ཀྲུང་གོ་བོད་ཀྱི་དྲ་བ།

འཕྲིན་ཕྲན་ནང་གི་ཁུག་དམར་འཕྲོག་སྐབས་མཉམ་འཇོག་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20160201034912730.jpg

དེང་སྐབས་མི་སུ་དང་སུ་ཞིག་ཡིན་རུང་སྐད་འཕྲིན་རྩེད་རྒྱུར་དགའ་ལ། སྐད་འཕྲིན་ནང་གི་ཁུག་དམར་འཕྲོག་རྒྱུར་དེ་བས་ཀྱང་དགའ། ཁུག་དམར་གང་སར“འཕུར”བའི་ལོ་གསར་གྱི་དུས་འདིར། ཁུག་དམར་ཁ་ཤས་ནི་གང་འདོད་དུ་འཕྲོག་མི་རུང་། རྒྱུ་མཚན་ནི་སྒོར་མོ་འཕྲོག་མི་ཐུབ་པར་མ་ཟད། ད་རུང་རང་ཉིད་ལ་གྱོང་གུན་ཐེབས་སྲིད། ཆ་འཕྲིན་བདེ་འཇགས་ཆེད་མཁས་པས་དྲན་སྐུལ་བྱས་པ་ལྟར་ན། གལ་ཏེ་མི་ཆ་མེད་ཀྱིས་ཁུག་དམར་བསྐུར་ཡོང་ན་གཏན་ནས་འཕྲོག་མི་རུང་བ་དང་། སྐད་འཕྲིན་ནང་གི་ཁུག་དམར་འཕྲོག་སྐབས་མི་སྒེར་གྱི་ཆ་འཕྲིན་འདོན་སྤྲོད་བྱེད་དགོས་ན། མགོ་སྐོར་གཏོང་བཞིན་པ་ཁོ་ཐག་ཡིན། གལ་ཏེ་སྟབས་མ་ལེགས་པར་དེ་མནན་ན་དུས་ཐོག་ཏུ་ལག་ཁྱེར་ཁ་པར་གྱི་དྲ་བའི་ཁ་རྒྱག་དགོས་པ་དང་། དེ་ནས་མྱུར་དུ་དྲ་བའི་དངུལ་བྱང་གི་གསང་གྲངས་སོགས་བརྗེ་དགོས་ལ། མཇུག་མཐར་ད་རུང་ཚད་ལྡན་གྱི་ཐབས་ལམ་བརྒྱུད་དེ་མུའུ་མ་དྲ་དུག་དེ་བསལ་དགོས་པ་རེད།

དཔེ་མཚོན་དང་པོ།

མི་ཆ་མེད་ཀྱིས་ཁུག་དམར་བསྐུར་ནོར་བར་བཤད་དེ་ཕྱིར་སློག་བྱེད་དགོས་པའི་རེ་འདུན་བཏོན་པར་ཡིད་ཆེས་བྱ་མི་རུང་།

ཉེ་ཆར་གཡང་མོ་སྐྱིད་དོན་དག་ཡ་མཚར་ཞིག་ལ་འཕྲད་བྱུང་། མི་ཆ་མེད་ཅིག་གིས་མོར་སྐད་འཕྲིན་ཁུག་དམར་བསྐུར་ཡོང་བས། མོས་སུ་ཡིན་དྲིས་པ་ན། ཕ་རོལ་པོས་ཁུག་དམར་བསྐུར་ནོར་བྱུང་བས། མོར་དང་ལེན་བྱས་རྗེས་ཕྱིར་སློག་རྒྱུའི་རེ་བ་བཏོན། ཕ་རོལ་པོས་བསྐུར་ཡོང་བའི་རེ་བ་དེ་མཐོང་རྗེས། མོས་ཕ་རོལ་པོར་མོས་ཁུག་དམར་དེ་དང་ལེན་བྱེད་རྒྱུ་མིན་ལ། གལ་ཏེ་མོས་དང་ལེན་མ་བྱས་ན། ཕྱི་ཉིན་ཁུག་དམར་རང་འགུལ་གྱིས་ཕྱིར་སློག་བྱེད་འགྲོ་བར་བཤད།

བསམ་ཡུལ་ལས་འདས་པ་ལ་ཕ་རོལ་པོས“སྒོར་མོ་བྱིན་ན་མི་དགོས་པའི་གླེན་མ་ཕག་འདྲ་བོ”ཞེས་འཕྱ་སྨོད་བྱས་བྱུང་། དེ་བས་གཡང་མོ་སྐྱིད་ཀྱིས་སེམས་ནས་ཁུག་དམར་དེར་གནད་དོན་ཡོད་པ་ཐག་བཅད། རྗེས་སུ་མོས་གནས་ཚུལ་དེ་གྲོགས་པོ་ཞིག་ལ་བཤད་པ་ན། གྲོགས་པོས་ཁྱོད་ཀྱིས་ཁུག་དམར་དེའི་ཁ་མ་ཕྱེ་བ་ནི་འགྲིག་འདུག དེ་མིན་ན་ལག་ཁྱེར་ཁ་པར་ལ་དྲ་དུག་ཕོག་སྟེ། ཁྱོད་ཀྱིས་ཁུག་དམར་བསྐུར་བའི་སྐབས་སུ་སྐད་འཕྲིན་གཏོང་སྤྲོད་གསང་གྲངས་ཕྱི་རུ་ཤོར་ཟིན་པས། མགོ་སྐོར་གཏོང་མཁན་གྱིས་ཁྱེད་ཀྱི་ལག་ཁྱེར་དངུལ་བྱང་སྟེང་གི་སྒོར་མོ་གཡོ་ལེན་བྱེད་ཐུབ་ཟེར།

དྲན་སྐུལ།

གལ་ཏེ་མི་ཆ་མེད་ཀྱིས་ཁུག་དམར་བསྐུར་ཡོང་ན་གཏན་ནས་ལེན་མི་རུང་བ་དང་། གལ་ཏེ་སྟབས་མ་ལེགས་པར་དེ་མནན་ཟིན་ན་དུས་ཐོག་ཏུ་ལག་ཁྱེར་ཁ་པར་གྱི་དྲ་བའི་ཁ་རྒྱག་དགོས་པ་དང་། དེ་ནས་མྱུར་དུ་དྲ་བའི་དངུལ་བྱང་གི་གསང་གྲངས་སོགས་བརྗེ་དགོས་ལ། མཇུག་མཐར་ད་རུང་ཚད་ལྡན་གྱི་ཐབས་ལམ་བརྒྱུད་དེ་མུའུ་མ་དྲ་དུག་དེ་བསལ་དགོས།

དཔེ་མཚོན་གཉིས་པ།

ཁུག་དམར་འཕྲོག་སྐབས་སྒེར་གྱི་ཆ་འཕྲིན་བསྐང་དགོས་ན་གཏན་ནས་ལེན་མི་རུང་།

སྐལ་བཟང་སྐྱིད་ཉེ་ཆར་སྐད་འཕྲིན་ཁུག་དམར་གྱི་མགོ་སྐོར་འོག་ཏུ་ཚུད་པ་རེད། མི་གཞན་པ་ཞིག་གིས་ནང་འཇུག་བྱས་འོག་མོ་ཚོགས་པ་ཞིག་གི་ནང་ཞུགས་པ་དང་། ནང་དུ་ཞུགས་མ་ཐག་ཏུ་དྲ་གྲོགས་ཀྱིས་བསྐུར་ཡོང་བའི་དགའ་བསུའི་ཁུག་དམར་འབྱོར། མོས་ཀྱང་འདང་མང་པོ་མ་བརྒྱབ་པར་ཁུག་དམར་དང་ལེན་བྱས་པ་རེད།

ཡ་མཚན་དགོས་པ་ཞིག་ནི་སྔོན་ཆད་སྐད་འཕྲིན་ཁུག་དམར་ཕྲོགས་རྗེས། ཁུག་དམར་ནང་གི་སྒོར་མོ་ཐད་ཀར་སྐད་འཕྲིན་སྒོར་ཁུག་ནང་དུ་འཇོག་པ་ཡིན་མོད། འོན་ཀྱང་ཐེངས་དེའི་ཁུག་དམར་ལེན་སྐབས་སྒེར་གྱི་ཆ་འཕྲིན་བསྐང་དགོས་པའི་དྲན་སྐུལ་བྱས། ཁུག་དམར་ནང་དུ་སྒོར100ཡོད་པ་མཐོང་བས་སྐལ་བཟང་སྐྱིད་ཀྱིས་ཀྱང་སྒེར་གྱི་ཆ་འཕྲིན་བསྐངས་པར་མ་ཟད།སྐད་འཕྲིན་སྒོར་ཁུག་གི་གསང་གྲངས་ཀྱང་བསྐངས་པ་རེད། ཅང་མ་འགོར་བར་སྐལ་བཟང་སྐྱིད་ཀྱི་ཁ་པར་སྟེང་དུ་སྒོར100གཏོང་སྤྲོད་བྱས་ཟིན་པས་འཕྲིན་ཐུང་འབྱོར་བས། སྐལ་བཟང་སྐྱིད་ཀྱིས་ད་གཟོད་རང་ཉིད་གཡོ་འོག་ཏུ་ཚུད་པ་ཤེས།

དྲན་སྐུལ།

ཁུག་དམར་འཕྲོག་པའི་སྐབས་སུ། གལ་ཏེ་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་དང་དངུལ་བྱང་གི་ཨང་གྲངས། ཁ་པར་ཨང་གྲངས་སོགས་ཆ་འཕྲིན་གལ་ཆེན་འདོན་སྤྲོད་བྱེད་དགོས་ན། གཏན་ནས་ཡིད་ཆེས་བྱ་མི་རུང་། རྒྱུ་མཚན་ནི་ཚད་ལྡན་གྱི་སྐད་འཕྲིན་ཁུག་དམར་ནི་མནན་རྗེས་ཐད་ཀར་བླངས་ཆོག་པར་མ་ཟད། རང་འགུལ་གྱིས་སྐད་འཕྲིན་སྒོར་ཁུག་ནང་དུ་བཞག་ཡོད་པས་སྒེར་གྱི་ཆ་འཕྲིན་འདོན་སྤྲོད་བྱེད་མི་དགོས་སོ། །

དཔེ་མཚོན་གསུམ་པ།

སྐད་འཕྲིན་དྲ་གྲོགས་རྫུན་མ་མང་བས་ཟུར་མཆན་མིང་ངོ་མ་འགོད་དགོས།

ཉིན་ཞིག་དཔལ་ལྡན་ལ་སྐད་འཕྲིན་གྲོགས་པོས་བསྐུར་བའི་ཁུག་དམར་འབྲེལ་མཐུད་ཅིག་འབྱོར། ཁ་ཕྱེ་རྗེས་སྒོར500ཡི་དངུལ་ཚབ་འཛིན་ཤོག་ཐོབ་ཡོད་པ་མཐོང་བས། དཔལ་ལྡན་གྱི་སེམས་ལ་དེ་ནི་གྲོགས་པོས་ཁོ་ལ་བསྐུར་བ་ཡིན་པས་ཡིད་ཆེས་བྱ་ཆོག་སྙམ་ནས། སེམས་བདེ་མོས་ངང་དྲ་ཚིགས་སྟེང་གི་མཛུབ་སྟོན་ལྟར་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་ཨང་གྲངས་དང་ཁ་པར་ཨང་གྲངས། སྐད་འཕྲིན་རྩིས་ཐོ་སོགས་ཀྱི་སྒེར་གྱི་ཆ་འཕྲིན་བསྐངས་རྗེས་ཡར་སྤྲད་པ་རེད། སྐར་མ་འགའ་འགོར་རྗེས་ཁོར་དངུལ་ཁང་གི་རྩིས་ཐོ་བསྒྱུར་བའི་འཕྲིན་ཐུང་འབྱོར་བ་དང་། དངུལ་བྱང་སྟེང་གི་སྒོར་ཁྲི་གཅིག་སྤོ་བསྒྱུར་བྱས་ཟིན་པ་རེད། མཇུག་མཐར་རྩད་བཅད་པ་ན་གྲོགས་པོ་དེ་ནི་གྲོགས་པོ་རྫུན་མ་ཞིག་རེད།

དྲན་སྐུལ།

སྐད་འཕྲིན་གྲོགས་པོ་ནང་འཇུག་བྱེད་སྐབས། “ཟུར་མཆན་མིང་བསྒྱུར་བ”ཞེས་པ་དེའི་ནང་དུ་མིང་ངོ་མ་འགོད་དགོས། དེ་ལྟར་བྱས་ན་མགོ་སྐོར་མཁན་གྱིས་ཁོའི་མགོ་པར་དང་རུས་མིང་སོགས་གཡོ་སྤྱོད་བྱས་ནའང་མྱུར་དུ་ཤེས་ཐུབ་ལ། དེ་མིན་ད་རུང་སྐད་འཕྲིན་སྟེང་དུ་འབྲེལ་བ་གསལ་པོར་མ་བཀོད་ན་བཟང་། དཔེར་ན་ཕ་མ་དང་གཅེན་གཅུང་། སློབ་གྲོགས། ལས་གྲོགས་སོགས་ཀྱི་འབྲེལ་བ་གསལ་པོར་བཀོད་ན། ཉེས་བསགས་མཁན་ལ་སྟབས་བདེ་བཟོས་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།