ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་པར་གཟེངས་བསྟོད་བྱེད་པའི་ཐབས་ལམ་ཡང་དག་པ་བརྒྱད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-05-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྱོད་དངོས་གནས་ངར་བ་རེད།  བསྒྲུབས་པ་བཟང་གི  དངོས་གནས་སྐྱེས་ཐོབ་ཅན་ཞིག་རེད་སོགས་འདི་ལྟ་བུའི་བསྟོད་བསྔགས་ཀྱི་སྐད་ཆ་དུས་རྒྱུན་དུ་བཤད་ན།  ཁྱོད་ལ་ནོར་འཁྲུལ་བྱུང་གིན་ཡོད་པ་རེད།  མྱུར་དུ་བྱིས་པར་གཟེངས་བསྟོད་བྱ་ཐབས་ལ་སློབ་སྦྱོང་བྱ་རོགས།

དང་བོ།  དངོས་ཡོད་ཀྱི་གཟེངས་བསྟོད།

བསམ་བློ་ཞིབ་མོ་ཞིག་ཐོངས་དང་ཁྱོད་ཀྱིས་གཟེངས་བསྟོད་བྱས་པ་ཡིས་བརྡ་འཕྲིན་ཅི་འདྲ་ཞིག་བརྒྱུད་སྤྲོད་བྱེད་འདོད་པ་ཡིན།  ནམ་རྒྱུན་བསྟོད་བསྔགས་བྱེད་པའི་དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྤྱོད་བཟང་ལ་ཡར་སྐུལ་བྱེད་རྒྱུ་དེ་ཡིན་པ་རེད།  དེའི་རྐྱེན་གྱིས་གཟེངས་བསྟོད་ལའང་གནད་དོན་དངོས་ལ་དབྱེ་ཞིབ་དངོས་སུ་བྱེད་དགོས་པ་སྟེ།  དཔེར་ན་ཁྱོད་ཀྱིས་ཐོག་མཐའ་བར་གསུམ་དུ་ཨ་མ་ལ་དངོས་ཟོག་སྐྱེལ་རོགས་བྱས་པས་ཧ་ཅང་དཀའ་སོང་དང་།  ཡང་ན་ཁྱོད་རང་ཉིད་ཀྱིས་ལྷམ་གོན་ཐུབ་སོང་ལྟ་བུ།  རི་མོ་འདི་ཁྱོད་ཀྱིས་ཧ་ཅང་གཟབ་ནན་སྒོས་སྔ་དྲོ་གཅིག་ལ་བྲིས་སོང་ལྟ་བུ་བརྗོད་དགོས་པ་ལས་ཁྱོད་ཀྱིས་བསྒྲུབས་པ་བཟང་གི་དང་ཁྱོད་ངོ་མ་ངར་བ་རེད་སོགས་ཚང་མ་རག་བསྡུས་བྱས་ནས་བརྗོད་རྒྱུ་མེད།

གཉིས་པ།  ཧུར་བརྩོན་བྱེད་པ་ནན་དུ་འཛིན་པའི་བསྟོད་བསྔགས།

དོན་དག་གི་བརྒྱུད་རིམ་དང་དེ་ལ་བཏོན་པའི་འབད་བརྩོན་བཅས་གཙུག་ཏུ་འཛིན་པ་ལས་གྲུབ་འབྲས་རྐྱང་རྐྱང་ལ་མི་ལྟ་བ་ནི་ཆེས་གཟེངས་སུ་ཐོན་པའི་བསྟོད་བསྔགས་བྱེད་ཐབས་དེ་ཡིན་ལ།  གྲུབ་འབྲས་ལ་བསྟོད་བསྔགས་བྱས་ཀྱང་རིན་ཐང་ཆེན་པོ་མེད་པ་རེད། བུ་ཕྲུག་མདུན་སྐྱོད་བྱེད་པར་སྐུལ་མ་བྱེད་པ་ནི་ནུས་ལྡན་གྱི་སྐུལ་མ་བྱེད་སྟངས་དེ་ཡིན་ཞིང་། ཁོས་རང་ཉིད་ལ་སྐུལ་འདེད་བྱེད་ཤེས་དགོས་པ་ལས་ཁྱོད་ཀྱི་ཁས་ལེན་ཙམ་ཐོབ་ཆེད་བྱ་བ་སྒྲུབ་པ་དེ་མ་ཡིན།  དཔེར་ན།  ཁྱོད་ཀྱིས་ཁང་བ་བཟོ་སྐྲུན་བྱས་པ་ཅི་འདྲའི་མཐོ་ཨང་། ད་དུང་ཁྱོད་ཀྱིས་འདི་འདྲའི་རྡོ་རྡོག་མང་བོ་བརྩིགས་པ་ཅི་འདྲའི་གྲལ་འགྲིག་པ་ལ་ཨང་། འདི་ལྟ་བུའི་བསྔགས་བརྗོད་ནི་བྱིས་པར་མཚོན་ན་དོན་དངོས་ཀྱི་སྐུལ་ལྕག་དེ་ཡིན་པ་རེད།

གསུམ་པ།  ཉིད་ནས་གཟེངས་བསྟོད་འགོ་རྩོམ་པར་བྱ།

འདི་ལྟར་བཤད་པ་ཡིས་བྱིས་པས་རང་ཉིད་ལ་ལྟ་ཞིབ་བྱེད་པར་ཕན་པ་ཡོད་ལ། རང་ཉིད་ཀྱི་གྲུབ་འབྲས་ལ་གཟི་བརྗིད་སྐྱེ་སྲིད།  བྱིས་པར་མཚོན་ན་གྲུབ་འབྲས་ཐོབ་པའི་བསམ་པ་དང་སྤོབས་སེམས་ཀྱིས་མུ་མཐུད་དུ་འབད་བརྩོན་བྱེད་པར་ཡར་སྐུལ་ཐེབས་ནས་རྒྱལ་ཁ་ཐོབ་ཐུབ་པ་རེད།

བཞི་བ།  ཕན་འབྲས་ལ་གཟེངས་བསྟོད་བྱེད་པ་གཙུག་ཏུ་འཛིན་པ།

གལ་ཏེ་བྱིས་པས་གཞན་པར་རོགས་རམ་བྱས་པ་ཡིན་ན།  གཟེངས་བསྟོད་ཀྱི་གཙོ་གནད་ནི་དོན་དག་དེ་དག་བྱུང་བའི་ཕན་འབྲས་ལ་འཇོག་དགོས།  དཔེར་ན་ཁྱོད་ཀྱིས་ལྗིད་འདེགས་རླངས་འཁོར་ཀུའོ་ཀུའོ་ལ་རྩེ་རུ་བཅུག་པས་ད་ལྟ་ཁོ་ཧ་ཅང་དགའ་སྤྲོ་སྐྱེ་བཞིན་པ་ལ་ལྟོས་དང་ལྟ་བུ།

ལྔ་པ།  དམིགས་པ་ཡོད་པའི་གཟེངས་བསྟོད།

ངས་ཁྱོད་ལ་ཐེངས་གཅིག་བོས་ན་ཁྱོད་ངའི་འདི་ཕྱོགས་ལ་སླེབས་ན།  འདིས་ང་ལ་དུས་ཚོད་གྲོན་ཆུང་གང་མང་བྱེད་ཐུབ་པར་ཕན་འདུག  འདི་ལྟར་བཤད་རྗེས་བྱིས་པས་ཁྱོད་ཀྱིས་བོས་ཀྱང་ཨ་ལན་མི་སྟེར་བར་འཚེར་སྣང་འབྱུང་སྲིད།

དྲུག་པ།  རང་སྣང་གིས་བརྡར་ཤ་བཅད་པའི་གཟེངས་བསྟོད་མི་འདུ་བར་བྱེད་དགོས།

དཔེར་ན་ཁྱོད་ཀྱིས་བྲིས་པའི་བྱ་དེ་འབྲི་ཤོག་ངོས་ནས་འཕུར་ཡོང་བ་དང་འདྲ་བོ་འདུག་ཟེར་བ་ལས་ཁྱོད་ཀྱིས་བྲིས་པའི་བྱ་དེ་ངའི་བློ་ལ་ཧ་ཅང་འབབ་ཀི་ཞེས་བརྗོད་པས་བཟང་།  བྱིས་པར་བསྟོད་པ་བྱས་པ་བརྒྱུད་ནས་ཁོ་རང་ཉིད་ཀྱི་བསྒྲུབས་པའི་བྱ་བ་བཟང་བར་འདོད་དགོས་པ་ལས་ཨ་མའི་གཟེངས་བསྟོད་བཟང་བར་འདོད་པ་དེ་མ་ཡིན།

བདུན་པ།  སྐད་ཆ་འདྲི་ཐབས་ཀྱི་གཟེངས་བསྟོད།

སྐབས་ལན་རེར་ཁྱོད་ཀྱིས་སེམས་ཁུར་དང་བཅས་བྱིས་པར་སྐད་ཆ་འདྲི་བ་དེས་གཟེངས་བསྟོད་གཞན་གང་ལས་ཀྱང་ཁྱོད་ཀྱིས་བྱིས་པར་དགའ་བོ་བྱེད་པ་དང་ཁོས་བསྒྲུབས་པའི་བྱ་བ་ལ་བརྩི་འཇོག་བྱེད་པ་མངོན་ཐུབ་པ་རེད་ལ།  འདི་ལྟ་བུའི་སྐད་ཆ་འདྲི་བ་ལས་མངོན་པའི་སེམས་ཁུར་དེ་བྱིས་པར་མཚོན་ན་ཆེས་བཟང་བའི་དགའ་རྟགས་དེ་ཡིན་པ་རེད། དཔེར་ན་མཁར་རྫོང་འདི་ལས་ཆེས་བཟོ་སྐྲུན་བྱེད་དཀའ་བ་དེ་གང་རེད་འདུག་ལྟ་བུ་དང་། ཡང་ན་ཁྱོད་ཀྱི་རི་མོ་དག་ལས་ཁྱོད་ཆེས་དགའ་སའི་ཁ་དོག་དེ་གང་རེད་ལྟ་བུ།

བརྒྱད་པ།  ཧ་ཅང་བཟང་གི་དང་དངོས་གནས་ངར་བ་རེད་སོགས་ཀྱི་གཟེངས་བསྟོད་བྱེད་སྟངས་ཇེ་ཉུང་དུ་གཏོང་བ།

སྟབས་བདེ་ཡི་སྐད་ཆ་འདི་དག་སྐབས་རེར་ང་ཚོ་མི་ཆེན་དག་གིས་རང་རྟོགས་མེད་པར་བྱིས་པ་སླ་བཅོས་བྱེད་ཐབས་ཡིན་པ་རེད་ལ།  དེ་ནི་ཇི་ཙམ་མང་ནའང་བརྡར་ཤ་གཅོད་ཐབས་ཀྱི་གཟེངས་བསྟོད་ཙམ་ཡིན་པ་རེད།  འདི་ལྟ་བུའི་བརྡར་ཤ་གཅོད་ཐབས་ཀྱི་གཟེངས་བསྟོད་བྱས་པ་ཡིས།  བྱིས་པའི་དངོས་ཡོད་ནུས་པ་སྣང་མེད་དུ་འཇོག་སྲིད་པ་རེད།  སྐད་ཆ་དེ་བསྟུད་མར་བཤད་པ་མང་ན།  བྱིས་པར་ངས་བྱ་བ་ཅི་བསྒྲུབས་ཀྱང་ཧ་ཅང་ངར་བ་དང་།  ཡང་དག་ཡིན་པའི་ཚོར་སྣང་ཞིག་ལོབས་པར་འགྱུར་སྲིད་ལ།  དུས་ཡུན་རིང་བོ་འགོར་བ་དང་བྱིས་པས་ནམ་རྒྱུན་མི་ཆེན་ལ་བརྟེན་ནས།  རང་ཉིད་ལ་འགྲིག་མིན་དང་བཟང་ངན་བཤད་དུ་འཇུག་པ་དང་སྦྲགས།  མི་ཆེན་དང་ངོ་དགའ་བྱེད་པ་དང་མི་ཆེན་གྱི་དང་བ་འདྲེན་པའི་རེ་བ་བྱེད་པའི་གོམས་གཤིས་ཆགས་པར་འགྱུར་བ་དང་། ཁོས་རང་ཉིད་ཀྱི་རིན་ཐང་ཚད་འཇལ་བྱེད་ནི་གཞན་པར་སྤྲོ་སེམས་སློང་ཐུབ་མིན་ལ་འགྱུར་སྲིད། ཁ་གསལ་བོར་བཤད་ན་བརྡར་ཤ་གཅོད་ཐབས་ཀྱི་གཟེངས་བསྟོད་ཀྱིས་བྱིས་པས་ཕྱི་རོལ་ཡུལ་གྱི་ཁས་ལེན་ཐོབ་པ་གཙུག་ཏུ་འཛིན་ཡང་།  ནང་སེམས་ཀྱི་བྱ་བ་སྒྲུབ་པའི་སྤྲོ་སེམས་ལ་སྐུལ་འདེད་ཐེབས་མི་སྲིད་པ་དང་།  རང་ཉིད་ལ་སྐུལ་འདེད་བྱེད་མི་ཤེས་པར་འགྱུར་བ་རེད།  བྱིས་པར་རང་ཉིད་རང་གི་ཤན་འབྱེད་པ་དང་རང་ཉིད་ཀྱི་ངར་སློང་རུ་དཔོན། རང་ཉིད་ཀྱི་གཙོ་ཁྲིད་པ་བྱེད་པར་སློབ་སྦྱོང་བྱེད་པའི་དགོས་མཁོ་ཡོད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།