ཀྲུང་གོ་བོད་ཀྱི་དྲ་བ།

ཚོ་དྲགས་པ་ལས་བྱུང་བའི་སྙིང་ཤའི་ནད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཚོ་དྲགས་པ་ནི་ནད་རིགས་ཤིག་ཡིན་པར་མ་ཟད། ད་རུང་དལ་གཤིས་རང་བཞིན་གྱི་ནད་རིགས་རྣམ་པ་སྣ་ཚོགས་འབྱུང་བའི་རྒྱུ་རྐྱེན་གཙོ་བོའང་ཡིན། ཆེད་མཁས་པས་བསྟན་དོན། ཉེ་བའི་ལོ་འདི་འགར་མི་ཚོན་པོ་ཇེ་མང་ནས་ཇེ་མང་ཡིན་པས། དེ་ལས་བྱུང་བའི་བདེ་ཐང་གནད་དོན་ཡང་ཇེ་མང་ནས་ཇེ་མང་རེད།

རྒྱལ་ཁབ་ཕྱི་ནང་གི་དུས་ཡུན་རིང་པོའི་ཞིབ་འཇུག་མང་པོ་ལས་མངོན་པ་ལྟར་ན། ཚོ་དྲགས་པ་ནི་སྙིང་གི་ཁྲག་རྩའི་ནད (ཏོག་དབྱིབས་ཁྲག་རྩ་སྲ་འགྱུར་དང་ཀླད་པའི་གཟའ་གྲིབ་ནད། ཁྲག་ཤེད་མཐོ་བའི་ནད)འབྱུང་བའམ་ཤི་ཚད་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། མིའི་ལུས་ལ་ཤ་རྒྱས་ན་ལུས་སྟེང་གི་སྙིགས་དོར་བཅུད་ལེན་བྱེད་པར་འགྱུར་ལྡོག་མང་པོ་འབྱུང་བ་དང་། ཁྲག་རྒྱུན་ཁྲོད་ཀྱི་མཁྲིས་ཟུངས་ཕྲུན་ངན་པ་དང་ཚིལ་འདུས་ཚད་ཇེ་མཐོར་འགྲོ་བས། ཁྲག་རྩར་སྲུང་སྐྱོབ་ཀྱི་ནུས་པ་ལྡན་པའི་མཁྲིས་ཟུངས་ཕྲུན་ཇེ་ཉུང་དུ་བཏང་བ་རེད། ཚིལ་ཇེ་མང་དུ་སོང་བ་དེས་སྙིང་གི་གནོན་ཤུགས་དང་དབང་བོ་གཞན་པའི་ཁུར་པོ་ཇེ་ལྗིད་དུ་བཏང་བས། འཕར་རྩ་འཇམ་འདྲའི་སྲ་འགྱུར་དང་ཁྲག་ཤེད་མཐོ་བའི་ནད་ཧ་ཅང་འབྱུང་སླ་ཞིང་། ཚབས་ཇེ་ཆེར་སོང་ན་ཏོག་དབྱིབས་ཁྲག་རྩ་སྲ་འགྱུར་དང་ཀླད་པའི་གཟའ་གྲིབ་ནད་འབྱུང་བ་རེད། སྔོན་ཆད་ནད་པ་ཞིག་ལ་ལུས་པོ་ཚོ་དྲགས་པ་ལས་གཞན་པའི་ནད་རིགས་གང་ཡང་མེད་མོད། འོན་ཀྱང་རྗེས་སུ་གཉིད་དུས་ཀྱི་འབྱིན་རྔུབ་མཚམས་ཆད་པའི་འདུས་ནད་བྱུང་བར་མ་ཟད། ད་རུང་སྙིང་ཤའི་ནད་ཀྱང་བྱུང་བ་རེད། དེ་དག་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཚོ་དྲགས་པས་ཡིན་ནོ།

ཚོ་དྲགས་ན་ཚོ་དྲགས་རང་བཞིན་གྱི་སྙིང་ཤའི་ནད་འབྱུང་སླ་བ་རེད། སྔོན་ཆད་མི་རྣམས་ཀྱིས་ནད་རིགས་དེའི་རིགས་ལ་རྒྱུས་ལོན་བྱེད་ཚད་ཧ་ཅང་ཉུང་ཞིང་། ཉེ་བའི་ལོ་འདི་འགར་ད་གཟོད་དེ་ལ་དོ་སྣང་བྱེད་ཀྱིན་འདུག ནད་པ་མང་ཆེ་ཤས་ནི་ཚོ་དྲགས་པའི་ན་གཞོན་སྐྱེས་པ་ཡིན་ལ། སྔོན་ལ་ནད་རྟགས་གང་ཡང་མེད་པར། རྒྱུན་དུ་གློ་བུར་སྙིང་གི་ནུས་པ་ཉམས་ཏེ་ཤི་བ་རེད། ནད་རྟགས་མེད་པར་དུས་ཡུན་རིང་ཙམ་འགོར་བ་དང་། དེ་ནས་འགུལ་སྐྱོད་བྱས་རྗེས་དབུགས་ལེན་དཀའ་བའི་ནད་རྟགས་འབྱུང་བ་རེད། དེ་ནི་ཆེས་སྔ་བ་དང་ཆེས་རྒྱུན་མཐོང་གི་ནད་རྟགས་ཡིན། ནད་རྟགས་དེ་དག་ནི་སྙིང་གི་ནུས་པ་ཉམས་པ་ལས་བྱུང་ཞིང་། ལུས་པོའི་ལྗིད་ཚད་ཇེ་མཐོར་སོང་ན་ནད་རྟགས་ཀྱང་ཇེ་ལྗིད་དུ་འགྲོ་བ་རེད། ནད་པ་ཁ་ཤས་ལ་ད་རུང་གཉིད་ཉལ་འབྱིན་རྔུབ་སྐབས་སྡོད་འདུས་རྟགས་འབྱུང་བ་རེད། ནད་རིགས་འདིའི་རིགས་གསོ་བཅོས་བྱེད་སྐབས་སྨན་ལ་བསྟེན་དགོས་པ་ལས་གཞན་ད་རུང་ཧུར་བརྩོན་གྱིས་ཚོ་བྱང་དུ་བཅུག་ནས། ལུས་པོའི་ལྗིད་ཚད་རྒྱུན་ལྡན་དུ་གཏོང་རྒྱུ་ནི་ཚོ་དྲགས་རང་བཞིན་གྱི་སྙིང་ཤའི་ནད་གསོ་བཅོས་བྱེད་པའི་ནུས་ལྡན་གྱི་ཐབས་ལམ་ཞིག་རེད།

མི་རྣམས་ཀྱིས་ཚོ་དྲགས་པས་བདེ་ཐང་ལ་གནོད་པའི་གནད་དོན་ངོས་འཛིན་གང་ལེགས་བྱས་ཏེ། ཧུར་བརྩོན་གྱིས་ཡོ་བསྲང་བྱེད་པ་དང་། འཚོ་བའི་གོམས་གཤིས་ངན་པ་བསྒྱུར་ནས། ལུས་པོའི་ལྗིད་ཚད་བདེ་ཐང་གི་ཆུ་ཚད་དུ་རྒྱུན་སྲུང་བྱ་དགོས། དེ་ལ་བདེ་ཐང་གི་བཟའ་བཏུང་སྤྱོད་པར་དོ་སྣང་བྱ་དགོས་པར་མ་ཟད། འོས་འཚམ་གྱི་འགུལ་སྐྱོད་བྱ་དགོས་པ་སྟེ། དཔེར་ན་མགྱོགས་མྱུར་གྱིས་རྐང་ཐང་ལ་འགྲོ་བ་དང་ཆུ་རྐྱལ་བ། ཡོ་ག་སྦྱོང་བ་སོགས་བྱས་ན་བཟང་ངོ་།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།