ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ།

ཡོང་ཁུངས། : བདེ་ཆེན་བོད་ཡིག་ཚགས་པར།     སྤེལ་དུས། : 2019-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡༡༡༡༡༡.jpg

ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་ནི་འགོས་ནད་གང་འདྲ་ཞིག་ཡིན་ནམ།

ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་ནི་ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་ཀྱི་ནད་དུག་གིས་བསླངས་པའི་མྱུས་གཤིས་ཅན་དང་ཚ་ཤུགས་ཆེ་བ། ཚད་མཐོའི་འཕྲད་འབྲེལ་རང་བཞིན་བཅས་ཀྱི་སྲོག་ཆགས་ཀྱི་འགོས་ནད་ཅིག་ཡིན་པས་གོ་ལ་ཧྲིལ་པོའི་ཕག་གསོའི་ལས་རིགས་ལ་གནོད་འཚེ་ཚབས་ཆེན་ཕོག་གི་ཡོད།  རང་རྒྱལ་གྱིས་ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་དེ་སྲོག་ཆགས་ཀྱི་འགོས་ནད་རིགས་དང་པོར་བརྩིས་ཡོད།  འདི་ནི་ཕྱི་ནས་ཡོང་བའི་འགོས་ནད་དྲག་པོ་ཞིག་ཡིན་པ་དང་། དེའི་དུག་ཤེད་དྲག་པོས་ཕག་པར་ནད་ཕོག་ཚད་མཐོ་བ་དང་ཤི་ཚད100%ལ་གཏོང་ངེས་ཡིན།

ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་དེ་མིའི་སྟེང་དུ་འགོ་སྲིད་དམ།   

ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་ནི་མི་ཕྱུགས་གཉིས་ལ་ཕོག་པའི་ནད་ཅིག་མིན། ཕག་ནི་ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་ཀྱི་ནད་དུག་དེ་རང་བྱུང་དུ་གནས་ཐུབ་བྱེད་ཀྱི་རྒྱུ་གཅིག་པུ་དེ་ཡིན་ཞིང་། ཁྱིམ་གསོས་ཕག་པ་དང་ཕག་རྒོད་ལས་གཞན་སྲོག་ཆགས་གཞན་དག་ལ་ནད་དུག་དེ་མི་འགོས་པ་རེད། ནད་དུག་དེས་ཕག་གི་སྲོག་ལ་ཉེན་ཁ་བཟོ་སྲིད་ན་ཡང་།  མི་ལ་གནོད་འཚེ་གཏོང་མི་ཐུབ།  དེ་ནི་དཔེ་མཚོན་རང་བཞིན་ཅན་གྱི་ཕག་ལ་མ་གཏོགས་མི་ལ་མི་འགོས་པའི་ནད་དུག་ཅིག་རེད།   

ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་ལ་རིམས་འགོག་གི་བྱེད་ཐབས་ཡོད་དམ། 

ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་ལ་མིག་སྔར་ནུས་ལྡན་གྱི་རིམས་འགོག་སྨན་ཁབ་མེད་པས།   ནད་འགོས་པའི་ཕག་དེ་བསད་ནས་གཙང་བཟོའི་བྱེད་པའི་བྱེད་ཐབས་སྤྱོད་དགོས་ཀྱི་ཡོད།

ཨ་ཧྥེ་རི་ཁ་གླིང་གི་ཕག་གི་འགོས་ནད་ལ་ནད་རྟགས་ཅི་ཞིག་ཡོད་དམ།   

ཨ་ཧྥེ་རི་ཁའི་ཕག་གི་འགོས་ནད་ཀྱི་ནད་རྟགས་ནི་རྒྱུན་མཐོང་གི་ཕག་གི་འགོས་ནད་དང་འདྲ་མཚུངས་ཡིན་ཏེ། གལ་ཏེ་རི་བོང་གི་འགོས་ནད་ཕོག་ནས་ཕག་གི་འགོས་ནད་འགོ་མྱོང་བའི་ཕག་ལ་ནད་རྟགས་མེད་པར་གློ་བུར་དུ་ཤི་ཚད་ཇེ་མང་དུ་སོང་བ་དང་། ཡང་ན་ཕག་མང་པོར་གོམ་པའི་བསྐྱོད་སྟངས་རེངས་པོ་ཆགས་པ་དང་། དབུགས་འབྱིན་རྔུབ་དཀའ་བ། གསུས་པ་ན་བའམ་རྩ་འགག་པ།  བཤང་གཅིའི་ནང་ཁྲག་འདྲེས་པ། ཚིགས་སྐྲངས་པ། པགས་པ་ཁ་ཤས་རལ་ཟགས་དང་ཤི་འདྲུལ་སོགས་ཀྱི་ནད་རྟགས་བྱུང་ན། ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་ཡིན་པར་དོགས་པ་སྐྱེ་ཆོག  

 ༢༢༢༢༢.jpg

ཨ་ཧྥེ་རི་ཁའི་ཕག་གི་འགོས་ནད་བྱུང་ཚེ་ཇི་ལྟར་བྱེད་དགོས།

གསོ་ཚགས་དུད་ཚང་གིས་ཨ་ཧྥེ་རི་ཁའི་ཕག་ནད་ཀྱི་ནད་རྟགས་ཡོད་པ་ཤེས་རྟོགས་བྱུང་དུས།   སྐབས་ཐོག་ཏུ་ཕག་ཁྱུ་ཟུར་དུ་འགོག་དགོས་པ་དང་། ཕག་ཁྱུ་གནས་སྤོ་བྱ་རྒྱུར་ཚོད་འཛིན་བྱེད་དགོས་པ་མ་ཟད། འཕྲལ་མར་ས་གནས་དེ་གའི་རིམས་འགོག་པའམ་ཡང་ན་ས་གནས་དེ་གའི་ཕྱུགས་རིགས་སྨན་པའི་སྡེ་ཁག་ལ་བརྡ་ཐོ་གཏོང་དགོས་པ་དང་ཆབས་ཅིག་དུག་སེལ་ལས་དོན་ཡག་པོ་བསྒྲུབས་ནས་འབྲེལ་ཡོད་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་ཡག་པོ་བྱེད་པར་རམ་འདེགས་གནང་དགོས། འགོས་ནད་སྔོན་འགོག་པས་འགོས་ནད་གྲལ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། ནད་འགོ་བའི་ཕྱོགས་ལ་སྔ་མོ་ནས་དབྱེ་འབྱེད་བྱེད་དགོས། འགོས་ནད་ཡིན་པར་དོགས་པ་ཡོད་པ་ཤེས་ཚེ་གསོ་ཚགས་དུད་ཚང་ལ་གཞོགས་འདེགས་བྱས་ནས་ཕག་ཁྱུ་ལོགས་སུ་བཀར་བ་དང་གནས་སྤོ་ཚོད་འཛིན་བྱེད་དགོས་པ་མ་ཟད། དུག་སེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་གོང་ཞུ་བྱེད་དགོས།    བཤས་རའི་གཞུང་ཕྱོགས་ཀྱི་ཕྱུགས་རིགས་སྨན་པས་རྨེན་མདུད་སོགས་དབང་པོའི་ཕུང་གྲུབ་ཀྱི་ནད་རྟགས་གཙོ་གནད་ཐོག་གྲལ་བཤེར་བྱེད་དགོས་པ་དང་། ཕག་ནད་དང་འདྲ་བའི་ནད་རྟགས་ཡོད་པ་ཤེས་ཚེ་ལོགས་བཀར་དུག་སེལ་གྱི་བྱ་ཐབས་སྤྱོད་དགོས་པ་མ་ཟད། བླང་བྱ་གཞིར་བཟུང་ཁྲག་དཀག་འགོག་པ་དང་། ལྐོག་རྨེན། མཁལ་མ། རྨེན་མདུད་སོགས་ཀྱི་མ་དཔེ་འཚོལ་བསྡུ་བྱས་ནས་ཞིབ་བཤེར་བྱེད་དགོས།

མཁོ་བ་ལྔ་ནི།  གཅིག་ནས་སྒོ་རའི་ཕྱིའི་མི་སྣ་དང་རླངས་འཁོར་ཕག་གསོ་ར་བའི་ནང་དུ་འགྲོ་རྒྱུ་ཇེ་ཉུང་དུ་གཏོང་དགོས། གཉིས་ནས་མི་སྣ་དང་རླངས་འཁོར་ཕག་གསོ་ར་བའི་ནང་མ་འཛུལ་གོང་དུག་སེལ་མཐར་ཕྱིན་པ་བྱེད་དགོས། གསུམ་ནས་ཕག་ཁྱུ་ཕྱི་ལ་གཏོང་བ་དང་ནང་དུ་ཡོང་བར་དོ་དམ་ཡག་པོ་བྱེད་པར་ལག་བསྟར་བྱེད་དགོས། བཞི་ནས་ཕྱི་ནས་ནང་དུ་གསར་འདྲེན་བྱས་པའི་ཕག་པ་ལོགས་སུ་བཀར་དགོས། ལྔ་ནས་གཏན་འབེབས་ལྟར་འགོས་ནད་ཞིབ་བཤེར་བྱ་དགོས། 

མི་རུང་བ་བཞི་ནི། ཟ་ཁང་དང་ཐབ་ཚང་གི་བཤལ་ཆུ་དང་ཟས་ལྷག་སོགས་གད་སྙིགས་ཀྱིས་ཕག་པ་གསོ་མི་རུང་། ཕག་ལྟོ་གང་སར་མ་གཡུགས། ཁྱིམ་གསོས་ཕག་པ་དང་ཕག་རྒོད་བར་འབྲེལ་འདྲིས་བྱེད་དུ་འཇུག་མི་རུང་། འགོས་ནད་བྱུང་ཡོད་པའི་ས་ཁུལ་ནས་ཕག་པ་སྐྱེལ་འདྲེན་བྱ་མི་རུང་། དོགས་པ་ཅན་གྱི་ཕག་ནད་བྱུང་ཡོད་དུས་གསང་མི་རུང་།

༣༣༣༣༣༣.jpg

ཕྱོགས་བསྡོམས།      

གཅིག  སྐྱེ་དངོས་འཕེལ་འགྱུར་སྨྲ་བའི་ཐད་ནས་བཤད་ན།  སྐྱེ་དངོས་ཡོད་ཚད་ཀྱི་འཕེལ་འགྱུང་དང་སྤྱོད་པ་ཡོད་ཚད་འཚོ་གནས་ཀྱི་ཆེད་ཡིན་ཏེ།ཕག་པའི་ནད་འབུ་ཡང་དེ་ལས་མ་འདས། ཕག་ནི་ནད་འབུའི་འཚོ་སྡོད་གནས་གཅིག་པུ་ཡིན་པས་ནད་འབུས་ཕག་ཐད་ཀར་གསོད་པའི་ནུས་པ་མེད་མོད།འོན་ཀྱང་འབུས་ཕག་གི་ལུས་ཟུངས་ཉམས་པར་བྱེད་པས་ནད་རིགས་གཞན་སྣ་ཚོགས་ཀྱིས་ཕག་མང་བོ་ཤི་བར་བྱེད་སྲིད་པ་རེད།

གཉིས།ཕག་ནད་འགོས་པའི་ཁྱད་ཆོས། འགོས་ནད་འདིའི་རིགས་ལ་ཁྱད་ཆོས་འགའ་ཡོད་དེ་ཕག་གི་ཁ་ནང་དུ་རྨ་བྱུང་བ་དང་ཁོག་མི་བདེ་བ།ཚ་རྒྱག་པ། པགས་ནད་བྱུང་བ། སྐྱུག་ལོག་པ། རྐང་ལག་འཕར་བ་དང་ན་བ་སོགས་སྣ་ཚོགས་ཡོད་པ་རེད།

གསུམ། སྨན་ཁབ་ཀྱི་ཐད་ནས། ད་སྔའི་བར་ནད་རིགས་འདི་སེལ་བའི་སྨན་ཁབ་མེད་པས། ནད་རིགས་གཙང་སེལ་བྱེད་དགོས་ན་ཕག་གསོད་རྒྱུ་ལས་བྱེད་ཐབས་གཞན་མེད་པ་རེད།

བཞི། འགོག་བཅོས་ཀྱི་ཐད་ནས། རིམས་ནད་འདི་འགོག་ཐུབ་ལ་ཚོད་འཛིན་ཀྱང་བྱེད་ཐུབ་མོད།འོན་ཀྱང་གཙང་སེལ་ཐུབ་པའི་སྨན་བཅོས་བྱེད་མི་ཐུབ་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།