བོད་ལུགས་གསོ་རིག་གི་ལུམས་བཅོས།

བོད་ཀྱི་གསོ་རིག་ལ་ལོ་ངོ་སུམ་སྟོང་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ཞིང་བོད་དམངས་ཁྲོད་ཀྱི་འཚོ་སྡོད་བྱས་པའི་བརྒྱུད་རིམ་ལས་ཐོན་པའི་ཉམས་མྱོང་རྣམས་ཕྱོགས་སྡོམ་བྱས་པ་ལས་གྲུབ་པའི་རིག་གནས་གལ་ཆེན་ཞིག་ཡིན་པར་མ་ཟད།འཛམ་གླིང་ཤེས་རིག་གི་གྲུབ་ཆ་མེད་དུ་མི་རུང་བ་ཞིག་ཀྱང་རེད།དེང་སྐབས་འཛམ་གླིང་གསོ་རིག་རྣམ་བཞི་ལ་དགེ་མཚན་དུ་མས་སྤྲས་ཡོད་ཀྱང་།བོད་ཀྱི་གསོ་རིག་གཞུང་དོན་ལ་དོན་གྱི་གནད་ཁེལ་ཞིང་ཚིག་གི་འབྲུས་ནོན་པ་ནི་དཔལ་ལྡན་གསོ་བ་རིག་པ་ཡིན་ལ།དཔལ་ལྡན་རྒྱུད་བཞི་ནི་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་རྒྱལ་པོའི་བླ་སྨན་གཡུ་ཐོག་ཡོན་ཏན་མགོན་པོས་བོད་རང་གི་གསོ་རིག་དང་རྒྱ་གར་ནག་སོགས་ཡུལ་ཁམས་གཞན་གྱི་གསོ་རིག་གི་ལག་ཆ་བསྡུས་ནས་བོད་ཀྱི་གསོ་རིག་ཡིག་ཐོག་ཐོག་མར་དབུ་བརྙེས་པར་བྱས།དེ་ནས་བཟུང་གསོ་རིག་གི་རྨང་གཞི་བྱུང་བ་དང་།རྗེས་སུ་གཡུ་ཐོག་གསར་མ་དང་བྱང་ཟུར་སོགས་ཀྱིས་དཔལ་ལྡན་རྒྱུད་བཞིའི་ཚིག་འབྲུ་དང་དོན་འགྲེལ་སོགས་ཀྱི་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་མ་ཟད།ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གྱི་མཛད་རྗེས་བླ་མེད་བཞག བཅིངས་འགྲོལ་རྗེས་སུ་ལོ་བཅུའི་གོད་ཆག་ནང་བོད་ཀྱི་ཤེས་ལྡན་མི་སྣ་མང་པོ་ཕངས་མེད་དུ་བརླག་པ་དང་བསྟུན་ནས་སྨན་ལུམས་ཀྱི་ལག་ལེན་མང་པོ་ཞིག་རྒྱུན་ཆད་པའི་གྱོང་གུད་ཐེབས་མྱོང་།འོན་ཀྱང་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུར་ལུམས་བཅོས་ལག་ལེན་གསར་འཛུགས་གནང་བ་དང་གཞོན་སྐྱེས་ཤེས་ལྡན་མི་སྣ་འབོར་ཆེན་སྐྱེད་སྲིང་དང་བོད་ཀྱི་གསོ་རིག་གི་སྙན་གྲགས་རྒྱལ་ཁབ་ཕྱི་ནང་ལ་ཁྱབ་གདལ་དང་འཛམ་གླིམ་སྟེང་གདེང་འཇོག་ཆེན་པོ་བྱས་ཤིང་དེ་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད། འོན་ཀྱང་བོད་མི་རིགས་ལ་དེ་སྔ་ཕྱི་དངོས་པོའི་ཆ་རྐྱེན་ཞན་པ་དང་སྨན་ལུམས་ལག་ལེན་སྐབས་སྟབས་བདེ་མིན་པས་རྒྱ་བསྐྱེད་མ་ཐུབ་པར་བཀག་སྡོམ་ཐེབས་ནས་དུས་ཡུན་རིང་པོར་འཕེལ་རྒྱས་མེད་པར་རང་སོར་ལུས།

འཇིག་རྟེན་ལས་ནད་ལ་སྔ་བ་མ་ཞུ་བ་དང་།སྨན་ལ་སྔ་བ་ཆུ་ཁོལ་ཞེས་པའི་གཏམ་རྒྱུད་ཀྱང་གྲགས།དེ་དང་ཆབས་ཅིག་རང་བྱུང་གི་ཆུ་ཚན་ལས་བྱུང་བའི་ཆུ་ཚ་མོའི་ནང་ལུས་བཅིངས་པའི་ཚེ་ལུས་ཕྱི་ནང་གི་ནད་ལ་ཕན་པའི་རིག་པ་རྙེད་དེ་སྨན་དཔྱད་ཀྱི་གཉེན་པོ་ཆུ་ལུམས་ཞེས་བྱ་བའི་ཐོག་མའི་ས་བོན་ཡང་དེ་ཙམ་ནས་བྱུང་བར་གདོན་མི་ཟ།དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ནས་ཕྱིའི་འཛུགས་སྐྲུན་གྱི་འཕེལ་རྒྱས་དང་བསྟུན་ནས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་སྨན་ལུམས་གསར་འཛུགས་དང་རྒྱུད་བཞིའི་ཁ་སྐོང་ནད་ཐོག་ལག་ལེན་ཁྲོད་སྨན་ལུམས་རྒྱ་བསྐྱེད་དེ་ཆུ་ལུམས་དང་རླངས་ལུམས་སོགས་དར་བར་བྱས་ལ་དབུ་ཁྲིད་རྣམས་ཀྱིས་མཛུབ་སྟོན་གནང་བ་བརྒྱུད་ཞིང་ཆེན་རིམ་པ་དང་རྒྱལ་ཡོངས་རང་བཞིན་གྱི་གཟེངས་རྟགས་མང་དུ་བཞེས་པར་མ་ཟད།སྨན་པ་དང་ནད་གཡོག་གི་ཞབས་ཞུ་གཅིག་ཏུ་སྦྲེལ་ཏེ་མཐུན་སྒྲིལ་དང་དཀའ་སྡུག་གི་དཔུང་པ་མཉམ་དུ་གཤིབ་ནས་ལུམས་བཅོས་མན་ངག་གི་ལག་ལེན་ལ་སྦྱོར་བའི་རྗེས་སུ་བཏབ་སྟེ་ནད་ཐོག་ལག་ལེན་གཙོ་བོར་བཟུང་ནས་རང་ནུས་ཅི་ལྕོགས་ཀྱི་ཞབས་ཏོག་ཞུས་དང་ཞུ་བཞིན་ཡོད་པར་མ་ཟད།ནད་པར་ཕན་བསྐྱེད་ཐོན་པའི་ཚད་རང་ཤུགས་ཀྱིས་ཇེ་མཐོར་སོང་ནས་བོད་དང་རྒྱ།ཕྱི་གླིང་པ་སོགས་ཀྱི་ནད་པ་ལུགས་གཞན་གྱི་གསོ་རིག་གི་བཅོས་ཐབས་མེད་པའི་ནད་གཞི་འབོར་ཆེན་ཞིག་ལ་སྨན་ལུམས་ཀྱི་བཅོས་ཐབས་འདིས་དངོས་སུ་ཕན་བསྐྱེད་ཐོན།དེར་བརྟེན་སྨན་ལུམས་ཀྱི་བཅོས་ཐབས་འདི་སྣང་མེད་དུ་བསྐྱུར་ནས་ས་ཁུལ་ཆུང་ཆུང་ཞིག་ཏུ་བཀག་སྐྱིལ་མི་བྱེད་པར་སྤུས་ཚད་ཇེ་ལེགས་དང་ཁྱབ་གདལ་དུ་བཏང་ནས་འཛམ་གླིང་གི་བཅོས་རྡུགས་པའི་ནད་པ་འབོར་ཆེན་དག་ལ་ཞབས་འདེགས་ཞུ་ཐུབ་པ་ཡིན་ན་ཆེས་བཟང་བའི་དོན་དག་ཅིག་མ་ཡིན་ནམ།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།