ཀྲུང་གོ་བོད་ཀྱི་དྲ་བ།

ཚ་སྨན་འཐུང་སྐབས་མཉམ་འཇོག་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཚ་བ་རྒྱས་པ་ནི་མིའི་ལུས་སྟེང་གི་སྲུང་སྐྱོབ་ནང་རྐྱེན་གལ་ཆེན་ཞིག་ཡིན། བྱིས་པའི་ཨ་མ་ལ་ལས་རང་གི་བྱིས་པ་ཆུང་ཆུང་ལ་ཚ་བ་རྒྱས་སྐབས་ཚ་སྨན་ལྡུད་ལ་ཚ་སྨན་བཏུངས་རྗེས་ཚ་འཇོག་ངེས་ཡིན། དེ་བས་བྱིས་པར་ཚ་བ་རྒྱས་དུས་མགྱོགས་མྱུར་ངང་ཚ་སྨན་འཐུང་དུ་འཇུག་པ་ནི་རྒྱུན་ལྡན་གྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད།  ཡིན་ནའང་། དེ་ལྟར་བྱས་ཚེ་སྣང་ཚུལ་རྫུན་མ་བཟོས་ཏེ་ནད་རྟགས་འགེབ་སྲུང་བྱས་པ་ལས་ནད་གཞི་དྲག་སྐྱེད་འབྱུང་དཀའ།

བྱིས་པ་ཆུང་ཆུང་ལ་མཚོན་ན། ཀླད་པ་འཚར་སྐྱེ་བྱུང་མེད་ལ། ལུས་དྲོད་ཚོད་འཛིན་བྱེད་པའི་ནུས་པ་ཞན་པས། བྱིས་པར་ལུས་ཚ་རྒྱས་པ་ལས་ནད་རྟགས་གཞན་པ་མེད་པའི་སྐབས་ཏེ། དཔེར་ན་ཆམ་ནད་དང་སིབ་བུའི་ནད། གློ་ཚད། སྨན་ལོག་འབྱུང་བ་སོགས་ཀྱི་སྐབས་སུ། ཚ་བ་རྒྱས་པ་ནི་བྱིས་པའི་ལུས་པོ་བདེ་ཐང་མིན་པའི་རྟགས་ཡིན། དེ་བས་ཚ་བ་རྒྱས་མ་ཐག་ཚ་སྨན་བླུད་ན་ལུས་པོའི་ནད་འགེབ་སྲུང་བྱས་ཏེ་ནད་ཀྱི་ངོ་བོ་ཤེས་དཀའ།

དེ་མིན་ད་རུང་། ཚ་སྨན་ཁ་ཤས་ལ་ཞོར་སྐྱོན་ཚབས་ཆེན་ཡོད་ལ། དཔེར་ན་ཨ་སི་ཕེ་ལིན(阿司匹林)ཞེས་པའི་སྨན་དེ་བཏུངས་རྗེས་བྱིས་པའི་ཟུངས་ཁྲག་འཁེངས་པ་དང་། ཚབས་ཆེན་ཡིན་དུས་སྐྱི་མོ་དང་གློ་བ་དང་ཀླད་པ་སོགས་ནས་ཁྲག་འབུད་པ་ཡིན། ཚ་སྨན་གཞན་པ་བཏུངས་ན་ད་དུང་ཀླད་པའི་ནང་དུ་ཆུ་གསོག་པ་དང་དབང་པོ་ཤོར་བ་སོགས་ཀྱི་ནད་རྟགས་འབྱུང་ངེས་པས། ཚ་བ་རྒྱས་མ་ཐག་ཚ་སྨན་འཐུང་བ་ནི་ལུས་པོ་ལ་གནོད་པ་ལྡན་པའི་བྱ་སྤྱོད་ཅིག་ཡིན།

དེ་བས་བྱིས་པར་ཚ་བ་རྒྱས་སྐབས་ཐོག་མར་ནད་ངོས་འཛིན་བྱས་རྗེས་ད་གཟོད་སྨན་བཅོས་བྱེད་དགོས། གལ་སྲིད་བྱིས་པར38℃མན་ཆད་ཀྱི་ཚ་བ་རྒྱས་ན་གང་ཐུབ་ཀྱིས་ཚ་སྨན་མ་བཏུངས་ན་བཟང་།  སྨན་བཅོས་བྱེད་དུས་ལྟ་རྟོག་ཞིབ་མོ་བྱེད་པ་ལས་གང་འདོད་དུ་ཚ་སྨན་འཐུང་དུ་འཇུག་མི་རུང་མོད། ཡིན་ཡང་བྱིས་པའི་ལུས་དྲོད39℃ཡན་ལ་སླེབས་ན་བྱིས་པའི་བདེ་ཐང་ལ་གནོད་པ་ཚབས་ཆེན་ལྡན་པས། གནས་ཚུལ་དེ་ལྟ་བུའི་འོག་སྨན་བཅོས་བྱེད་ཞོར་ཚ་སྨན་འཐུང་དུ་འཇུག་དགོས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།