ཀྲུང་གོ་བོད་ཀྱི་དྲ་བ།

རྒྱུན་དུ་ཧབ་དགོད་བྱས་ན་རིམས་འགོག་ནུས་པ་ཇེ་མཐོར་འགྲོ་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

timg (5).jpg

རྒྱལ་ཁབ་ཕྱི་ནང་གི་ཚན་རིག་པ་རྣམས་ཀྱིས་དགོད་པར་ཞིབ་འཇུག་མང་པོ་བྱས་མྱོང་ནའང་།དེས་བདེ་ཐང་ཡོང་བའི་ཐད་ཕན་པ་ཅི་ཞིག་ཡོད་པ་གསལ་པོར་ཤེས་མེད། ཉེ་ཆར། འཇར་པན་ཏ་པན་རྒྱལ་སྤྱིའི་འབྲས་སྐྲན་ལྟེ་གནས་ཀྱིས་ར་སྤྲོད་གསར་པ་ཞིག་བྱས་པ་སྟེ།རྒྱུན་དུ་ངག་རྩལ་སྟོན་པ་དང་ཁ་ཤགས་བཤད་པ།ཟློས་གར་ཐུང་ངུ་སོགས་ཀྱི་བཞད་གད་སློང་བའི་འཁྲབ་སྟོན་ལ་བལྟས་ནས་ཧབ་དགོད་བྱས་ན་འབྲས་སྐྲན་ནད་པའི་ལུས་སྟེང་གི་རིམས་འགོག་ནུས་པ་མངོན་གསལ་གྱིས་ཇེ་མཐོར་འགྲོ་བཞིན་ཡོད།

timg (4).jpg

ཞིབ་འཇུག་མི་སྣས་ཏ་པན་རྒྱལ་སྤྱིའི་འབྲས་སྐྲན་ལྟེ་གནས་ཀྱི་སྨན་ཁང་ནང་དུ་གར་སྟེགས་ལས་ནས།སྨན་ཁང་ནང་གི་འབྲས་སྐྲན་ནད་པ70ཁག་གསུམ་དུ་བགོས་རྗེས།མིང་གྲགས་ཅན་གྱི་ངག་རྩལ་འཁྲབ་སྟོན་པ་དང་ཁ་ཤགས་འཁྲབ་སྟོན་པ་གདན་དྲངས་ནས་འཁྲབ་སྟོན་བྱེད་དུ་བཅུག མཇུག་འབྲས་ནི་ཟླ་གཅིག་གི་ནང་དུ་ཐེངས་གསུམ་ལ་འཁྲབ་སྟོན་ལ་བལྟས་པའི་ནད་པའི་ཁྲག་རྒྱུན་ཁྲོད་ཀྱི་འབྲས་སྐྲན་ལ་རྒོལ་བའི་རང་བྱུང་གསོད་བྱེད་ཕྲ་ཕུང(NK)གི་གྲངས་འབོར་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད་ལ།རིམས་འགོག་ནུས་པ་ཇེ་མཐོར་སོང་བར་མ་ཟད།ལུས་སྟེང་གི་འབྲས་འགོག་བྱེད་ནུས་ལྡན་པའི་སྤྲི་དཀར་སྟེ“ཕྲ་ཕུང་དཀར་པོའི་བར་རྒྱུ-12”བསྐྲུན་པའི་ནུས་པ་ཇེ་མཐོར་སོང་ནས།བདེ་ཐང་གི་མིའི་ལྡབ1.66ལ་སླེབས་ཡོད།

དུས་མཚུངས་སུ་ད་རུང་ཞིབ་འཇུག་མི་སྣས་བརྟག་དཔྱད་དྲི་ཤོག་ལས་ཤེས་པ་ལྟར་ན།རྒྱུན་དུ་བཞད་གད་སློང་བའི་འཁྲབ་སྟོན་ལ་བལྟས་ན་ནད་པའི་ན་ཟུག་ཡང་ཇེ་ཉུང་དུ་འགྲོ་བ་དང་།ཧབ་དགོད་བྱེད་པའི་སྤྲོ་བ་ལོངས་སྤྱོད་བྱས་རྗེས།ཤ་སྒྲིམ་པ་དང་ཡི་མུག་པ།ཁོང་ཁྲོ་ལངས་པ་སོགས་ཀྱི་སེམས་ཁམས་ཀྱང་མེད་པར་གྱུར་ཏེ།འཚོ་བའི་སྤུས་ཀ་ཇེ་མཐོར་འགྲོ་བ་རེད།ཞིབ་འཇུག་མི་སྣས་བཤད་རྒྱུར།ཧབ་དགོད་བྱེད་པའི་གོ་རིམ་ཁྲོད།ནད་པ་དེ་གནས་སྐབས་སུ་ནད་ཀྱི་སྡུག་བསྔལ་ལས་གྲོལ་ཐུབ་པས།ནད་རིགས་གསོ་བཅོས་བྱེད་པར་ཕན་པ་ཡོད།འདི་ནི་ཞིབ་འཇུག་གི་འབྲས་བུ་དགའ་འོས་པ་ཞིག་རེད་དོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།