དགུན་དུས་ཀྱི་ཟས་སྤྱོད་རྒྱུན་ཤེས།

མི་ན་བ་གནས་པར་འདོད་པ་ནི་འགྲོ་བ་མིའི་རིགས་ཀྱི་རེ་སྨོན་ཡིན་ལ་གསོ་བ་རིག་པའི་དགོངས་དོན་ཡང་ཡིན། དགུན་ཁར་ཉི་མ་ལྷོ་བགྲོད་ཀྱི་དུས་ཡིན་སྟབས་གྲང་ལྷགས་ཤིན་ཏུ་ཆེ། དེ་ལ་བརྟེན་ནས་ཕྱི་འབྱུང་བའི་ཁ་དབུགས་སོགས་ལས་ནད་རིགས་གང་མང་ཞིག་འབྱུང་གིན་ཡོད། ཐོག་མར་ནད་རིགས་སྔོན་དུ་འགོག་པ་ལ་ནི་ཟས་སྤྱོད་ལ་ཤིན་ཏུ་གཟབ་དགོས། དགུན་གྱི་དུས་ནི་རང་བཞིན་གྱིས་གྲང་བ་ཡིན་པས་བ་སྤུའི་སྒོ་རྣམས་བཀག་སྟེ་ནང་དུ་མེའི་སྟོབས་དང་ལྡན་ཞིང་། ལྷག་པར་མེ་དང་མཉམ་པའི་རླུང་གིས་ཆེས་ཆེར་སྤར་བས་ཁ་ཟས་ཉུང་བར་གྱུར་ན། ཁྲག་ལ་སོགས་པའི་ལུས་ཟུངས་རྣམས་སྐེམ་ཞིང་བྲི་བར་བྱེད་པས་མངར་སྐྱུར་ལན་ཚྭ་གསུམ་གྱི་རོ་དང་ལྡན་པའི་ཟས་སྐོམ་བསྟེན་དགོས། དགུན་དུས་སུ་མཚན་མོ་ཤིན་ཏུ་རིང་བས་ན་ཐོ་རངས་ཀྱི་དུས་སུ་བཀྲེས་པར་གྱུར་ཏེ། བཀྲེས་པ་དེ་ཡིས་ལུས་ཟུངས་རྣམས་ལྷག་པར་བྲི་བར་འགྱུར་བའི་ཕྱིར། ཏིལ་ལ་སོགས་པའི་འབྲུའི་མར་གྱིས་བྱུགས་ཤིང་མཉེ་བ་དང་དྲིལ་ཕྱིས་བྱས་ན་ཟུངས་སྟོབས་བསྐྱེད་པར་ཕན་པ་ཆེན་པོ་ཡོད། ཤ་བཟང་པོ་བཙོས་པའི་ཁུ་བ་ལ་སོགས་པ་སྣུམ་པའི་ཁ་ཟས་གཙོ་ཆེར་ཟ་ཞིང་བུ་རམ་དང་ཆང་འོ་མ་ལ་སོགས་བསྟེན་དགོས། ཡུལ་དུས་དང་བསྟུན་པའི་གོས་གསར་པ་སོགས་དྲོ་ཞིང་ཡང་བའི་གོས་གྱོན་ཏེ་ལུས་ཀྱི་མེ་དྲོད་སྲུང་དགོས། དེ་བཞིན་མེ་དང་ཉི་མའི་དྲོད་ལ་ཧ་ཅང་ཐལ་བ་མ་ཡིན་པར་རན་པར་བསྲོ་བར་མ་ཟད་ཕྱི་རོལ་ཡུལ་གྱི་འཁྱགས་སར་མ་ཡིན་པའི་གནས་སུ་སྡོད་པ་ནི་དགུན་དུས་ཀྱི་ནད་རིགས་སྔོན་འགོག་བྱེད་པའི་ཐབས་སོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།