ཀྲུང་གོ་བོད་ཀྱི་དྲ་བ།

བརྒྱལ་གཟེར་གྱི་ནད་བརྟག་བཅོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བརྒྱལ་གཟེར་གྱི་ནད་ནི་གདོན་དང་ཕྱི་རོལ་གྱི་རྐྱེན་གང་རུང་སྟེ་མགོར་རྡབ་ཆག་བྱུང་བ་དང་། ཡང་ན་ཀླད་པར་སྐྲན་ཆགས་པའམ་སྲིན་ཞུགས་པ། ཆུ་བསགས་པའམ་རྩ་འགག་པ། རླུང་ཁྲག་འཁྲུགས་པ་སོགས་ཀྱི་དབང་གིས་ནད་པ་དྲན་མེད་དུ་བརྒྱལ་ནས་དབང་པོ་འཆོར་བའི་ནད་ཅིག་རེད།

དེང་གི་དུས་འདིར་ནད་འདི་ན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ནད་འདིའི་སློང་རྐྱེན་གཙོ་བོ་ནི་གདོན་དང་ཕྱི་རོལ་གྱི་རྐྱེན་གང་རུང་སྟེ་མགོར་རྡབ་ཆག་བྱུང་བ་དང་། ཡང་ན་ཀླད་པར་སྐྲན་ཆགས་པའམ་སྲིན་ཞུགས་པ། ཆུ་བསགས་པའམ་རྩ་འགག་པ། རླུང་ཁྲག་འཁྲུགས་པ། ཁྲག་ཤེད་མི་སྙོམས་པ་སོགས་ཀྱིས་སློང་།

ནད་རྟགས་སུ་གློ་བུར་དྲན་མེད་དུ་བརྒྱལ་བ། ཁ་མིག་ཡོ་བ། ཡན་ལག་རེངས་པ། སོ་འཆའ་བ། རྐང་ལག་གཡབ་པ། ལྦུ་བ་སྐྱུགས་པ། ཁ་ཆུ་དང་སྣ་ཆུ་འཛར་བ། མཆུ་མདོག་སྨུག་པོ་ཆགས་པ། གདོང་མདངས་ཉམས་ལ། དྲན་པ་སོས་རྗེས་རྒྱུན་ལྡན་ལྟར་མིན་པ་བཅས་ཀྱི་ཕྱི་རྟགས་འབྱུང་། ཚབས་ཆེ་བའི་རིགས་ལ་བཤང་གཅི་དབང་མེད་འཆོར་བ་སོགས་ཀྱི་རྟགས་ཀྱང་མངོན།

གསོ་བཅོས་སུ་རླུང་ཁ་གནོན་པ་དང་བུ་ག་དག་པར་སྦྱངས། སེམས་ཁམས་སྙོམས་སྒྲིག དབང་རྩ་གསོ་དགོས་པའི་ཕྱིར་ཁོང་སྨན་དུ་བྱུར་དམར་ཉེར་ལྔ། བྱུར་དམར་བདུན་ཅུ། གྲིབ་སེལ་རིལ་བུ། ཨར་བརྒྱད་ཁྱུང་བསྣན་དང་། བླ་མེད་སོགས་བསྟེན་རྒྱུ་དང་། ནད་གཞི་ལྡང་དུས་སུ་ནག་པོ་དགུ་སྦྱོར་དང་རྩམ་པ་སོགས་བདུག་པ། དཔྱད་བཅོས་སུ་ཚབས་ཆེ་བའི་རིགས་ལ་ཐོག་མར་མཁྲིས་རྩ་གཤའ་རེངས་གཏར་བ་དང་། རྗེས་སུ་རླུང་གསང་རྣམས་ལ་ཧོར་མེ་འཇོག་རྒྱུ། ཀླད་པའི་ཁྲག་རྩ་འགག་པའི་རིགས་ལ་རྫ་མའི་འཕྲུལ་འཁོར་བསྐོར་དགོས། ནད་རྗེས་གཅོད་པར་བསྟུད་མར་ཉིན་གསུམ་ནས་ལྔ་ལ་མཚོགས་གསང་དང་ཨན་སྟོང་ཚིགས་པ་དང་པོ། དྲུག་བདུན། དཀར་ནག་མཚམས་བཅས་ལ་མེ་བཙའ་གདབ་རྒྱུ།

ནད་འདིའི་རིགས་ལ་ཁ་ཟས་སུ་ཤ་དང་སྔོ་ཚོད། སིལ་ཏོག་སོགས་གསར་བཅུད་འཇུ་སླ་བའི་རིགས་བསྟེན་པ་དང་། ལུག་ཤའི་ཤ་ཁུ་དང་ཉ་ཤའི་རིགས། སྤོད་མང་བཏབ་པའི་ཟས་སྐོམ་རིགས། སྐོམ་ཆུའི་རིགས་དང་ཆང་རག་སོགས་མངར་སྐྱུར་དྲགས་པའི་ཟས་སྐོམ་རིགས་སྤང་དགོས། སྤྱོད་ལམ་དུ་རྩོལ་བཅག་དྲག་ཤུལ་གྱི་རིགས་དང་ཡ་ང་གཅིག་པུ་འདུག་པ། ཟང་ཟིང་འདུ་འཛི་ཆེ་བའི་ཁྲོམ་དང་ཆུ་ཆེན། མེ་འགྲམ། གད་སྟེང་སོགས་དང་ཡང་ན་ཁང་བརྩེགས་མཐོན་པོ་དང་ཤིང་རྩེར་འཛེགས་པ། རླངས་འཁོར་བསྐོར་བ། བརྙན་འཕྲིན་ཡུན་རིང་བལྟ་བ་དང་རྩིས་འཁོར་གྱི་རིགས་ཡུན་རིང་སྤྱོད་པ་སོགས་སྤང་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།