ཀྲུང་གོ་བོད་ཀྱི་དྲ་བ།

ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་སྐོར་གྱི་དྲི་བ་དྲིས་ལན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་གསར་པས“ཁྲིམས་འགལ་གྱི་མ་གནས་དམའ་བ”ཡི་གནད་དོན་ཐག་གཅོད་ཐད་ཐོད་བརྒལ་གང་དག་ཡོད།

(1)ཉིན་ལྟར་ཆད་པ་གཅོད་ཐབས་གསར་དུ་བསྣན་པ། ཁེ་དོན་ལས་སྡེ་ཚན་དང་ཐོན་སྐྱེད་ཚོང་གཉེར་པ་གཞན་དག་གིས་ཁྲིམས་དང་འགལ་ནས་གད་སྙིགས་ཕྱིར་ཕུད་པར་དངུལ་ཆད་བཅད་པ་དང་། ཡོ་བསྲང་བྱེད་པའི་བཀའ་ཕབ་རུང་། ཡོ་བསྲང་མི་བྱེད་ན། དེ་སྔ་ཆད་པ་བཅད་པའི་དངུལ་གྲངས་ལྟར་ཉིན་བཞིན་བསྟུར་མར་ཆད་པ་གཅོད་དགོས། ཆད་པ་དེ་ཇེ་མང་དུ་འགྲོ་བས། ཁྲིམས་འགལ་མ་གནས་ཀྱང་དེ་བསྟུན་གྱིས་ཇེ་མཐོར་འགྲོ་ངེས།

(2)བདེ་འཇགས་ཆད་གཅོད་གསར་དུ་བསྣན་པ། ཆོག་མཆན་མ་བཀོད་པར་སྔོན་ལ་འཛུགས་སྐྲུན་བྱེད་པ་དང་། དག་བཅོས་གཏན་ནས་མི་བྱེད་པ་སོགས་བྱ་སྤྱོད་བཞིར་བདེ་འཇགས་བཀག་སྐྱིལ་གྱི་ཆད་པ་གཅོད་ཆོག་པས། ཁྲིམས་འགལ་བྱ་སྤྱོད་པར་འཇིགས་སྐུལ་ཆེན་པོ་ཐེབས་ངེས།

(3)ཞོར་འབྲེལ་འགན་འཁྲི་གསར་དུ་བསྣན་པ། ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་གདེང་འཇོག་ལས་ཁུངས་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལས་ཁུངས། དེ་མིན་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྒྲིག་ཆས་དང་སྦགས་བཙོག་སྔོན་འགོག་སྒྲིག་ཆས་སྲུང་འཛིན་དང་ཚོང་གཉེར་ལས་ཁུངས་སོགས་ཀྱིས་འབྲེལ་ཡོད་ཁོར་ཡུག་ཞབས་ཞུ་བྱ་འགུལ་ནང་མི་བདེན་རྫུན་བཟོ་བྱེད་པ་དང་། ཁོར་ཡུག་ལ་སྦགས་བཙོག་བཟོ་བ། སྐྱེ་ཁམས་ལ་གཏོར་བརླག་ཐེབས་པ་སོགས་ལ་འགན་འཁུར་དགོས་པ་དང་། འགན་ཁུར་པ་གཞན་དག་དང་མཉམ་དུ་ཞོར་འབྲེལ་འགན་འཁུར་དགོས།

(4)ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་ལ་འབྲེལ་ཡོད་ལས་འགན་དང་དབང་ཚད་གནང་ཡོད། དཔེར་ན་ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་མངག་བཅོལ་བྱས་པའི་ཁོར་ཡུག་ལྟ་དཔྱད་ལས་ཁུངས་ལ་ཡུལ་དངོས་ཞིབ་བཤེར་དབང་ཆ་གནང་བ་དང་། ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་ལ་སྒོ་ཐེལ་རྒྱག་པ་དང་བཀག་ཉར་གྱི་སྲིད་འཛིན་བཙན་སྐུལ་དབང་ཆ་གནང་བ། ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་དམིགས་ཚད་ལས་བརྒལ་བའམ་བཙོག་ཕུད་སྤྱི་གྲངས་ལས་བརྒལ་བའི་ཁེ་དོན་ལས་སྡེ་ཚན་ལ་བཀའ་ཕབ་ནས་ཐོན་སྐྱེད་བཀག་སྡོམ་དང་ཐོན་ལས་ཀྱི་མཚམས་བཞག་ནས་དག་ཐེར་བྱེད་དུ་འཇུག་པ་སོགས་དབང་ཆ་གཏན་འཁེལ་བྱས་ཡོད།

2.མཁའ་རླུང་གི་སྤུས་ཀའི་བསྡུར་གྲངས་ལ་རིམ་པ་དུ་བགོས་ཡོད། སོ་སོའི་མཚོན་བྱེད་ཀྱི་ཚོན་མདོག་གང་དག་ཡིན།

མཁའ་རླུང་གི་སྤུས་ཀའི་བསྡུར་གྲངས(AQI)ལྟར་རིམ་པ་དྲུག་ཏུ་བགོས་ཡོད། བསྡུར་གྲངས་ཅི་ཙམ་ཆེ་ན། རིམ་པ་དེ་ཙམ་མཐོ་བ་དང་། མཚོན་བྱེད་ཀྱི་ཚོན་མདོག་ཇི་ལྟར་ཟབ་ན། མཁའ་རླུང་གི་སྦགས་བཙོག་གནས་ཚུལ་དེ་ལྟར་ཚབས་ཆེན་ཡིན་པ་མཚོན།

རིམ་པ་དང་པོ། མཁའ་རླུང་སྤུས་ཀའི་བསྡུར་གྲངས་ནི0ནས50བར་ཡིན་ན། མཁའ་རླུང་སྤུས་ཀ་ནི་རིམ་པ་དང་པོ་སྟེ་བཟང་པོ་ཡིན་ལ། མཚོན་བྱེད་ཁ་དོག་ནི་ལྗང་ཁུ་ཡིན།

རིམ་པ་གཉིས་པ། མཁའ་རླུང་སྤུས་ཀའི་བསྡུར་གྲངས་ནི51ནས100བར་ཡིན་ན། མཁའ་རླུང་སྤུས་ཀ་ནི་རིམ་པ་གཉིས་པ་སྟེ་ཅུང་བཟང་པོ་ཡིན་ལ། མཚོན་བྱེད་ཁ་དོག་ནི་སེར་པོ་ཡིན།

རིམ་པ་གསུམ་པ། མཁའ་རླུང་སྤུས་ཀའི་བསྡུར་གྲངས་ནི101ནས150བར་ཡིན་ན། མཁའ་རླུང་སྤུས་ཀ་ནི་རིམ་པ་གསུམ་པ་སྟེ་ཅུང་སྦགས་བཙོག་ཡིན་ལ། མཚོན་བྱེད་ཁ་དོག་ནི་ལི་མདོག་ཡིན།

རིམ་པ་བཞི་པ། མཁའ་རླུང་སྤུས་ཀའི་བསྡུར་གྲངས་ནི151ནས200བར་ཡིན་ན། མཁའ་རླུང་སྤུས་ཀ་ནི་རིམ་པ་བཞི་པ་སྟེ་སྦགས་བཙོག་འབྲིང་ཙམ་ཡིན་ལ། མཚོན་བྱེད་ཁ་དོག་ནི་དམར་པོ་ཡིན།

རིམ་པ་ལྔ་པ། མཁའ་རླུང་སྤུས་ཀའི་བསྡུར་གྲངས་ནི201ནས300བར་ཡིན་ན། མཁའ་རླུང་སྤུས་ཀ་ནི་རིམ་པ་ལྔ་པ་སྟེ་སྦགས་བཙོག་ཆེན་པོ་ཡིན་ལ། མཚོན་བྱེད་ཁ་དོག་ནི་རྒྱ་སྨུག་ཡིན།

རིམ་པ་དྲུག་པ། མཁའ་རླུང་སྤུས་ཀའི་བསྡུར་གྲངས་ནི300ལས་ཆེ་ན། མཁའ་རླུང་སྤུས་ཀ་ནི་རིམ་པ་དྲུག་པ་སྟེ་སྦགས་བཙོག་ཚབས་ཆེན་ཡིན་ལ། མཚོན་བྱེད་ཁ་དོག་ནི་ཁམ་དམར་ཡིན།

རང་རྒྱལ་གྱིས་མཁའ་རླུང་སྤུས་ཀའི་བསྡུར་གྲངས་ལྔ་ཡན(AQI200ལས་ཆེ་བ)ཡི་གནམ་གཤིས་ལ“སྦགས་བཙོག་ཆེ་བའི་གནམ་གཤིས”ཞེས་འབོད་པ་ཡིན།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།