ཀྲུང་གོ་བོད་ཀྱི་དྲ་བ།

རྒན་པ་རྣམས་ཀྱིས་རྒྱུན་མཐོང་གི་ཁ་པར་མགོ་སྐོར་འདི་དག་ལ་མཉམ་འཇོག་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱུན་མཐོང་གི་ཁ་པར་མགོ་སྐོར་ཁྲོད་མགོ་སྐོར་གཏོང་མཁན་གྱིས་གཡོ་སྒྱུ་རྣམ་པ་སྣ་ཚོགས་སྤྱད་དེ་མགོ་སྐོར་གཏོང་བཞིན་ཡོད་པས།ཀློག་པ་པོ་རྣམས་ལ་ཁ་པར་མགོ་སྐོར་གྱི་རྒྱུན་མཐོང་གི་རྣམ་པ་འགའ་ཕྱོགས་སྡོམ་བྱས་ཡོད་པ་སྟེ།

གཅིག ཁ་པར་གྱི་ཁ་གཏན་ནས་རྒྱག་མི་རུང་བར་བཤད་པ།

མགོ་སྐོར་གཏོང་མཁན་གྱིས་ཁ་པར་གཏོང་སྐབས།རྒྱུན་དུ་རྒན་པ་རྣམས་ལ་ཁྱོད་རང་གྱོད་དོན་ག་གེ་མོ་དང་འབྲེལ་ཡོད་པས།གནས་ཚུལ་འདི་གསང་བ་བྱེད་དགོས་ཚུལ་བཤད་དེ།རྒན་པ་རྣམས་ལ་ཁ་པར་གྱི་ཁ་གཏན་ནས་རྒྱག་ཏུ་མི་འཇུག་པ་རེད། དེ་ལྟར་བཤད་པའི་དམིགས་ཡུལ་ནི་གཅིག་ནས་རྒན་པ་རྣམས་ལ་བསམ་བློ་ཞིབ་མོ་གཏོང་ཁོམ་མེད་པར་བྱེད་པ་དང་།གཉིས་ནས་རྒན་པ་རྣམས་ལ་ཡུལ་མི་དང་གྲོས་བསྡུར་བྱེད་དུ་མི་འཇུག་པའམ་ཡང་ན་ཉེན་རྟོག་པར་རོགས་སྐྱོར་བྱེད་རོགས་ཞུ་རུ་མི་འཇུག་རྒྱུའི་ཆེད་རེད།

གཉིས། དྲ་བའི་དངུལ་བྱང་འཛུགས་པ་དང་ཡང་ན་བསྐྱར་དུ་དངུལ་བྱང་གསར་པ་ཞིག་འཛུགས་དགོས་པར་བཤད་པ།

མགོ་སྐོར་གཏོང་མཁན་མང་པོ་ཞིག་གིས་རྒྱུན་དུ་རྒན་པ་རྣམས་ལ་དྲ་བའི་དངུལ་བྱང་འཛུགས་པའམ་ཡང་ན་ཡང་བསྐྱར་དངུལ་བྱང་གསར་པ་ཞིག་འཛུགས་དགོས་པའི་རེ་བ་འདོན་བཞིན་ཡོད།དོན་དངོས་སུ་རྒྱུན་ལྡན་གྱི་གནས་ཚུལ་འོག མི་སུ་ཞིག་གིས་ཀྱང་ཁ་པར་གྱི་ལམ་ནས་རྒན་པར་བཙན་ཤེད་ཀྱིས་དངུལ་བྱང་འཛུགས་པ་དང་ཡང་ན་དྲ་བའི་དངུལ་བྱང་འཛུགས་དགོས་པའི་རེ་བ་འདོན་མི་སྲིད།དངུལ་ཁང་གི་ལས་བྱེད་མི་སྣས་ཁ་པར་གཏོང་སྐབས།ཁྱོད་ལ་དེའི་ཕྱོགས་ཀྱི་དགོས་མཁོ་ཡོད་མེད་འདྲི་བ་ལས།བཙན་ཤེད་ཀྱིས་འཛུགས་དགོས་པའི་རེ་བ་འདོན་མི་སྲིད།

གསུམ། ཁ་པར་གྱི་ལམ་ནས་ཁ་བརྡ་བྱེད་པའི་ནང་དོན་དག་ཉེན་རྟོག་པ་དང་ཁྱིམ་མི་ལ་གཏན་ནས་ཤེས་སུ་འཇུག་མི་རུང་བར་བཤད་པ།

མགོ་སྐོར་གཏོང་མཁན་གྱི་གཡོ་སྒྱུ་འདིས་རྒན་པ་རྣམས་ལ་ངོ་ཤེས(ཁྱིམ་མི་དང་གཉེན་ཉེ་གྲོགས་པོ)དང་འབྲེལ་གཏུག་བྱེད་མི་ཐུབ་པར་བྱེད་པ་དང་། ཐ་ན་རྒན་པས་སྤྱི་བདེ་ལས་ཁུངས་དང་འབྲེལ་གཏུག་བྱེད་མི་ཐུབ་པར་བྱས་ཏེ།རྒན་པ་རྣམས་གྱོད་དོན་ག་གེ་མོ་དང་འབྲེལ་ཡོད་པར་བཤད་དེ།“སྤྱི་བདེ་ལས་ཁུངས”དང“ཞིབ་དཔྱོད་ཁང།”“ཁྲིམས་ཁང”བཅས་ཀྱི་ལས་བྱེད་མི་སྣ་མངགས་ནས་མུ་མཐུད་དུ་རྒན་པའི་བསམ་བློ་སྒྱུར་གྱིན་འདུག

བཞི། མི་མེད་ལྷིང་འཇགས་ཀྱི་ས་ཆ་ཞིག་བཙལ་ཏེ་ཁ་པར་གཏོང་དགོས་པར་བཤད་པ།

གལ་ཏེ་ཉེན་རྟོག་པས་ཁྱོད་ལ་ཁ་པར་བཏང་ན།འདིའི་རིགས་ཀྱི་རེ་བ་ཡོད་མི་སྲིད། མི་མེད་ལྷིང་འཇགས་ཀྱི་ས་ཆ་ཞིག་བཙལ་དགོས་པའི་རྒྱུ་མཚན་ནི་ཁོ་ཚོས་མགོ་སྐོར་གཏོང་བདེ་བའི་ཆེད་ཡིན་ལ། མི་ཁ་ཤས་ཀྱིས་མགོ་མི་ཆུད་སར་སྐེ་བསྲིངས་ནས་གནོད་འཚེ་ཐེབས་མཁན་ལ་དྲན་སྐུལ་བྱེད་པར་དོགས་པ་རེད།

ལྔ། སྐད་འཕྲིན་དང་བརྙན་སྐྱེལ་གྱི་ལམ་ནས་འཛིན་བཟུང་བཀའ་རྒྱ་བསྐུར་བ།

མགོ་སྐོར་གཏོང་མཁན་གྱིས་རྒྱུན་དུ་འདྲ་པར་བཟོ་བཅོས་མཉེན་ཆས་སྤྱད་དེ་འཛིན་བཟུང་བཀའ་རྒྱ་བཟོས་ནས་རྒན་པ་རྣམས་ལ་སྐུར་གྱིན་ཡོད།དེ་བས་མཚམས་ལན་རེར་མིག་གིས་མཐོང་བ་ཡོད་ཚད་བདེན་དོན་ཡིན་པའི་ངེས་པ་མེད།

དྲུག དྲ་ངོས་འབྲེལ་མཐུད་བྱས་ཏེ་གྱོད་སྒྲུབ་འཕེལ་རིམ་ལ་བལྟ་དགོས་པར་བཤད་པ།

གྱོད་སྒྲུབ་ཡིག་རིགས་ནི་སྤྱིར་བཏང་གིས་མི་སྒེར་ལ་བསྐུར་མི་སྲིད་པ་དང་།ནང་སྒོས་སུ་དྲ་བ་བརྒྱུད་དེ་རྒན་པར་བསྐུར་ཏེ་གྱོད་སྒྲུབ་འཕེལ་རིམ་ལ་བལྟ་དགོས་པའི་རེ་བ་དེ་བས་ཀྱང་འདོན་མི་སྲིད།དེའི་རྐྱེན་གྱིས་ཅི་ཡིན་མི་ཤེས་པའི་འབྲེལ་མཐུད་གཏན་ནས་སྦྲེལ་མི་རུང་།

བདུན། 114ལ་ཁ་པར་བཏང་ནས་ཨང་གྲངས་འཚོལ་དགོས་པར་བཤད་པ།

དྲ་བའི་སྟེང་དུ་མགོ་སྐོར་གཏོང་མཁན་གྱིས་རྒྱུན་དུ“ཨང་གྲངས་བསྒྱུར་བའི་མཉེན་ཆས”སྤྱད་དེ། འབྲེལ་ཡོད་སྡེ་ཁག་གི་ཨང་གྲངས་རྫུན་མ་བཟོ་བཞིན་ཡོད། གྱོད་དོན་འདིའི་རིགས་ཀྱི་ཁྲོད་དུ།མགོ་སྐོར་ཐེབས་པའི་རྒན་པའི་ཁ་པར་སྟེང་མངོན་པའི་ཨང་གྲངས་ནི་སྡེ་ཁག་ག་གེ་མོ་ཞིག་གི་ཨང་གྲངས་ཡིན་པ་འདྲ།དེ་བས་ཁ་པར་ཨང་གྲངས་ཀྱི་གཡོ་འོག་ཏུ་ཚུད་པར་གཟབ་དགོས།

བརྒྱད། སྒོར་མོ་བདེ་འཇགས་རྩིས་ཐོ་སྟེང་དུ་འཇོག་དགོས་པར་བཤད་པ།

སྤྱི་དཔྱོད་ཁྲིམས་གསུམ་ལས་ཁུངས་ལ་གྱོད་དོན་སྒྲུབ་པའི་གོ་རིམ་ཁྲོད“བདེ་འཇགས་རྩིས་ཐོ”མེད། དེ་བས་མི་གཞན་གྱིས་ཁ་པར་བཏང་ནས་ཁྱེད་ཉིད་གྱོད་དོན་དང་འབྲེལ་ཡོད་པས།བདེ་འཇགས་རྩིས་ཐོའི་སྟེང་དུ་ཁག་ཐེག་དངུལ་འཇོག་དགོས་པར་བཤད་སྐབས།དེ་ནི་མགོ་སྐོར་གཏོང་མཁན་ཡིན་ཁོ་ཐག་རེད་དོ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།