སོ་བཀྲུས་ན་ཡང་སྙིང་ལེགས་སམ་མི་ལེགས།

སོ་འཁྲུད་པར་སོ་གཙང་མ་བཟོ་ཡང་ཟེར་བ་རེད། དེ་ནི་དམིགས་བསལ་གྱི་ཁ་ནད་སྨན་བཅོས་ཡོ་བྱད་སྤྱད་ནས་སོའི་རྡེའུ་སྐྲན་དང་། སོ་སྲིན་ཁྲ་ཐིག་མེད་པར་བཟོ་བ་ཡིན་ལ། མིག་སྔར་སོའི་རྡེའུ་སྐྲན་དང་སོ་སྲིན་ཁྲ་ཐིག་མེད་པར་བཟོ་བའི་ཐབས་ཤེས་ཡག་ཤོས་ཤིག་ཀྱང་རེད། སོ་འཁྲུད་པ་ནི་སོ་གཙང་ཞིང་བདེ་སྲུང་བྱེད་པའི་ཐབས་ཤེས་ཡག་ཤོས་ཤིག་ཡིན་ལ། སོ་མཐའ་རུལ་ནད་སྨན་བཅོས་བྱ་ཐབས་དང་པོའང་རེད།

དེ་ཡང་སོ་བཀྲུ་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན།

སོ་སྲིན་ཁྲ་ཐིག་ནི་སོ་མཐའ་རུལ་ནད་ཕོག་པའི་རྒྱུ་རྐྱེན་གཙོ་བོ་ཡིན་ལ། དེ་མེད་པར་བཟོས་རྗེས་སུ་ད་དུང་སོ་ངོས་སུ་སླར་ཡང་ཆགས་བཞིན་ཡོད། སོ་སྲིན་ཁྲ་ཐིག་མེད་པར་གཙང་མར་བཟོ་ཐུབ་མེད་པའི་ཁར། དེའི་ཐོག་ཏུ་ཁ་མཆིལ་ནང་གི་གཏེར་ཚྭ་རིམ་བཞིན་སོ་མཐར་བསགས་ནས་ཡུན་རིང་སོང་རྗེས་སོ་སྲིན་ཁྲ་ཐིག་ཆགས་པ་རེད། སོ་སྲིན་ཁྲ་ཐིག་ཆགས་པའི་རྐྱེན་གྱིས་སོ་སྲིན་ཁྲ་ཐིག་དང་སོ་ངོས་འབྲེལ་གཏུག་དམ་པོ་བྱས་པ་ལས། སོ་མཐའི་གཉན་ཚད་འབྱུང་བཞིན་ཡོད་པ་རེད། གཞན་ཡང་། སོའི་རྡེའུ་སྐྲན་གྱི་བུ་ག་མང་པོས་ཀྱང་ཕྲ་སྲིན་དུག་རྒྱུ་མང་པོ་བསྡུ་ལེན་བྱེད་སླ་བ་མ་ཟད། སོ་རྡེའུ་ཡིས་སོ་འཁྲུད་མི་བདེ་བར་ཡང་བཟོ་སྲིད་པ་རེད། དུས་ཡུན་རིང་པོར་སོ་གཙང་དག་མ་བཟོས་ན། སོ་རྙིལ་གཉན་ཚད་དང་སོ་མཐའི་གཉན་ཚད་བྱུང་བ་དང་། སོ་རྙིལ་ལ་ཁྲག་དོན་པ་དང་། ཁ་དྲི་ངན་པ་བྱུང་སྲིད་ཅིང་། མཐའ་མཇུག་ཏུ་སོ་འགུལ་སླ་བར་གྱུར་པ་མ་ཟད། ཐ་ན་སོ་ལྷུང་བ་སོགས་ཀྱི་སྣང་ཚུལ་ཡང་བྱུང་སྲིད། དེའི་ཕྱིར་དུ། སོ་འཁྲུད་པའི་དམིགས་ཡུལ་གཙོ་བོ་ནི་ཁ་ནད་སྔོན་འགོག་བྱ་ཕྱིར་ཡིན་པ་ལས། མཛེས་པོ་ཡོང་བའི་གཅིག་པུ་ཆེད་དུ་མིན་པ་་རེད།

སོ་བཀྲུས་པ་ལས་སོ་གསེང་ཆེ་རུ་སོང་བ་དང་། སོ་རྙིལ་རྙིད་འཁུམ། སོ་འགུལ་བ་བཅས་ཀྱི་རྒྱུ་མཚན་གང་ཡིན་ནམ།

སྣང་ཚུལ་འདི་རིགས་ནི་རྒྱུན་དུ་ཡུན་རིང་པོར་སོ་མི་འཁྲུད་པའི་མི་ཚོགས་ཁྲོད་དུ་ཐོན་གྱི་ཡོད་པ་དང་། ནད་པ་འདི་རིགས་ཀྱི་སོ་མ་བཀྲུས་གོང་ལ་སོའི་རྡེའུ་སྐྲན་ཅུང་མང་པོ་ཡོད་པ་དང་། སོ་གསེང་དུ་ཁེངས་ཡོད་པ་རེད། སོ་བཀྲུས་རྗེས་སོ་གསེང་གི་སོ་རྡེའུ་སྐྲན་མེད་པར་བཟོས་པས། སོའི་བར་གསེང་མངོན་གསལ་དུ་གྱུར་པ་རེད།

སོ་བཀྲུས་རྗེས་སོ་འགུལ་བར་གྱུར་པ་ནི་སོ་བཀྲུས་པ་ལས་བྱུང་བ་མ་རེད། ནད་པ་འདི་དག་གིས་དུས་ཡུན་རིང་པོར་སོ་མི་འཁྲིད་པའི་རྐྱེན་གྱིས་སོ་མཐའ་རུལ་ནད་ཚབས་ཆེ་ཙམ་ཕོག་ཅིང་། སོ་རྙིལ་རྙིད་འཁུམ་བྱུང་བའི་རྐྱེན་གྱིས་རེད། སོ་མ་བཀྲུས་གོང་དུ་སོ་རྡེའུ་སྐྲན་གྱིས་གནས་སྐབས་སོ་བརྟན་དུ་གཏོང་རོགས་བྱས་པས། ནད་པས་སོ་འགུལ་བ་ཚོར་མི་ཐུབ་པ་རེད། སོ་རྡེའུ་སྐྲན་མེད་པར་བཟོས་རྗེས། གནས་སྐབས་བརྟན་དུ་གཏོང་རོགས་བྱས་པ་མེད་པར་གྱུར་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།