ཀྲུང་གོ་བོད་ཀྱི་དྲ་བ།

འགུལ་སྐྱོད་དང་བདེ་ཐང་སྐོར།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.བདེ་ཐང་གི་ཚད་གཞི་ནི་ཅི་ལྟ་བུ་ཞིག་ཡིན།    

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བཏོན་པའི་བདེ་ཐང་གི་ཚད་གཞི་ནི། ནད་མ་བྱུང་བ་ཙམ་ལ་གོ་བ་མ་ཡིན་པར་སེམས་ཁམས་བདེ་ཐང་དང་སྤྱི་ཚོགས་འབྲེལ་འདྲིས་སྐོར་གྱི་བདེ་ཐང་ཡང་དེའི་ནང་དུ་འདུས།གོ་སླ་བའི་སྒོ་ནས་བཤད་ན། བདེ་ཐང་ཟེར་བ་ནི་སེམས་སམ་ལུས་པོ་དང་སྤྱི་ཚོགས་འབྲེལ་འདྲིས་ཁྲོད་སེམས་ཁམས་ཡག་པོ་ཞིག་རྒྱུན་འཁྱོངས་བྱེད་ཐུབ་པ་ལ་གོ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཏན་འབེབས་བྱས་པའི་ཚད་གཞི་བཅུ་ཡིས་མི་ཞིག་བདེ་ཐང་ཡིན་མིན་གྱི་ཚད་འཇལ་ཐུབ།

ལུས་སྟོབས་དང་སེམས་ཁམས་ཡག་པོ་ཡོད་དགོས་པ་དང་། དལ་ལྷོད་ངང་ནས་དུས་རྒྱུན་གྱི་འཚོ་བ་དང་བྱ་བའི་འགན་ཁུར་བར་གདོང་གཏོད་ཐུབ་པར་མ་ཟད། ངལ་དུབ་དང་འཚུབ་ཆ་མི་ལངས་པ།

བྱ་བ་སྒྲུབ་པར་སྤྲོ་སྣང་ཡོད་པ་དང་། ཧུར་བརྩོན་ལྡན་པ། ཁག་འགན་འཁུར་རྒྱུར་དགའ་བ་དང་། བྱ་བ་སྒྲུབ་པར་དོན་ཆེ་ཆུང་མེད་པ། སྐྱོན་མི་བཙལ་བ།

ངལ་གསོ་ཡག་པོ་བྱེད་ཤེས་པ་དང་།གཉིད་ཁུག་པ།

སྟབས་བསྟུན་ནུས་པ་ཆེ་ལ། ཕྱི་རོལ་ཡུལ་གྱི་ཁོར་ཡུག་གི་འགྱུར་ལྡོག་རིགས་ལ་གདོང་གཏོད་ཐུབ་པ།

སྤྱིར་བཏང་གི་ཆམ་ནད་དང་རིམས་ནད་ལ་འགོག་ཤུགས་ལྡན་པ།

ལུས་པོའི་ལྗིད་ཚད་འོས་འཚམ་ཡིན་པ་དང་། ཡར་ལངས་པའི་དུས་ན་མགོ་བོ་དང་ཕྲག་པ། དཔུང་བའི་གནས་སྟངས་དོ་མཉམ་ཡིན་པ།

མིག་མདངས་གསལ་ཞིང་ཚོར་བ་སྐྱེན་པ་དང་མིག་ལྕིབས་ལ་གཉན་ཚད་རྒྱས་མེད་པ།

སོ་གཙང་མ་ཡིན་པ་དང་།སོ་རུལ་མེད་ལ་སོ་མི་ན་བ། སོ་ཁྲག་འབྱུང་བའི་སྣང་ཚུལ་མེད་པ།

སྐྲ་ལ་འོད་མདངས་ཡོད་པ།

ཤ་གནད་མོད་པ་དང་།ལུས་པོའི་སྐྱིད་པགས་ལ་ལྡེམས་ཤུགས་ཡོད་པ།

གོང་གི་ཚད་གཞི་བཅུ་ལས་བྱེ་བྲག་གི་སྒོ་ནས་བདེ་ཐང་གི་མཚན་ཉིད་གཏན་ལ་ཕབ་ཡོད་པར་མ་ཟད། བདེ་ཐང་ནང་འདུས་པའི་ལུས་པོ་དང་སེམས་ཁམས། སྤྱི་ཚོགས་ཕྱོགས་ཀྱི་ནང་དོན་ཡང་མངོན་པར་མཚོན་ཡོད།

བདེ་ཐང་གསལ་སྟོན་བྱེད་པའི་དམིགས་ཡུལ་ནི། སེམས་ཤུགས་ཀྱིས་སྤྱི་ཚོགས་ཀྱི་ལས་འགན་འཁུར་ཕོད་པ་དང་། བྱ་བ་ལྕི་རུང་འཚུབ་ཆ་དང་ངལ་དུབ་མེད་པ།

སེམས་ཁམས་ཀྱི་བདེ་ཐང་ནན་གྱིས་བསྟན་དོན་ནི། སྤྲོ་སྣང་རིང་ལུགས་ཀྱི་འདུ་ཤེས་དང་སྤྱི་ཚོགས་ཀྱི་འགན་ཁུར་འདུ་ཤེས། བརྩོན་སེམས་ལྡན་པ།

སྟབས་བསྟུན་ནུས་པ་ལྡན་དགོས་ཏེ། ཕྱི་རོལ་ཡུལ་གྱི་འགྱུར་ལྡོག་སྣ་ཚོགས་དང་མཐུན་པའི་ནུས་པ་ལྡན་དགོས་ལ། འགྱུར་བ་སྣ་ཚོགས་ཀྱི་གནས་སྟངས་ལས་བློ་རྩ་བརྟན་པོ་ཡིན་པ་རྒྱུན་འཁྱོངས་བྱ་དགོས།

ལུས་པོ་བདེ་ཐང་སྐོར་གྱི་ཚད་གཞི་འགའ་ལས་མངོན་པར་མཚོན་པ་ནི་ལུས་པོའི་ལྗིད་ཚད(ལུས་པོའི་ལྗིད་ཚད་འོས་འཚམ་ཡིན་ན་འཚོ་བཅུད་སྤྱོད་ཤེས་ཡིན་པ་མཚོན་ཐུབ)གཟུགས་གཞི། མིག སོ། ཤ་གནད་སོགས་ཡིན།

2.འགུལ་སྐྱོད་ཀྱིས་བདེ་ཐང་ལ་ནུས་པ་ག་ཙམ་ཐོན་གྱི་ཡོད།

ལུས་ཁམས་ཀྱི་སྟེང་ནས་བཤད་ན། ལུས་རྩལ་སྦྱངས་ན་མིའི་ལུས་པོའི་རུས་སྒྲོམ་དང་ཤ་གནད་རྒྱས་པར་ཕན་པས། ལུས་པོའི་རིམས་འགོག་ནུས་པ་ཇེ་མཐོར་འགྲོ་བ་དང་། གློ་སྙིང་གི་ནུས་པ་ཇེ་དྲག་ཏུ་གཏོང་བ། ཁྲག་གི་འཁོར་རྒྱུག་མ་ལག་དང་འབུགས་ལམ་མ་ལག འཇུ་བྱེད་མ་ལག་གི་ནུས་པ་ལེགས་བཅོས་བྱ་ཐུབ་པས། མིའི་ལུས་པོ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཕན་ལ། རིམས་འགོག་ནུས་པ་ཇེ་མཐོ་དང་ལུས་པོའི་འཕྲོད་ཤུགས་ནུས་པ་ཇེ་དྲག་ཏུ་གཏོང་བར་ཡང་ཕན་པ་ཡོད།

ལུས་རྩལ་སྦྱོང་བརྡར་ནི་གཟུགས་གཞི་བདེ་ཐང་ཡོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཡིན། ཚོ་འབུད་པའི་ནད་ཇེ་ཉུང་དུ་གཏོང་བ་དང་། རྒས་སླ་བ་དང་རྒས་མགྱོགས་པའི་ཉེན་ཁ་ཇེ་ཉུང་དུ་གཏོང་ཐུབ། ལུས་རྩལ་སྦྱོང་བརྡར་གྱིས་ད་རུང་དབང་རྩའི་མ་ལག་སྙོམས་སྒྲིག་བྱེད་པའི་ནུས་པ་ལེགས་སྒྱུར་བྱེད་ཐུབ་པ་དང་། དབང་རྩའི་མ་ལག་གིས་མིའི་ལུས་པོ་འགུལ་སྐྱོད་བྱེད་པའི་སྐབས་སུ་རྙོག་འཛིང་གི་འགྱུར་བ་འབྱུང་བར་བརྡར་ཤ་གཅོད་པའི་ནུས་པ་ཇེ་མཐོར་གཏོང་ཐུབ་པར་མ་ཟད། དུས་ཐོག་ཏུ་མཐུན་སྦྱོར་དང་ཡང་དག་པ། མགྱོགས་མྱུར་གྱིས་ཚོར་སྣང་བྱུང་ནས། མིའི་ལུས་པོ་ཕྱི་དང་ནང་གི་ཁོར་ཡུག་ལ་མཐུན་པ་དང་། ལུས་ཁམས་ཚེ་སྲོག་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་པ་རྒྱུན་འཁྱོངས་བྱ་ཐུབ།

སེམས་ཁམས་ཀྱི་སྟེང་ནས་བཤད་ན། ལུས་རྩལ་སྦྱོང་བརྡར་བྱས་ན་མིའི་ལུས་པོར་འཚུབ་ཆ་ལངས་པའི་བསམ་ཚུལ་སྙོམས་སྒྲིག་བྱེད་པའི་ནུས་པ་ལྡན་ལ། ལུས་ཁམས་དང་སེམས་ཁམས་ལེགས་སྒྱུར་བྱེད་པ་དང་། ལུས་ཤུགས་དང་སེམས་ཤུགས་སླར་གསོ་བྱེད་པའི་ནུས་པ་ལྡན་པས། རྒྱུན་པར་གཞུང་ལས་ཁང་དུ་ཙོག་རྒྱུར་དགའ་བའི་ལས་བྱེད་པ་དག་ལ་མཚོན་ན་འགུལ་སྐྱོད་བྱེད་པ་ནི་བདེ་ཐང་ཡོང་བའི་རྨང་གཞི་ཡིན། ལུས་རྩལ་སྦྱོང་བརྡར་བྱས་ན་ལུས་ཁམས་བདེ་ཐང་ཡོང་ཚད་ཇེ་མཐོར་བཏང་ནས་ཐང་ཆད་པའི་ལུས་པོ་ངལ་གསོ་ཐུབ་པ་དང་། སེམས་པ་སློབ་སྦྱོང་དང་བྱ་བའི་སྟེང་གཞོལ་ཐུབ་པས། ལུས་སེམས་གཉིས་ཀར་སྐྱིད་སྣང་འབྱུང་བ་དང་། གཉིད་ཁུག་པར་ཕན་པ། བྱ་བའི་གནོན་ཤུགས་ཇེ་ཉུང་དུ་གཏོང་ཐུབ། ལུས་ཕུང་སྦྱོང་བརྡར་བྱས་ན་བདེ་ཐང་གི་སེམས་ཁམས་རྒྱུན་འཁྱོངས་བྱེད་པ་དང་། སེམས་ཀྱི་གནོན་ཤུགས་ཇེ་ཡང་དུ་གཏོང་བ། མི་སྒེར་གྱི་བརྩོན་སེམས་རང་བཞིན་དང་། གསར་གཏོད་རང་བཞིན། རང་འགུལ་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱེད་ཐུབ་པར་མ་ཟད། ད་དུང་ཡིད་ཆེས་དང་རིན་ཐང་ལྟ་བ་ཇེ་མཐོར་བཏང་ནས་རང་གཤིས་འགྲིག་མཐུན་གྱི་ཁོར་ཡུག་ནང་བདེ་ཐང་དང་འཆམ་མཐུན་ངང་གོང་འཕེལ་འགྲོ་ཐུབ། ལུས་རྩལ་སྦྱོང་བརྡར་ཁྲོད་ཀྱི་ཐུན་མོང་རྣམ་གྲངས་དང་འགྲན་བསྡུར་ལས་མཐུན་སྒྲིལ་དང་མཐུན་སྦྱོར། དེ་མིན་ཐུན་མོང་རིང་ལུགས་ཀྱི་སྙིང་སྟོབས་གསོ་སྐྱོང་བྱ་ཐུབ། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།