བྱིས་པ་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་ཀྱི་མཉམ་འཇོག་འགའ།

1509435560104099.jpg

ཕྲུ་གུའི་མིག་ནང་ན་ཕ་མ་གཉིས་ནི་ལད་མོ་དང་སློབ་སྦྱོང་བྱེད་སའི་མིག་དཔེ་ཡིན།གལ་ཏེ་མི་དར་མ་རྣམས་ཀྱིས་བྱེད་སྟངས་མ་འགྲིག་པའམ་ཡང་ན་སློབ་གསོ་བྱེད་སྟངས་ཡག་པོ་མ་བྱུང་ན་ཕྲུ་གུའི་རིན་ཐང་ལྟ་བ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དང་།    ཚབས་ཆེ་བའི་རིགས་ཀྱིས་མི་ཚེ་གཅིག་ལ་ཤུགས་རྐྱེན་ཐེབས་སྲིད་ཀྱི་ཡོད།

ཁྱིམ་བདག་གིས་བྱིས་པའི་དོན་དག་ཡོད་ཚད་ཐག་གཅོད་མི་རུང་། 

བྱིས་པ་ལོ་ན་ཆུང་བས་ཁྱིམ་བདག་གི་སེམས་སུ་བྱིས་པས་ད་དུང་བསམ་ཤེས་ཀྱི་མེད་འདོད་ནས་བྱིས་པའི་ཚབ་བྱས་ཏེ་དོན་དག་ཚང་མ་ཐག་གཅོད་ཀྱི་ཡོད།   འདི་ལྟར་བྱས་ན་དོན་དངོས་ཐོག་ཕན་གྱི་མེད།    བཙན་གྱིས་བྱིས་པའི་དོན་དག་ཐག་གཅོད་པ་དང་བྱིས་པའི་བསམ་ཚུལ་བསྡུ་ལེན་མ་བྱས་ན་རིམ་བཞིན་བྱིས་པའི་མི་ཚེའི་རིན་ཐང་ལྟ་བའི་ཕྱོགས་ལ་མཇུག་འབྲས་ངན་པ་འབྱུང་གི་ཡོད།   

འཚོ་བའི་ཁྲོད་དུ་ང་ཚོར་དོན་དག་སྣ་མ་སྣ་ཚོགས་བྱུང་གི་ཡོད་པས་ཁོང་ཁྲོ་དང་སྐྲག་སྣང་།   འཚུབ་ཆ་ལངས་པའི་སེམས་ཁམས་ཤིག་གྲུབ་ཡོད་ཅིང་།     ཁོར་ཡུག་དེ་ལྟ་བུ་ཞིག་གི་ནང་དུ་བྱིས་པ་ཚོར་ཡང་སེམས་ཁམས་དེ་དག་གྲུབ་ནས་མི་དར་མའི་འཚོ་བའི་ཀུན་སྤྱོད་ཀྱི་ཕྱོགས་ཀྱི་ཤུགས་རྐྱེན་གང་རུང་ལ་བརྟེན་ནས།    བྱིས་པ་ཚོ་ནི་སྒེར་སེམས་ཆེ་བ་དང་།   གཞན་ལ་སེམས་ཁུར་དང་དོ་ཁུར་བྱེད་མི་ཤེས་པ།   བྱམས་སེམས་མེད་པ་ཞིག་ཏུ་འགྱུར་བཞིན་ཡོད།  

བྱིས་པར་བྱ་དངོས་གསར་བར་འབྲེལ་འདྲིས་བྱེད་དུ་མི་འཇུག་པ། 

བྱིས་པ་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད།   ཉེན་ཁའི་གནས་ཀྱང་མེད་པ་ཞིག་གཏན་ནས་མིན།   ཁྱིམ་བདག་མང་ཆེ་ཤོས་ཀྱིས་བྱིས་པ་ཉེན་ཁ་འཕྲད་པར་སེམས་ཁུར་བྱེད་པ་ལས།   ཉེན་ཁའི་རིགས་ལ་ཅི་ལྟར་གཞོལ་བ་དང་ཉེན་ཁའི་རིགས་ཅི་ལྟར་ཐག་གཅོད་པའི་ཤེས་བྱ་ཁྲིད་སྟོན་བྱེད་ཀྱི་མེད་ལ་གསལ་བཤད་ཡག་པོ་ཞིག་ཀྱང་བྱེད་ཀྱི་མེད།    དྲང་མོར་བཤད་ན་ཉེན་ཁ་ཙམ་ཡང་མ་བརྒྱུད་པར་ཅི་ལྟར་ནར་སོན་དགོས།   ཁྱིམ་བདག་གིས་བྱིས་པ་ལ་ཡང་དག་པའི་སྒོ་ནས་ཉེན་ཁའི་འདུ་ཤེས་དེ་ཤེས་སུ་འཇུག་དགོས་པ་དང་དེ་ལྟར་བྱས་ན་གང་ལེགས་ཀྱིས་འཚར་ལོངས་བྱུང་བར་ཕན་པ་ཡོད།   

མི་དར་མ་ཚོས་བྱིས་པར་རྫུན་བཤད་མི་རུང་། 

མཚམས་རེར་བྱིས་པར་རྫུན་རེ་བཤད་པ་ནི་བསམ་གཟས་ནས་བཤད་པ་ཞིག་མ་ཡིན་ཀྱང་།   བསམ་གཟས་ནས་བཤད་རུང་མ་བཤད་རུང་དོན་དངོས་དང་མི་མཐུན་པ་ཡིན་ན་རྫུན་དུ་གྱུར་ཡོད།    དེའི་རྐྱེན་གྱིས་གང་འདོད་དུ་རྫུན་བཤད་མི་རུང་།    རྫུན་བཤད་རྒྱུ་གོམས་ལོབས་སུ་སོང་ན་བདེན་རྫུན་གྱི་དབྱེ་བ་འབྱེད་དཀའ་ལ་ལོག་ལམ་དུ་ཞུགས་ཉེན་ཆེ།  

1509435560343101.jpg

ཐོག་མར་ཁྱིམ་བདག་གིས་སྒྲིག་ལམ་བརྩི་སྲུང་བྱེད་རྒྱུ་ཤིན་ཏུ་གལ་ཆེ།

དགེ་རྒན་གྱི་ཡང་དག་པའི་སློབ་གསོ་འོག   བྱིས་པ་ཚོས་ཅི་ནུས་ཀྱིས་ཁྲིམས་སྲོལ་དང་སྒྲིག་ལམ་བརྩི་སྲུང་བྱེད་ཀྱི་ཡོད།   ཡིན་ན་ཡང་མི་དར་མ་ཚོས་དེ་དག་ལག་ལེན་བཟང་བོ་བྱེད་ཐུབ་ཀྱི་མེད།     དཔེར་ན་རྒྱ་ལམ་ཕར་ཁ་འགྲོ་དུས་གློག་གི་གསལ་བརྡ་ལ་བལྟས་ནས་ཕར་འགྲོ་དགོས་ཀྱང་མི་དར་མ་རྣམས་ཀྱིས་བདེ་འཇགས་ལ་མི་བལྟར་བར་གང་འདོད་དུ་འགྲོ་བ་ལྟར།   མི་དར་མ་རྣམས་ཀྱིས་ཐོག་མར་སྒྲིག་ལམ་མ་བརྩིས་ན་རིམ་བཞིན་གོམས་གཤིས་ངན་པ་དེ་དག་གིས་བྱིས་པ་རྣམས་ལ་མཇུག་འབྲས་ངན་པ་བསྐྱེད་ཀྱི་ཡོད།  

ཁྱིམ་བདག་དང་བྱིས་པ་མཉམ་དུ་སྤྱི་གླིང་དུ་སོང་ནས་རྩེད་མོ་རྩེས་དུས་བྱིས་པ་རྣམས་ནི་མཚར་སྣང་ཆེ་བས་མེ་ཏོག་དང་རྩྭ་ལྡུམ་བཏོག་པར་དགའ་ཞིང་།    ཁྱིམ་བདག་རེ་ཤོས་ཀྱིས་བྱིས་པ་ལ་བསྟོད་བསྔགས་བྱེད་ཀྱང་སྲིད།   ཡིན་ན་ཡང་ས་ན་གད་སྙིགས་ཡོད་དུས་བྱིས་པ་ཚོས་གད་སྙིགས་དེ་བཏུས་ནས་ཁོར་ཡུག་གཙང་མ་བཟོ་དུས་ཁྱིམ་དུས་དེ་ནི་གཙང་མ་མིན་པ་དང་བཙོག་པོ་ཡིན་ཚུལ་བརྗོད་ནས་བཀག་འགོག་བྱེད་པས།   རིམ་བཞིན་སྤྱི་པའི་ཁོར་ཡུག་ཏུ་བྱིས་པའི་ལུས་ལ་གོམས་གཤིས་ངན་པ་ལོབས་ཏུ་བཅུག་ཡོད།   

བྱིས་པའི་བསམ་གཞིགས་ནུས་པ་རྒྱ་བསྐྱེད་པའི་གནད་དོན། 

འཕྲུལ་ཆས་རང་བཞིན་གྱི་སློབ་སྦྱོང་བྱེད་སྟངས་ཀྱིས་བྱིས་པའི་བསམ་གཞིགས་ནུས་པ་རྒྱ་བསྐྱེད་པར་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་ཡོད།   གསར་གཏོད་རང་བཞིན་མེད་ན་བསམ་གཞིགས་ཀྱི་ནུས་པ་རྒྱ་བསྐྱེད་པར་ཕན་པ་ཐོན་གྱི་མེད།    བྱིས་པས་ཁྱིམ་བདག་ལ་ཁྱིམ་བདག་གི་ཆུ་ཚད་ལས་བརྒལ་བའི་དྲི་བ་ཞིག་འདྲི་དུས།    ཁྱིམ་བདག་མང་ཆེ་ཤོས་ཀྱིས་སེམས་རྣལ་ལ་མི་ཕབ་པར་གང་འདོད་ཀྱི་ལན་སྟེར་བ་དང་།  ཡང་ན་བྱིས་པ་རང་ཉིད་འཚར་ལོངས་བྱུང་ན་ཤེས་རྟོགས་བྱུང་ངེས་རེད་ཅེས་ལན་འདེབས་པར་བྱེད།    བསམ་གཞིགས་ནུས་པ་རྒྱ་བསྐྱེད་པར་རོགས་རམ་མ་བྱས་ན་རིམ་བཞིན་བྱིས་པ་ཚོ་ནི་བསམ་གཞིགས་བྱེད་པར་མི་དགའ་ཞིང་།   འདྲི་ཚིག་འདྲི་རྒྱུ་མི་དགའ་བ།    དོན་དག་ལ་ཁ་ཡ་མི་བྱེད་པའི་མི་ཞིག་ཏུ་འགྱུར་བཞིན་ཡོད།  

བཟང་ངན་བསྡུར་རྒྱུ་མང་དྲགས་ན་བྱིས་པའི་བརྩི་མཐོང་ཇེ་ཞན་དུ་འགྲོ།

ཁྱིམ་བདག་ལ་ལས་རྒྱུན་དུ་རང་གི་བྱིས་པའི་ངན་ཕྱོགས་དེ་དང་གཞན་གྱི་བྱིས་པའི་བཟང་ཆ་གཉིས་བསྡུར་བ་བྱེད་ཀྱི་ཡོད།   དུས་ཡུན་རིང་བོ་འགོར་ན་བྱིས་པས་རང་ཉིད་ལ་ཡིད་ཆེས་མི་བྱེད་པ་དང་།   སེམས་ཤུགས་བརྟན་པོ་མིན་པ།   གཞན་ལ་ཕྲག་དོག་བྱེད་སླ་བའི་སེམས་ཁམས་ཤིག་གྲུབ་བཞིན་ཡོད།     ཁྱིམ་བདག་རང་ལ་ཕམ་ཁ་བྱུང་དུས་སྤྱི་ཚོགས་ཀྱི་ཕྱོགས་མང་པོ་འདྲ་མཉམ་དང་དྲང་བདེན་མིན་པའི་གཏམ་གང་རུང་བརྗོད་ན་བྱིས་པའི་སེམས་ཁམས་ལ་ཡང་དེ་བསྟུན་གྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད།  

འཚོ་བའི་གོ་རིམ་ཁྲོད།  ང་ཚོ་དོན་དག་བཟང་ངན་ཅི་རིགས་ལ་འཕྲད་ཀྱི་ཡོད།    སློབ་གསོ་ཡང་ཆུང་དུས་ནས་དམིགས་སུ་འཛིན་དགོས་པ་ཞིག་ཡིན་པས།   ཁྱིམ་བདག་གི་ཕྱོགས་ནས་ཅི་ནུས་ཀྱིས་བྱིས་པར་ཡ་རབས་དང་དྲང་བདེན།   དྲོད་འཇམ།  དཔལ་ཡོན་ལྡན་པའི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས།    ཡང་དག་པའི་སློབ་གསོ་དང་ཐབས་ལམ་ལ་བརྟེན་པ་ཡིན་ན་བྱིས་པའི་རིན་ཐང་ལྟ་བ་དང་མི་ཚེའི་ལྟ་བ་སོགས་ཇེ་བཟང་ཇེ་རྒྱས་སུ་སོང་ནས།   རང་གཞན་ཀུན་ལ་ཕན་ཐོགས་ཐུབ་པ་རེད།     གང་ལྟར་ཀྱང་ཐོག་མར་ཁྱིམ་བདག་མི་རང་ཉིད་ནས་འགོ་བརྩམས་ཏེ་རང་དཔེ་གཞན་སྟོན་བྱེད་པ་གལ་ཆེ་ཞིང་།   ཁྱིམ་བདག་ཅིག་ཡིན་པའི་འགན་འཁྲི་དེ་ནི་དང་ལེན་དང་ལག་ལེན་བྱེད་རྒྱུ་ཤིན་ཏུ་གལ་ཆེ་བ་ཞིག་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།