྷེན་འོག་སོགས་སུ་ཟུག་མེད་ཅིང་རླུང་མི་སྐྱེ་ལ།ནད་སྟོབས་དང་སྦྱར་ནས་སྦྱོང་དྲག་ཞན་ལུས་ཀྱི་ཟོ་ཡིས་ཟུངས་ལ་རྗེས་སུ་དཔག་ནས་འཁྲུ་བ་ཡིན་ཕྱིར་འདི་ནི་ཤིན་ཏུ་འཇམ་པས་གོང་གི་མི་རུང་བ་དགུན་དུས་དང་།སྦྲུམ་མ་ཅན་དང་།རྒས་པ་དང་།ཟུངས་ཟད་དང་།ལམ་ཁའི་མགྲོན་པོ་སོགས་ལ་ཡང་བཏང་དུ་བཏུབ་པས་འཇམ་ཞིང་ལེགས་པ་ཡིན་ལ།འདི་ལ་བཅུ་པའི་ཁཎྜ་ཞེས་སྔོན་གྱི་མཁས་པ་རྣམས་ཀྱིས་མཛད་པའང་ཡོད། །vCoཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།