ཀྲུང་གོ་བོད་ཀྱི་དྲ་བ།

སྐད་འགག་པ་ནི་མིད་པའི་གནད་དོན་ཡིན་པའི་ངེས་པ་མ་མཆིས་པར་སྐྲན་ནད་ཀྱིས་བསྐྱེད་པ་ཡིན་ཡང་སྲིད།

ཡོང་ཁུངས། : མདོ་ལྷོའི་དྲ་བ།     སྤེལ་དུས། : 2017-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དུས་རྒྱུན་འཚོ་བའི་ཁྲོད་དུ།  མི་མང་པོ་ཞིག་ལ་སྐད་འགག་པའི་གནས་ཚུལ་བྱུང་མྱོང་ངེས་རེད།  འོན་ཀྱང་།  མི་མང་ཆེ་བས་དེ་ནི་ཆེས་སྤྱིར་བཏང་གི་གནད་དོན་ཞིག་ལ་བསམ་བཞིན་ཡོད་ཅིང་།  ཆུ་ཁོལ་ཅུང་ཟད་འཐུང་ན་ཉིན་འགའི་རྗེས་སེལ་འགྲོ་བར་འདོད་ཀྱིན་ཡོད། དོན་དངོས་སུ། སྐད་འགག་པ་ལ་རྒྱུ་རྐྱེན་མང་པོ་ཞིག་ཡོད་ཅིང་།  དེ་ཐག་གཅོད་བྱས་པ་མ་བཟང་ཚེ་ལུས་ཕུང་གི་བདེ་ཐང་ལ་གནོད་པ་ཆེན་པོ་སྐྱེལ་ངེས་ཡིན།  དེས་ན།  ང་ཚོས་སྐྱོན་མེད་དུ་འདོད་པའི་གནད་དོན་ཆུང་ངུ་འདིའི་ཤུགས་སུ་མཉམ་འཇོག་བྱ་དགོས་པ་གང་དག་ཡོད་ཅེ་ན།

དོན་དངོས་སུ། སྐད་འགག་པ་ནི་ནད་རིགས་ཤིག་མ་ཡིན་པར། དེ་ནི་མིད་པའི་རྒྱུན་མཐོང་གི་སྣང་ཚུལ་ཞིག་རེད།  དེ་ལ་སྐད་སྦུག་གིས་བསྐྱེད་པ་ཡིན་སྲིད་ཅིང་།  ནད་རིགས་ཚབས་ཆེན་ཞིག་གི་བྱེ་བྲག་གི་ནད་རྟགས་ཡིན་ཡང་སྲིད།  མི་དམངས་ཉིན་རེའི་ཚགས་པར་ཕྱི་རྒྱལ་པར་མས་བསྒྲགས་པ་ལྟར་ན།  སྐད་ཆ་བཤད་པ་མང་དྲགས་པ་དང་སྐད་མཐོ་དྲགས་པ་སོགས་གོམས་གཤིས་ངན་པ་ལས་སྐད་འགག་པ་ལས་གཞན།  གཤམ་གྱི་རྒྱུ་རྐྱེན་འདི་དག་གིས་ཀྱང་སྐད་འགག་པར་བྱེད་ངེས་ཡིན།

1. བྱེ་བྲག་གི་ནད་འགྱུར། དཔེར་ན་མགྱོགས་པའི་རང་བཞིན་གྱི་མིད་པའི་གཉན་ཚད་དང་། དལ་བའི་རང་བཞིན་གྱི་མིད་པའི་གཉན་ཚད། སིབ་བི། རྒྱུ་བརྡུགས་ཚད་རིམས་སོགས། 

2. ཚོར་ལོག་སྣང་ཚུལ། དཔེར་ན་སྨན་རིགས་ཁ་ཅིག་དང་མེ་ཏོག་གི་རྡུལ་སོགས་ལས་ཚོར་ལོག་བསྐྱེད་པ།

3 .གྲེ་བ་སྤྲིད་པ་། གློ་གཅོང་དང་། ཨོལ་གོང་རྨེན་སྐྲན། མིད་པའི་འབྲས་སྐྲན་སོགས་ལས་གྲེ་བ་སྤྲིད་པའི་སྣང་ཚུལ་འབྱུང་ཡང་སྲིད།

4. ལུས་པོ་ཡོངས་ཀྱི་རང་བཞིན་གྱི་ནད་རིགས། དཔེར་ན་གསང་རྒྱུད་ཟགས་གཤེར་འཁྲིག་པ་དང་། སྙིང་གི་ནད། ཕོ་བའི་ནད་རིགས་སོགས།

གཞན་ཡང་། གསོ་རིག་ཆེད་མཁས་པས་གསུངས་པ་ལྟར་ན། སྐད་འགག་པ་ནི་གློ་བའི་སྐྲན་ནད་ཀྱི་དུས་རིམ་ཆེས་སྔ་བའི་སྐབས་ཀྱི་ཁྱད་རྟགས་ཤིག་ཡིན་ཏེ། གློ་བའི་སྐྲན་ནད་བྱུང་རྗེས་སུ་སྐྲན་ཐུམ་གྱིས་གྲེ་བ་སོགས་སྐད་འདོན་བྱེད་ཀྱི་དབང་རྩར་གནོད་པ་བྱས་ཏེ། སྐད་འགག་པར་འགྱུར་བ་ཡིན། སྐད་འགག་པ་འདི་རིགས་ལ་སྤྱིར་བཏང་གློ་བུར་དུ་འབྱུང་ཞིང་། མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བའི་ཁྱད་ཆོས་ཡོད། ཧ་ཅང་ལྕི་བའི་སྐབས་སུ་སྐད་སྒྲ་རྩ་བ་ནས་ཉམས་པར་འགྱུར་ཞིང་། དུས་མཚུངས་སུ་ནད་པ་མང་པོ་ཞིག་ལ་བྲང་ཁ་ན་བར་འགྱུར་ངེས་ཡིན། 

སྐད་འགག་པའི་སྣང་ཚུལ་བྱུང་ཚེ་ཅི་བྱ་དགོས་སམ།  དེའི་ཐད་དུ་ཆེད་མཁས་པའི་གསུངས་རྒྱུར།  ནད་ཐོག་སྨན་བཅོས་ཀྱི་སྐབས་སུ།  སྐད་ཇེ་སྦོམ་དུ་འགྲོ་བ་དང་།  སྐད་འགག་པ། ཐ་ན་སྐད་འདོན་མི་ནུས་པ་སོགས་ཀྱི་སྣང་ཚུལ་རྒྱུན་པར་འབྱུང་བཞིན་ཡོད་ཅིང་།  ནད་བསྐྱེད་པའི་ལྕི་ཡང་ནི་གཅིག་འདྲ་མིན་པར་ཅི་རིགས་ཤིག་ཡོད།  ནད་རྟགས་ཡང་བའི་སྐབས་སུ་བསྟེན་མི་དགོས་པར་ཁམས་གསོ་ཅུང་ཟད་བྱས་པས་ཆོག  ཅུང་ལྕི་བའི་རིགས་ནི་སྨན་ཁང་དུ་སོང་ནས་ཚད་ལྡན་གྱི་སྨན་བཅོས་བྱེད་དགོས་ལ།  དེ་ལས་ལྡོག་ན་ཉེན་ཁ་ཆེ་བར་འགྱུར་ཏེ།  དཔེར་ན་སྐད་སྒྲ་རྩ་བ་ནས་ཉམས་པ་སོགས་ཀྱང་འབྱུང་བར་འགྱུར་རོ།

གོང་གི་གནས་ཚུལ་དག་ཕྱོགས་བསྡོམས་བྱས་ཚེ།  ང་ཚོས་སྐད་འགག་པ་སོགས་གནད་དོན་ཆུང་བ་འདི་རིགས་ལའང་གཏན་ནས་སྣང་ཆུང་མི་བྱེད་པར།  ཧ་ཅང་གཟབ་ནན་གྱིས་དབྱེ་ཞིབ་བྱ་དགོས།  ལྷག་པར་དུ་སྐད་འགག་པའི་དུས་ཡུན་ཅུང་ཟད་རིང་ཞིང་ཅུང་ལྕི་བའི་སྐབས་སུ། དུས་ཐོག་ཏུ་སྨན་ཁང་དུ་སོང་སྟེ་སྨན་བཅོས་བྱ་དགོས།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།