ཀྲུང་གོ་བོད་ཀྱི་དྲ་བ།

ས་འགུལ་སྐབས་ཀྱི་རྒྱུན་ཤེས་སྐོར་ཞིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.ས་འགུལ་ནི་རང་བྱུང་གི་སྣང་ཚུལ་ཞིག་ཡིན།དེ་ནི་ས་ཤུན་སྟེང་གི་བྲག་རྡོ་སྤོ་འགུལ་གས་ཆག་བྱུང་སྟེ་ནུས་ཚད་ཕྱིར་བཏོན་ནས་བྱུང་བའི་ས་ངོས་ཀྱི་འདར་འགུལ་ལ་ཟེར།

2.ས་འགུལ་ལ་དབྱེ་ན་ས་རིམ་འགུལ་འགྱུར་གྱི་ས་འགུལ་དང་མེ་རིའི་ས་འགུལ།རྡིབ་པའི་ས་འགུལ།འབྱུང་རྐྱེན་གྱིས་བྱུང་དུ་བཅུག་པའི་ས་འགུལ།མིས་བཟོས་ས་འགུལ་བཅས་ཡོད།ས་འོག་གཏིང་ཟབ་སའི་རྡོ་ཡི་རིམ་པ་སྤོ་འགུལ་བྱུང་སྟེ།གས་ཆག་ཏུ་གྱུར་བར་རྐྱེན་བྱས་ནས་ས་འགུལ་བྱུང་བ་ལ་ས་རིམ་འགུལ་འགྱུར་གྱི་ས་འགུལ་ཟེར།ས་འགུལ་འདིའི་རིགས་བྱུང་བ་ཆེས་མང་ཞིང་།གནོད་སྐྱོན་ཐེབས་ཚད་ཆེས་ཆེ་བ་ཡིན་ལ།ས་འགུལ་འདིའི་རིགས་བྱུང་ཚད་ཀྱིས་ཕལ་ཆེར་འཛམ་གླིང་གི་བརྒྱ་ཆའི་དགུ་བཅུའི་ཡན་ཟིན་ཡོད།

3.གཡོ་རིམ་ནི་ས་འགུལ་གྱི་ཆེ་ཆུང་གི་ཚད་ལ་ཟེར་ཞིང་།ས་འགུལ་གྱིས་ནུས་ཚད་ཕྱིར་བཏོན་པའི་མང་ཉུང་མཚོན་པ་ཡིན།གཡོ་རིམ་གྱི་ཆེ་ཆུང་ནི་ཡོམ་གནས་ཀྱི་ས་འགུལ་རླབས་རིས་ཤུགས་དྲག་ཡིན་མིན་དང་འབྲེལ་བ་ཡོད།

4.ས་གཡོའི་གཏོར་ཚད་ཀྱིས་ས་འགུལ་ཞིག་གིས་ས་ཁུལ་ག་གེ་མོར་ཆ་སྙོམས་ཀྱིས་གཏོར་བརླག་ཐེབས་པའི་ཤུགས་རྐྱེན་དྲག་ཞན་ཡིན་མིན་གྱི་ཚད་གཞི་མཚོན་པ་ཡིན།འགུལ་ལྟེ་དང་ཐག་ཉེ་བའི་གནས་སུ་ས་གཡོའི་གཏོར་ཚད་ཆེས་མཐོ་བ་དང་གཏོར་སྐྱོན་ཆེས་ཆེ་བ་ཡིན།དེ་ལས་ལྡོག་ན་ས་གཡོའི་གཏོར་ཚད་དམའ་ཞིང་གཏོར་སྐྱོན་ཡང་ཆུང་བའོ།།

5.ས་འགུལ་གྱི་གྲུབ་ཆ་གསུམ་ནི།ས་འགུལ་བྱུང་བའི་དུས་ཚོད་དང་ས་འགུལ་བྱུང་སའི་ས་གནས།གཡོ་རིམ་གྱི་ཆེ་ཆུང་བཅས་ལ་ས་འགུལ་གྱི་གྲུབ་ཆ་གསུམ་ཟེར་བ་ཡིན།

6.ས་འགུལ་སྔོན་འགོག་གི་དྲག་ཚད་ནི་ས་ཁུལ་ཅིག་ཏུ་ས་འགུལ་བྱུང་ཚད་ལ་བལྟས་པའི་ས་འགུལ་གྱི་དྲག་ཚད་ལ་ཟེར།ས་འགུལ་སྔོན་འགོག་གི་དྲག་ཚད་ནི་འཛུགས་སྐྲུན་ཁང་བ་ཡོད་པའི་ས་ཁུལ་གྱི་རྩ་བའི་དྲག་ཚད་དང་།འཛུགས་སྐྲུན་ཁང་བའི་གལ་ཆེན་རང་བཞིན་གྱི་ཚད་གཞི་སོགས་ཕྱོགས་ཡོངས་ལ་བསམ་གཞིགས་བཏང་རྗེས།ཇུས་འགོད་ཀྱི་སྐབས་སུ་བཀོལ་བའི་དྲག་ཚད་ལ་ཟེར།

7.ཁང་བས་ས་འགུལ་སྔོན་འགོག་ནུས་པ་ཐག་གཅོད་པའི་རྒྱུ་རྐྱེན་ནི།ཁང་བའི་གཏིང་གཞི་དང་ཁང་བའི་དབྱིབས་གཟུགས།ཁང་བའི་བཟོ་བཀོད་ཀྱི་རྣམ་པ།ཁང་བ་ལས་པའི་རྒྱུ་སྤུས།ཁང་བ་འཛུགས་སྐྲུན་གྱི་རྒྱུ་ཆ་སོགས་སོ།།

8.ས་འགུལ་གྱི་བབ་བསྟུན་མྱུར་སྐྱོབ་ནི།ས་འགུལ་མ་བྱུང་སྔོན་གྱི་གྲ་སྒྲིག་སྣ་ཚོགས་དང་།ས་འགུལ་བྱུང་རྗེས་ཉེན་སེལ་མྱུར་སྐྱོབ་ཀྱི་བྱ་འགུལ་ལ་ཟེར།

9.རྒྱུན་ལྡན་དུ་ཁྱིམ་གྱིས་གྲ་སྒྲིག་བྱས་པའི་བབ་བསྟུན་མྱུར་སྐྱོབ་ཁུག་མའི་ནང་དུ་ཡོད་འོས་པ་ནི།པུ་པུ།ལག་སྒྲོན།གཏེར་ཆུ།སྟབས་བདེའི་ཟས་རིགས།འཁྱེར་བདེ་བའི་སྒྲ་སྡུད་འཕྲུལ་ཆས།མེ་ཆ།ཁྲག་གཅོད་བྱེད་ཀྱི་སྨན།ན་ཟུག་འཇོག་བྱེད་ཀྱི་སྨན།དུག་སེལ་གྱི་སྨན།དུག་འབུ་སེལ་བྱེད་ཀྱི་སྨན།མྱུར་སྐྱོབ་ཀྱི་ཁུག་མ་སོགས་ཡོད།

10.ས་འགུལ་སྔོན་བརྡའི་མཚོན་རྟགས།༡ས་གཡོའི་ལྟེ་བའི་བར་ཐག་ངེས་ཅན་ཞིག་གི་ཁྱབ་ཁོངས་སུ་འཕྲེད་རླབས་དང་ཞེང་རླབས་ཐོན་པའི་དུས་ཀྱི་ཧེ་བག་ནི།ཞེང་རླབས་སྔོན་ལ་ས་ངོས་སུ་ཐོན་པ་དང་།མི་རྣམས་ཀྱིས་སྟེང་འོག་ཏུ་འདར་བཞིན་ཡོད་པ་ཚོར་ཐུབ་ཅིང་།དེའི་འཕྲོར་འཕྲེད་རླབས་ཐོན་པ་ཚོར་ནས་གཡས་གཡོན་དུ་འདར་འགུལ་བྱེད་ཀྱིན་པ་ཚོར་ཐུབ་བོ།།

11.ས་གཡོའི་སྔོན་བརྡའི་མཚོན་རྟགས།༢ང་ཚོས་སྔོན་དུ་ཐོན་པའི་ཞེང་རླབས་ལ་ས་འགུལ་གྱི་སྔོནབརྡའི་མཚོན་རྟགས་སུ་བལྟས་ཆོག་ལ།གལ་ཏེ་དུས་ཐུང་ངུའི་སྔོན་བརྡའི་དུས་ཚོད་ནང་དུ་ས་འགུལ་གྱི་སྔོན་བརྡའི་མཚོན་རྟགས་ལྟར་དུ།གཏོར་སྐྱོན་རང་བཞིན་སྔར་ལས་ཚབས་ཆེ་བའི་འཕྲེད་རླབས་མ་ཐོན་སྔོན་དུ་ལུགས་མཐུན་གྱི་གཡོ་བྱོལ་ཐབས་བཀོད་འཐེན་པ་ཡིན་ན།རང་ཉིད་ལ་གནོད་སྐྱོན་མི་ཐེབས་པར་སྲུང་སྐྱོང་བྱ་ཐུབ།

12.འགྱེད་ནས་བདེ་འཇགས་ལ་སྒུག་པ༽ཞེས་པ་ནི་རང་རྒྱལ་གྱི་གནའ་མིས་སྤྱི་བསྡོམས་བྱས་པའི་ཉམས་མྱོང་ཞིག་སྟེ།ས་འགུལ་བྱུང་སྐབས་དམིགས་ཡུལ་མེད་པར་གང་སར་མི་འབྲོ་བར།རབ་ཡིན་ན་བདེ་འཇགས་ཀྱི་གྲུ་ཟུར་ཞིག་བདམས་ཏེ་འགྱེལ་ནས་འདུག་པ་སྟེ།ཁང་བ་བརྡིབས་ནའང་བདེ་འཇགས་ལ་ཁག་ཐེག་བྱ་ཐུབ།

13.ས་འགུལ་གྱི་སྐབས་སུ་བདེ་འཇགས་ཀྱི་ཟུར་གསུམ་ས་ཁུལ་དུ་གཞོལ་ནས།ཁང་བ་ཆུང་ངུའམ་ཅོག་ཙེ།ཅོག་ཙེའི་འགྲམ་སོགས་སུ་གཞོལ་དགོས་པའི་རྒྱུ་མཚན་ནི།གཙོ་བོ་འདེགས་བྱེད་ཀྱི་དངོས་པོ་དང་མར་རྡིབ་པའི་དངོས་པོས་བདེ་འཇགས་ཟུར་གསུམ་ས་ཁུལ་ཆགས་སུ་བཅུག་ནས་སྲུང་སྐྱོབ་བྱེད་པ་ཡིན།

14.གཏོར་སྐྱོན་རང་བཞིན་གྱི་ས་འགུལ་བྱུང་སྐབས།ཆེས་འབྱུང་སླ་བའི་བསྐྱར་བྱུང་གནོད་སྐྱོན་ནི་མེ་སྐྱོན་རེད།ཁང་བ་རྡིབ་པ་དང་བསྟུན་ནས་གློག་སྐུད་ཆད་པ་དང་སོལ་རླངས་ཀྱི་སྦུ་གུའམ་རང་བྱུང་སོལ་རླངས།ཡང་ན་འབར་སླ་བ་དང་འགལ་སླ་བའི་ཉེན་ཁའི་དངོས་རྫས་འཇོག་སའི་མཛོད་ཁང་གི་སྒྲིག་ཆས་ལ་གཏོར་བརླག་བྱས་ནས་དབུགས་ཤོར་བ་སོགས་བྱས་པའི་རྐྱེན་གྱིས་མེ་སྐྱོན་བྱུང་བ་རེད།དུས་རྒྱུན་དུ་འདིའི་ཕྱོགས་ལ་བདག་དམ་ལེགས་པོ་བྱས་ན་འོས།

15.ས་འགུལ་གྱི་སྐབས་སུ་ཁང་བའི་ནང་ལས་ཁང་བའི་ཕྱི་རུ་བདེ་འཇགས་ཡིན་ནའང་།ཁང་བའི་ཕྱི་རུ་སྐབས་འགར་ས་འགུལ་བྱུང་སྐབས་ཀྱང་ཅུང་ཉེན་ཁ་ཆེ་སྟེ།དཔེར་ན།གནོན་བསྒྱུ་འཕྲུལ་ཆས་དང་ཁང་བརྩེགས་མཐོན་པོའི་གམ།རྫས་འགྱུར་བཟོ་གྲྭ་སོགས་ལྟ་བུ།གནས་འདི་དག་དང་གྱེས་པར་མཉམ་འཇོག་དགོས།

16.ཁང་ལེབ་ནང་གི་མིས་སྒོ་དང་ཐག་ཉེ་བ་དང་ཁང་བའི་ཕྱི་རོལ་གྱི་ས་སྟོང་ཁོད་ཡངས་ན།ནུས་པ་ཡོད་ཚད་ཀྱིས་མགོ་ལ་སྲུང་སྐྱོབ་བྱེད་པ་དང་དུས་མཉམ་དུ།ཁང་བའི་ཕྱི་ཡི་ས་སྟོང་ཡོད་སར་རྒྱུག་དགོས།

17.ཐོག་ཁང་ནང་གི་མིས་ཐག་ཉེ་སར་གཞོལ་དགོས་པའི་རྩ་དོན་ལ་བརྩི་སྲུང་བྱ་དགོས།མགོ་ལ་བདག་སྐྱོང་བྱས་ནས།ཕྱི་གྱང་དང་འོད་ཁྱམས་དང་རིང་དུ་གྱེས་ནས།ཇ་ཁང་དང་སྤྱོད་ཁང་།སྐས་ཁྱམས་སོགས་ཁང་བ་ཆུང་ཞིང་རྡིབ་དཀའ་བའི་གནས་སུ་ས་འགུལ་ལ་གཞོལ་དགོས།

18.ཕྱི་ཕྱོགས་ཀྱི་རྩལ་སྦྱངས་ར་བར་ཡོད་དུས།རང་གི་གནས་སུ་ཙོག་པོར་བསྡད་དེ།ལག་པ་གཉིས་ཀྱིས་མགོ་སྲུང་སྐྱོབ་བྱེད་དགོས།མཐོ་ཞིང་མར་དཔྱངས་པའི་ཁང་བ་སོགས་དང་རིང་དུ་གྱེས་པར་མཉམ་འཇོག་དགོས།

19.ཁང་བའི་ཕྱི་ཡི་མིས་ས་ཁོད་ཡངས་ས་འདེམས་དགོས།ཐོག་ཁང་དང་དུད་ཁུང་།མཐོ་གནོན་གློག་སྐུད།སྲང་ལམ་དོག་མོ།ཟམ་ཁའི་ལམ་ཆེན་སོགས་ཀྱི་འོག་སྟེ།མཐོ་ཞིང་འགྱེལ་སླ་བའི་འཛུགས་སྐྲུན་དང་རིང་དུ་གྱེས་དགོས།

20.ས་འགུལ་གྱི་སྐབས་སུ།ཁོད་ཡངས་ས་ནི་ཅུང་བདེ་འཇགས་ཀྱི་ས་ཁུལ་ཡིན་མོད།མི་མང་འདུ་ས་དང་གྱེས་ནས་གནས་དེ་རུ་གན་རྐྱལ་དུ་སྡོད་པའམ་ཙོག་པོར་འདུག་དགོས།

21.རི་ཁུལ་དུ་ས་འགུལ་དང་འཕྲད་པ་ཡིན་ན།རི་གས་པ་དང་རི་ཉིལ་བ།ཟགས་འདམ་བཞུར་བ་སོགས་བསྐྱར་བྱུང་གནོད་སྐྱོན་འབྱུང་བའི་ཉེན་ཁ་ཡོད།

22.ས་འགུལ་བྱུང་སྐབས་ཆུ་འགྲམ་དུ་ཡོད་པ་ཡིན་ན།ས་མཐོ་སར་སྤོར་དགོས་ཤིང་།ཆུ་བོའི་སྟོད་རྒྱུད་ཀྱི་ཆུ་མཛོད་ཀྱི་རགས་ཁ་ཤོར་ནས་ཆུ་ལོག་བྱུང་བར་གཞོལ་དགོས།

23.ཚོང་ར་དང་དཔེ་ཁང་དུ་ས་འགུལ་བྱུང་བ་ཡིན་ན།ཚོང་སྒྲོམ་བརྟན་པོ་དང་ཚོང་རྫས་༼ཁྱིམ་ཆས་དམའ་མོའི་རིགས་༽ཡང་ན།ཀ་བའི་མདུན་དང་ཁང་བའི་གྲུ་ཟུར་སོགས་སུ་ཁ་མལ་དུ་ཙོག་པུར་འདུག་དགོས།ལག་པའམ་དངོས་པོ་གཞན་པས་མགོ་ལ་སྲུང་སྐྱོབ་བྱེད་དགོས།ཤེལ་སྒོའམ་དྲ་མ་དང་།ཤེལ་གྱི་ཆ་སྒམ་དང་ཚོང་སྒྲོམ་སོགས་དང་རིང་དུ་གྱེས་དགོས།ཆེ་ཞིང་བརྟན་འཇགས་མིན་པའམ་བཤམས་ཡོད་པའི་དངོས་པོ་ལྕི་མོ།ཆག་སླ་བའི་ཚོང་སྒྲོམ།བརྡ་ཁྱབ་བྱང་བུ་དང་གློག་སྒྲོན་སོགས་ནམ་མཁར་དཔྱངས་པའི་དངོས་པོ་དང་རིང་དུ་གྱེས་དགོས།

24.སྤྱི་སྤྱོད་རླངས་འཁོར་ནང་དུ་ས་འགུལ་བྱུང་བ་ཡིན་ན།ཁ་ལོ་བས་བདེ་འཇགས་ཀྱི་གནས་ཤིག་བདམས་ནས་རླངས་འཁོར་འདུག་དགོས་ཤིང་།མགྲོན་པོ་རྣམས་ཀྱིས་འཐམས་འཁྱུད་བྱེད་ས་དང་འདུག་སྟེགས་སོགས་དམ་དུ་བཟུང་ནས།ས་རུ་འགྱེལ་བ་དང་གདོང་ཐུག་བརྒྱབ་ནས་རྨས་སྐྱོན་འབྱུང་བ་སྔོན་འགོག་བྱ་དགོས།ཤུགས་ཡོད་ཚད་ཀྱིས་ལྗིད་ལྟེ་ཇེ་དམར་བཏང་ནས།འདུག་སྟེགས་ཀྱི་གམ་དུ་གཞོལ་དགོས་ལ།ས་འགུལ་མཇུག་རྫོགས་རྗེས་རླངས་འཁོར་ལས་མར་འབབ་དགོས།

25.སློབ་ཁྲིད་ཀྱི་སྐབས་སུ་ས་འགུལ་བྱུང་བ་ཡིན་ན།སློབ་མ་རྣམས་ཀྱིས་མྱུར་དུ་མགོ་བཏུམས་ནས་མིག་བཙུམས་པ་དང་།མདུན་ཅོག་དང་སློབ་ཁྲིད་སྟེགས་བུའི་འོག་ཏུ་གཞོལ་དགོས།འཚང་ཁ་ཤིག་ཤིག་གིས་ཕྱིར་འབྲོ་བའམ་ཐོག་ཁང་ནས་མར་མཆོངས་པ་སོགས་གཏན་ནས་བྱ་མི་རུང་།ས་འགུལ་བྱུང་རྗེས་དགེ་རྒན་གྱི་མཛུབ་སྟོན་འོག་ཏུའམ་ཡང་ན་རྒྱུན་དུ་འཁྲབ་སྦྱོང་བྱས་པའི་བླངས་བྱ་ལྟར་དུ་མྱུར་མོར་གོ་རིམ་ལྡན་པའི་སྒོ་ནས་སློབ་ཁྲིད་ཐོག་ཁང་དང་ཁ་གྱེས་དགོས།

26.ས་འགུལ་གྱིས་མེ་སྐྱོན་བྱུང་ན།༡ཐོག་མར་ལག་ཕྱིས་རློན་པས་ཁ་སྣ་བཅད་དེ།དུ་བ་གློ་བ་སོགས་སུ་མི་འགྲོ་བ་བྱེད་པ་དང་།ལག་ཕྱིས་རློན་པ་མ་རྙེད་ན་ལྭ་བ་སོགས་རློན་པ་བྱས་ཏེ་ཚབ་བྱས་ཀྱང་ཆོག

27.ས་འགུལ་གྱིས་མེ་སྐྱོན་བྱུང་ན།༢ཐོག་མར་རླུང་གི་གཡུག་ཕྱོགས་ངེས་དགོས་ཤིང་།ལག་ཕྱིས་རློན་པས་ཁ་སྣ་བཅད་དེ་རླུང་གི་ཁ་གཏད་དུ་འབྲོ་དགོས།དཔལ་འབར་བཀོལ་མི་རུང་སྟེ།མར་འབར་སླ་བའི་མཁའ་དབུགས་མེ་ཤོར་བ་དང་འགས་གཏོར་མི་འབྱུང་བ་བྱ་དགོས།

28.ས་འགུལ་བྱུང་རྗེས་འོག་ཏུ་མནན་པ་ཡིན་ན།ངེས་པར་དུ་ལྷོད་ལ་འབབ་དགོས་ཏེ།ཆེས་གལ་ཆེ་བ་ཞིག་ནི་ངེས་པར་དུ་འཚོ་སྡོད་ཀྱི་ཡིད་ཆེས་ཡོད་དགོས་ལ།དལ་གྱིས་སེམས་ལྷོད་ལ་བབས་ནས།ཁྱེད་རང་སྐྱོབ་སྲིད་པར་ཁོ་ཐག་ཡིན་པར་ཡིད་ཆེས་ཡོད་དགོས།

29.གལ་ཏེ་ས་འོག་ཏུ་མནན་པ་ཡིན་ན།ཐོག་མར་རང་ཉིད་ཡོད་སའི་ཁོར་ཡུག་ལེགས་བཅོས་བྱ་དགོས་ཏེ།མགོའི་མཐའ་སྐོར་གྱི་དངོས་པོ་མཐའ་དག་བསལ་ནས།དབུགས་གཏོང་ལེན་ལ་ཁག་ཐེག་བྱ་དགོས།སོལ་རླངས་དང་དུག་རླངས་སོགས་ཀྱི་དྲི་མ་བྲོ་དུས།ལག་ཕྱིས་རློན་པ་སོགས་ཀྱིས་ཁ་སྣ་གཅོད་དགོས།

30.གལ་ཏེ་འོག་ཏུ་མནན་པ་ཡིན་ན།རང་གི་སེམས་ཁམས་ལ་ཚོད་འཛིན་བྱས་ཏེ།མིག་ཟུང་བཙུམ་སྟེ་ངལ་གསོ་བ་དང་།མྱུར་སྐྱོབ་མི་སྣ་ཡོང་བར་སྒུག་དགོས།ཞིག་རོའི་འོག་ཏུ་མནན་ཡོད་དུས།ཆེས་གལ་ཆེ་བ་ཞིག་ནི་སེམས་ཁམས་ཀྱི་སྟེང་དུ་ཁོ་ཆད་མི་རུང་སྟེ།འཚོ་སྡོད་དང་མྱུར་སྐྱོབ་ལ་ཡིད་ཆེས་ཡོད་པར་བྱ་དགོས།

31.ས་འགུལ་གྱི་ཞིག་རོའི་འོག་ཏུ་མནན་པའི་མི་སྐྱོབ་པ་ནི།དུས་ཚོད་དང་འགྲན་རྒྱུག་བྱེད་པ་དང་།འཆི་བདག་དང་འགྲན་རྒྱུག་བྱེད་པ་ཡིན་ལ།དེའི་རྐྱེན་གྱིས་དུས་ཚོད་དམ་འཛིན་བྱས་ནས།མྱུར་བ་མྱུར་དུ་ས་འོག་ཏུ་མནན་པའི་མི་སྐྱོབ་པ་ནི་ས་འགུལ་གྱི་བབ་བསྟུན་དང་གནོད་སེལ་རྒུད་སྐྱོབ་ཀྱི་ཆེས་གནད་འགག་གི་གོ་རིམ་ཞིག་ཡིན།

32.མར་མནན་པའི་མི་སྣ་བརྐོས་ནས་སྐྱོབ་སྐབས་བརྩི་སྲུང་བྱ་དགོས་པའི་རྩ་དོན་ནི།སྔོན་ལ་སྨན་ཁང་དང་སློབ་གྲྭ།བྱིས་གཉོར་ཁང་།གློག་བརྙན་ཟློས་གར་ཁང་སོགས་མི་ཚོགས་འདུས་སྡོད་བྱེད་སའི་གནས་ཀྱི་མི་རྣམས་མྱུར་སྐྱོབ་བྱེད་དགོས་ཤིང་།སྔོན་ལ་སླ་ས་དང་རྗེས་སུ་དཀའ་ས།སྔོན་ལ་ཉེ་ས་དང་རྗེས་སུ་ཐག་རིང་།སྔོན་ལ་རྨས་ཡང་མོ་ཕོག་མཁན་དང་རྗེས་སུ་རྨས་ལྕི་མོ་ཕོག་མཁན་སྐྱོབ་དགོས།

33.ས་འོག་ཏུ་མནན་ཡོད་པའི་མི་ཞིག་རྙེད་པ་ཡིན་ན།མནན་ཡོད་སའི་གནས་ལ་རླུང་རྒྱག་པར་ཁག་ཐེག་བྱེད་པ་དང་།འདེགས་བྱེད་ཀྱི་ཆ་རྐྱེན་སྲུང་སྐྱོབ་བྱས་རྗེས།ཆ་རྐྱེན་གྱིས་འདང་ན་ཆུ་དང་ཟས་རིགས་ཡང་ན་སྨན་རྫས་འོས་འཚམས་རེ་ནད་པར་སྟེར་དགོས་པར་མ་ཟད།མྱུར་དུ་རྟགས་བརྒྱབ་ནས་ཆེད་ལས་ཀྱི་མྱུར་སྐྱོབ་མི་སྣ་སྐྱོབ་ཏུ་འོངས་པར་བརྡ་རྒྱག་དགོས།

34.མར་མནན་པའི་མི་སྣ་བརྐོས་ནས་ཉེ་སར་སླེབས་སྐབས་ལག་ཆ་བཀོལ་མི་རུང་།ས་བརྐོ་དུས་འདེགས་བྱེད་ཀྱི་དངོས་པོ་ཡིན་མིན་ལ་གསལ་ཁ་འབྱེད་པ་དང་།འདེགས་བྱེད་ཀྱི་ཆ་རྐྱེན་ལ་གཏོར་བརླག་བྱེད་མི་རུང་སྟེ།མར་བརྡིབ་པར་སྔོན་འགོག་བྱེད་དགོས།

35.མར་མནན་ཡོད་པའི་གནས་སུ་མུན་ནག་འཐིབས་ཡོད་པ་དང་ལྟོགས་སྐོམ་གྱི་དུས་ཡུན་འགོར་དྲག་ན།བསྐྱབ་རྗེས་དགོས་ངེས་ཀྱི་སྲུང་སྐྱོང་བྱ་དགོས་ལ།མིག་ཟུང་བཀབ་ནས་འོད་དྲག་པོས་གནོད་པ་ཐེབས་སུ་འཇུག་མི་རུང་།

36.དལ་མོའི་སྒོ་ནས་ཡར་བསྐྱབས་པའི་མི་དེ་སྒུལ་བའམ་སྐད་དམའ་མོས་བོས་ཏེ་སྐྱོན་ཡོད་མེད་ལ་བརྡར་ཤ་གཅོད་དགོས།གལ་ཏེ་མི་དེ་གྲགས་འགུལ་ཅི་ཡང་མེད་སོང་བ་ཡིན་ན་མགོ་འཐོམས་ཡོད་པ་ཡིན་ལ།ཐོད་པར་མནོན་པ་དང་མ་ནེ་ཡར་བཀྱགས་ནས།མིད་པར་དབུགས་ལེན་ཐུབ་པར་བྱ་དགོས་ལ།དེའི་འཕྲོར་ཁ་སྣ་དང་ཉེ་བར་བཅར་ནས་དབུགས་ལེན་བཞིན་ཡོད་མེད་ལ་བརྡར་ཤ་གཅོད་དགོས།

37.བརྐོས་ཏེ་ཡར་བསྐྱབས་པའི་རྨས་མར་སྐེ་ཚིགས་དང་སྒལ་ཚིགས།སྐེད་པ་སོགས་ལ་ན་ཟུག་ཡོད་པ་ཡིན་ན།སྒལ་ཚིགས་ལ་རྨས་ཕོག་པའི་རྨས་མ་ལྟར་དུ་སྨན་བཅོས་བྱ་དགོས།

38.མི་ཡིས་དབུགས་གཏོང་ལེན་བྱེད་དུ་འཇུག་པ།ཡར་བསྐྱབས་པའི་མི་དེར་དབུགས་མེད་པ་གཏན་འཁེལ་བྱུང་བ་ཡིན་ན།ཡུལ་དངོས་སུ་ཁ་ཡིས་ཁཛ་གཏད་ནས་མི་ཡིས་དབུགས་གཏོང་ལེན་བྱེད་དུ་འཇུག་དགོས་ལ།དེ་ལྟར་བྱེད་པ་ནི་མྱུར་སྐྱོབ་མཁན་གྱིས་དབུགས་ཐེངས་གཅིག་རྔུབ་རྗེས་རྨས་མའི་ཁོག་ཏུ་དབུགས་གཏོང་བའི་ཐབས་དེ་ལ་ཟེར།

39.ས་འགུལ་གྱི་གནོད་སྐྱོན་བྱུང་རྗེས།སྤྱི་ཚོགས་ཡོངས་ཀྱིས་ཤུགས་ཆེན་པོས་རྨས་མ་མྱུར་སྐྱོབ་བྱེད་པ་དང་རྒུད་སྐྱོབ་ཀྱི་དངོས་ཟོག་སྣ་ཚོགས་མཁོ་འདོན་བྱས་ཏེ།ཁྱིམ་གཞི་བསྐྱར་བསྐྲུན་བྱེད་ཀྱིན་ཡོད།

40.ཉི་མ་སྟོང་ལ་ས་འགུལ་མ་བྱུང་ཡང་།།ཉི་མ་གཅིག་ལའང་སྔོན་འགོག་མེད་མི་རུང་།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།