བོད་ལུགས་གསོ་རིག་གི་སྤྲ་ལྡན་གསེར་ཁབ་ཀྱི་ལག་ལེན།

དང་པོ། མཚན་ཉིད།

སྤྲ་ལྡན་གསེར་ཁབ་ནི་རྒྱུ་གསེར་ལས་གྲུབ་པ་རིང་ཚད་སོར་གསུམ་ཡིན་པར་རྩེ་མོ་ཅུང་རྣོ་ལ་དཀྱིལ་སྦོམ་ཞིང་། མགོར་སྤྲ་བ་འཛིན་བྱེད་ཀྱི་གཅུས་བསྐོར་དགུ་དང་ཡང་ན་རྩེ་གསུམ་ཅན་ཞིག་ཡིན། དེ་རྗེས་སྤྲ་བ་བཏུལ་མ་མཐེ་བོང་ཙམ་ཤོག་བུའི་ཐོག་ཏུ་བཞག་ཐོག དེའི་དཀྱིལ་དུ་ཁབ་དེ་བཙུགས་ནས་དམ་པོར་བསྒྲིལ་ཏེ་རྩེ་མོ་རྣོ་ལ་རྩ་བ་ཟླུམ་པོ་ཞིག་བཟོ་དགོས་པ་རེད།

གཉིས་པ། སྔོན་འགྲོ།

ཐོག་མར་ནད་དངོས་གཏན་འཁེལ་བྱེད་པ་དང་དེར་སྤྲ་ལྡན་གསེར་ཁབ་བརྒྱབ་ན་ཕན་བསྐྱེད་ཡོད་མེད་གསལ་བཤད་བྱས་ཏེ་དང་ལེན་བྱུང་རྗེས་མེ་བཙའི་སྐབས་ལྟར་གསོ་བྱའི་བླ་གནས་དང་། བླ་གཟའ། སྲོག་གཟའ། བསྲེག་ཚེས་སོགས་ཞིབ་ལྟ་བྱས་ཏེ་གསེར་ཁབ་རྒྱག་རྒྱུ་གཏན་འཁེལ་བྱེད་དགོས།

གསུམ་པ། དངོས་གཞི།

གསོ་བྱ་ལུས་དྲོང་པོར་གནམ་ལོའི་ཕྱོགས་གཙང་ལ་ཁ་ཕྱོགས་ཏེ་སྟེགས་བུའི་ཐོག་བཞག་ཐོག་ཐིག་སྐུད་གཉིས་ཁྱེར་ཏེ་སྨིན་དཀྱིལ་ནས་ལྟག་ཁུང་བར་ཐིག་གཅིག་དང་རྣ་བ་གཡས་ཀྱི་བུ་ག་ནས་གཡོན་གྱི་བུ་གར་ཐིག་རེ་འཐེན་ནས་སྤྱི་གཙུག་གི་རྒྱ་གྲམ་འཁེལ་ས་དེར་ཀོང་ཀྱོང་དང་གནོན་ཟུག་ཡོད་མེད་ལེགས་པར་བརྟག་དགོས།གསོ་བྱ་ཁག་གཅིག་ལ་སྐྱེ་ཁམས་དབང་གིས་སྤྱི་བོའི་འདུས་སྲུབས་ཐིག་སྐུད་ཀྱི་རྒྱ་གྲམ་འཁེལ་ས་དེར་གཏན་འཁེལ་མེད་པས་ཀོང་ཀྱོང་དང་གནོན་ཟུག་ཡོད་པ་ཁོ་ནར་བརྒྱབ་ན་ཕན་ཆེ་བར་མངོན་གྱིན་ཡོད། སྤྱི་གཙུག་དང་གསེར་ཁབ་ཀྱི་རྩེ་མོ་སོགས་ལ་གཙང་སེལ་ལེགས་པར་བྱས་རྗེས། སྨན་པས་ནད་ཚབས་ལྕི་ཡང་དང་ན་ཚོད་རྒན་གཞོན་སོགས་ལ་འཚམ་པའི་སྤྲ་ལྡན་གསེར་ཁབ་དེ་གསང་དམིགས་སུ་སོར་ཕྱེད་ཙམ་བརྟན་པོར་བཙུགས་ཏེ། སྤྲ་བའི་ངོས་ཀྱི་ཤོག་བུ་མར་བཀོག་ནས་མེ་སྟག་སྐྲ་གསེབ་ཏུ་མི་ལྷུང་བར་ཕྱིར་སྐྲ་སྟེང་དུ་བཀབ། དེ་ནས་སྤྲ་བར་མེ་སྦར་ཏེ་མེ་བཙའ་སྤྱི་ལྟར་སྐྱབས་འགྲོ་བྱ་བ་དང་། ཕུ་ཆུང་ངུ་བཏབ་སྟེ་རིམ་བཞིན་སྤྲ་བ་འཚིག་ཚར་བར་བྱེད་དགོས། ཚིག་ཚར་རྗེས་གསེར་ཁབ་མྱུར་དུ་མི་འདོན་པར་རང་བཞིན་གྱིས་གྲང་རྗེས་དལ་བུས་ཚུར་ལེན་པའོ། །

བཞི། དོ་སྣང་བྱ་ཡུལ།

གསང་དམིགས་མི་འཁྱོག་པར་བྱེད་པར་མ་ཟད་གསེར་ཁབ་མི་འཁྱོག་པ་བྱེད་དགོས། དེར་བརྟེན་རྒྱུན་དུ་གསེར་ཁབ་བཙུགས་ཚད་གསང་དམིགས་ཐོག་སྡོད་ཐུབ་ཙམ་བྱེད་རྒྱུ་ནི་དེའི་ཚད་གཞི་ཡིན། གལ་ཏེ་གསེར་ཁབ་རྒྱག་པའི་དུས་ཚོད་ནང་གསོ་བྱ་རླུང་གི་འབོག་པ་སོགས་བྱུང་ན་གསེར་ཁབ་བླངས་ཏེ་གསོ་རླུང་རྔུབས་པའམ་རླུང་བདུག་པ། རླུང་གསང་མཉེ་བ་སོགས་ཀྱི་ཐབས་ཤེས་སྤྱོད་དགོས།

ལྔ། རྗེས་གཅོད།

སྤྲ་བ་ཚིག་ཚར་བའི་གསེར་ཁབ་དེ་གྲང་མོར་གྱུར་རྗེས་ག་ལེར་ཚུར་ལེན་པ་དང་། མེ་ཤུལ་དུ་ཚྭ་མར་བྱུག་པ། མེའི་ནུས་པ་མི་འཇོམས་པའི་ཆེད་དུ་གསོ་བྱར་ཟས་སྐོམ་གྲང་མོའི་རིགས་དང་། ཆུ་གྲང་མོར་མགོ་འཁྲུ་བ་དང་ཁྲུས་བྱེད་པ་སོགས་ཉིན་ལྔ་ནས་བདུན་བར་སྤང་བྱར་མངག་དགོས། ལྷག་པར་རྨ་ཁ་གསོས་པའི་དུས་རིམ་ནང་རྨ་ཁར་སེན་བྲད་གཏོང་བ་དང་རྨ་སྐོགས་བཀོག་པ་སོགས་མི་ཡོང་བ་བྱ་རྒྱུ་གལ་ཆེའོ། །

དྲུག ཕན་ཡོན།

རླུང་ཁྲག་སྙོམས་སྒྲིག་དང་། རྩ་དཀར་གྱི་ནུས་པ་ཉམས་གསོ། ཁྲག་རྒྱུན་འཁོར་རྒྱུག་ལ་སྐུལ་འདེད་སོགས་གཏོང་ཐུབ་པའི་ནུས་པ་ཆེན་པོ་ལྡན།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།