ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་སྲོལ་རྒྱུན་གྱི་གནམ་གཤིས་བརྟག་ཐབས། (གཉིས།)

ཡོང་ཁུངས། : མདོ་ལྷོའི་དྲ་བ།     སྤེལ་དུས། : 2017-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བཞི་བ། སྤྲིན་པར་བརྟག་ཚུལ།

ན་བུན་དཀར་པོ་རིམ་པ་གཉིས་གསུམ་གྱིས་རི་སྐེད་བཅིངས་ན་ཆར་ཆེན་འབབ་ངེས་དང་། ནམ་ལངས་དུས་ཤར་ཕྱོགས་ནས་སྤྲིན་དམར་པོ་ཐག་དམར་འཐེན་འདྲ་ནུབ་ཏུ་རྒྱུག་ན་དཀར་ཕྱོགས་ལྷ་ཡི་ཆར་ཞེས་མྱུར་དུ་འབབ་པ་དང་། ཤར་ལྷོའི་མཁའ་ལ་པད་འདབ་བརྩེགས་འདྲའི་སྤྲིན་པ་བར་གསེང་མེད་པར་འབྲེལ་ན་ཉིན་ཞག་གཅིག་ལ་འབབ་རྟགས། ཤར་ཕྱོགས་ཀྱི་མཁའ་ལ་ལུག་གི་ལྟོ་ཚིལ་འདྲ་བའི་སྤྲིན་དཀར་འདབ་ལེགས་བརྩེགས་པ་བྱུང་ན་ཉིན་དེ་ཡི་རྗེས་ཆར་འབབ་རྟགས། ཉི་ཤར་གྱི་མཚམས་ཕྱེ་ལེབ་ཀྱི་གཤོག་པ་བརྐྱངས་འདྲའི་འཇའ་སྤྲིན་སྙོམས་པོས་ཤར་ཕྱོགས་ཁེབས་ན་མི་འགྱངས་པར་ཆར་ཆེན་འབབ་པར་འགྱུར། གཞན་ཡང་སྤྲིན་ནག་གིས་བྱང་སྐར་སྤུན་བདུན་དང་དགུ་ཚིགས་སྐྱ་མོ་སྒྲིབ་ན་ཆར་བ་འབབ་རྟགས། སྤྲིན་ལྷོ་ནས་བྱང་དུ་མགྱོགས་པོར་བགྲོད་ན(བྱང་གཡག་གུའི་མགོ་འཕིག)ཅེས་གངས་ཆར་ཆེ་ཙམ་འབབ་ལྟས་དང་། ནུབ་ནས་བྱང་བགྲོད་བྱས་ན་འབྲིང་ཙམ་འབབ། བྱང་ངོས་ནས་ཤར་དུ་རྒྱུ་ན་ཉུང་ཙམ་དང་ཡང་ན་གཏན་ནས་མི་འབབ་པའི་རྟགས། ནུབ་ངོས་ནས་ཤར་ཕྱོགས་སུ་དལ་ཞིང་བརྟན་པོར་རྒྱུ་ན་དུས་ཡུན་རིང་ཙམ་ལ་མི་འབབ་པའི་རྟགས་དང་། བྱང་སྤྲིན་ལྷོ་རུ་རྒྱུ་ན(ལྷོའི་ཙན་དན་གྱི་མེ་འབར)ཞེས་ཐན་སྐྱོན་ཡོང་བའི་རྟགས་དང་། སྟོན་དུས་སྤྲིན་པ་ལྷོ་ནས་བྱང་ལ་མང་ཙམ་རྒྱུ་ན(ཤིང་ལོ་བྱང་འདྲེན)ཞེས་ཐན་པ་ཡུན་ཐུང་ཙམ་ལ་འབྱུང་བར་བཤད། གཞན(དགོང་དམར་དམར་པོ་མེ་རེད། ནག་པོར་གྱུར་ན་ཆུ་རེད)ཅེས་དགོང་མོའི་མཚམས་སྤྲིན་གྱི་མདངས་དམར་པོར་གྱུར་ན་ཕྱི་ཉིན་ཉི་མ་དྲོ་བའི་རྟགས་དང་། དེ་འཕྲལ་མདངས་ནག་པོར་གྱུར་ན་འབབ་པའི་རྟགས། ཉིན་ཕྱེད་དུས་སུ་སྤྲིན་གྱིས་ཉི་མ་སྒྲིབ་ན་མཚན་ལ་ཆར་བ་འབབ་རྟགས་དང་། ཉི་ཤར་གྱི་དུས་ཤར་ཕྱོགས་སུ་སྤྲིན་འཕགས་ན་རླུང་དང་བཅས་ཆར་མྱུར་དུ་འབབ། ནམ་ལངས་ཁར(ཡོས་ཀྱི་དུས)ཤར་ལྷོར་སྤྲིན་བྱུང་ན་ཉི་དྲོས་ཀྱི་སྐབས(སྦྲུལ་གྱི་དུས)སུ་ཆར་འབབ་པར་འགྱུར། ཉི་ནུབ་ཏུ་སྤྲིན་པ་ནག་པོ་བྱུང་ན་རླུང་ཆར་འབྱུང་ངེས། (ཞོད་པོ་ཆེ་དགོང་དྭངས)ཞེས་ཉི་ནུབ་ཁ་ཆར་དྭངས་ན་ཞོད་ཆེན་འབྱུང་བའི་རྟགས་དང་། རི་བོ་སྤྲིན་གྱིས་སྒྲིབ་ན་མཚན་དང་མཚན་སྦྲེལ་ནས་ཆར་བ་འབབ་རྟགས། ཉི་ཤར(འབྲུག་གི་དུས)ལྷོ་ཕྱོགས་ནས་སྤྲིན་བྱུང་ན་རླུང་དང་བཅས་དྲག་ཆར་འབབ་རྟགས་དང་། ནུབ་བྱང་དུ་སྤྲིན་པ་ནག་པོ་བྱུང་ན་འབྲུག་སྒྲ་དང་བཅས་ཆར་འབབ་རྟགས། མཚན་མོར་སྤྲིན་པ་ནུབ་ཏུ་རྒྱུ་ན་ཆར་སྤྲིན་འཁྲུགས་ཤིང་ཆར་རླུང་འབྱུང་བ་དང་། དགུན་ཁར་ཤར་དུ་སྤྲིན་པ་ལྷོར་རྒྱུ་ན་གངས་སྐྱོན་དང་གྲང་ངར་ཆེ་རྟགས། དབྱར་དུས་ཤར་ནས་སྤྲིན་པ་ནུབ་ལ་རྒྱུ་ན་ཐན་པ་འབྱུང་བའི་རྟགས་སུ་ངོས་འཛིན་བྱེད།

ལྔ་བ། འཇའ་འོད་ལ་བརྟག་ཚུལ།

འཇའ་སྣེ་སྤང་ལ་ཟུག་ན་ཆར་བ་འབབ་པ་དང་ཆུ་ལ་ཟུག་ན་གནམ་ཡེར་འགྲོ་བའམ་ཆར་ཉུང་ཙམ་འབབ་རྟགས། ཉི་ཤར་དུ་འཇའ་ཟུག་ན་ཆར་ཉུང་ངུ་འབབ་པ་དང་། ཉི་ཤར་ལ་ཉི་མར་འཇའ་ཟུག་ན་ཆར་བ་འབབ་རྟགས། ཟླ་བར་འཇའ་ཟུག་ན་གངས་སྐྱོན་དང་གྲང་ངད་འབྱུང་རྟགས། འཇའ་ཁ་དོག་སྣ་ལྔ་རང་བཞིན་གྱིས་ཤར་དུ་ཟུག་ན་ཆར་བ་འབབ་རྟགས། དངུལ་ཆུའི་མདོག་ཅན་ནུབ་ཏུ་ཟུག་ཅིང་ཟླ་བའི་ཁྱིམ་དུ་གནས་ན་མི་འགྱངས་པར་ཆར་ཆེན་འབབ་པའི་རྟགས་བཅས་བཤད་པ་དང་། གཞན་ཡང་འཇའ་གཟུགས་ལ་བརྟག་ཅིང་དཔྱད་སྟོབས་ཀྱིས་ཀྱང་ལེགས་ཉེས་སྐོར་སོགས་མང་དུ་བཤད་ཀྱི་ཡོད་པས་འདིར་མ་བཀོད།

 ཞར་བྱུང་ཐོ་རེངས་ཀྱི་སྐྱ་ངོགས་དྭངས་ན་ཆར་ཆུ་ལེགས་ཤིང་སྐྱ་ནམ་རྒྱས་པར་འགྱུར་བ་དང་། སྐྱ་ངོགས་མི་གསལ་ཞིང་རབ་རིབ་ཏུ་གྱུར་ན་ནད་རིམས་ལོ་ཉེས་འབྱུང་ལྟས། དབྱར་དུས་མཚན་ལ་ནམ་མཁའ་མདངས་གསལ་ན་ཉིན་མཚན་སྦྲེལ་ནས་ཆར་འབབ་རྟགས་དང་། ཉི་ཤར་གྱི་དུས་ཤར་ལྷོའི་མདངས་ནག་ན་ཉིན་གུང་སྔོན་དུ་ཆར་འབབ་རྟགས། ཉི་ནུབ་ཏུ་ནུབ་བྱང་མདངས་ནག་ན་མཚན་ཕྱེད་ལ་ཆར་འབབ་པའི་རྟགས། (དགུན་ཤར་ཆེན་ལ་གངས་ཆེན)ཞེས་དགུན་ཁ་སྔ་དྲོར་ཤར་དུ་ལྷགས་རླུང་ཤུགས་ཆེན་བརྒྱབ་ན་གངས་སྐྱོན་དང་གྲང་ངར་ཆེ་རྟགས། (དབྱར་ཤར་ཆེན་ལ་ཐན་ཆེ)ཞེས་དབྱར་དུས་སྔ་དྲོར་ལྷགས་རླུང་ཤུགས་ཆེན་བྱུང་ན་ཐན་པ་ཆེ་བའི་རྟགས། ནུབ་ཏུ་གློག་འོད་འཁྱུག་ན་ཆར་བ་རྒྱུན་རིང་འབབ་རྟགས་དང་། ཉི་ཤར(འབྲུག་དུས)གློག་འོད་དྲག་ཏུ་འཁྱུག་ན་རླུང་ཆེན་འབྱུང་རྟགས། ཞོགས་པར་འབྲུག་སྒྲ་སྒྲོག་པའམ་ཉིན་ཕྱེད་དུ་འབྲུག་སྒྲ་བྱུང་ན་ཐན་པ་འབྱུང་བའི་རྟགས། གཞན་དགུན་ཁར་དགུ་དང་པོའི་དུས་གནམ་གཤིས་གྲང་མོ་བྱུང་ན་ཕྱི་ལོར་འབྲུ་རིགས་འོངས་ཆེ་བའི་རྟགས་དང་། དགུ་གཉིས་པའི་དུས་གནམ་གཤིས་གྲང་ཞིང་རླུང་བུ་བྱུང་ན་དཀར་ཆུ་དང་ལོ་འབྲས་ལེགས་པའི་རྟགས། (དབྱར་གནམ་གྲང་དུས་འབབ། དགུན་གནམ་དྲོད་དུས་འབབ)ཅེས་དབྱར་ཁ་གནམ་གཤིས་གྲང་ན་འབབ་པ་དང་། དགུན་དུས་གནམ་གཤིས་དྲོད་ན་འབབ་པར་ངོས་འཛིན་བྱེད་པ་ཡིན།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།