ཀྲུང་གོ་བོད་ཀྱི་དྲ་བ།

གནམ་གྲུར་སྡོད་སྐབས་ཀྱི་དོ་སྣང་བྱ་ཡུལ་འགའ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྲོགས་པོ་མི་ཉུང་བ་ཞིག་ལ་གནམ་གྲུར་བསྡད་པའི་ཉམས་མྱོང་ཡོད་སྲིད་ཀྱང་། མི་མང་པོ་ཞིག་གིས་སྔར་བཞིན་གནམ་གྲུར་སྡོད་སྐབས་དོ་སྣང་བྱ་ཡུལ་གང་འདྲ་ཡོད་མེད་ཤེས་འདོད་ཆེ་བས། གཤམ་ནས་གནམ་གྲུར་སྡོད་སྐབས་དོ་སྣང་བྱ་ཡུལ་གང་དག་ཡོད་པ་བརྗོད་པར་བྱའོ། །

གཅིག གནམ་གྲུར་སྡོད་སྐབས་དོ་སྣང་བྱ་ཡུལ་གང་དག་ཡོད།

1 གནམ་གྲུར་སྡོད་སྐབས་དོ་སྣང་བྱ་ཡུལ་གང་དག་ཡོད།

གནམ་གྲུ་མ་འཕུར་གོང་གི་ཆུ་ཚོད་ཕྱེད་ཀའི་སྔོན་ལ་ངེས་པར་དུ་འགྲོ་ལུགས་ཆ་ཚང་བསྒྲུབ་དགོས་པས། རབ་ཡིན་ན་གནས་ཚུལ་ལ་གཞིགས་དགོས་ཤིང་ལྷག་པར་དུ་དུས་ཆེན་གཟའ་འཁོར་དང་དཔྱིད་གསར་སྐྱེལ་འདྲེན་སོགས་འགྲུལ་བ་མང་དུས་སུ་སྔོན་ལ་གནམ་གྲུ་འབབ་ཐང་དུ་སླེབས་དགོས། གནམ་གྲུ་འབབ་ཐང་འགའ་ཞིག་ནས་ཧ་ཅང་ནན་མོ་ཡིན་ཞིང་དུས་ཚོད་སླེབས་རྗེས་འགྲོ་ལུགས་བསྒྲུབ་མཚམས་འཇོག་པ་རེད། དཔེར་ན་པེ་ཅིང་གི་གནམ་གྲུ་འབབ་ཐང་ལྟ་བུ། སྒེའུ་ཁུང་འགྲམ་དུ་སྡོད་པར་དགའ་བའི་གྲོགས་པོ་རྣམས་ཀྱིས་གནམ་གྲུར་འཛུལ་བའི་སྤ་སེ་བརྗེ་སྐབས་ལས་སྣ་བར་སྒེའུ་ཁུང་འགྲམ་གྱི་འདུག་སྟེགས་ཤིག་བཙལ་དུ་བཅུག་ཆོག སྤྱིར་བཏང་དུ་ཁྱེད་ལ་འདུག་སྟེགས་རང་མོས་ཀྱིས་གདམ་རྒྱུར་གནད་དོན་མེད་ཀྱང་། གལ་སྲིད་ཁྱོད་རང་འཕྱིས་དྲགས་ཚེ་འདུག་སྟེགས་ཚང་མ་མི་གཞན་ལ་བཀོད་སྒྲིག་བྱས་ཡོད་པས་རང་ཉིད་ལ་གདམ་དབང་མེད་ཀྱང་སྲིད།

ལམ་ཆས་བཅོལ་སྐྱེལ་བྱེད་སྐབས་གནམ་གྲུ་འབབ་ཐང་ལ་འགན་བཅོལ་གྲོན་དངུལ་སྒོར་10ཡས་མས་སྤྲོད་དགོས། དཔེར་ན་ཧྥུ་ཀྲོའུ་གནམ་གྲུ་འབབ་ཐང་ལྟ་བུ། གལ་ཏེ་ཁྱོད་ཀྱི་ལམ་ཆས་སྒམ་ཆུང་ལ་ཟྭ་མེད་ཚེ་གནམ་གྲུ་འབབ་ཐང་འགའ་ཤས་ཤིག་གིས་ཁྱེད་ལ་སྒོར་5ཡིས་ཟྭ་ཞིག་ངེས་པར་དུ་ཉོ་རུ་འཇུག་ངེས། དཔེར་ན་ཀོང་ཀྲོའུ་གནམ་གྲུ་འབབ་ཐང་ལྟ་བུ། སིལ་ཏོག་གཏུབ་གྲི་འཁྱེར་བར་རབ་ཡིན་ན་ལམ་ཆས་ཀྱི་ནང་དུ་བཅུག་ན་བཟང་བ་མ་གཏོགས་90%གཞུང་བཞེས་བྱེད་སྲིད། དེ་མིན་སྲོག་ཆགས་ཆུང་ཆུང་གནམ་གྲུའི་སྟེང་དུ་འཁྱེར་མི་ཆོག བཅོལ་སྐྱེལ་བྱེད་པར་འགོས་ནད་ཞིབ་བཤེར་དཔང་ཡིག་དགོས་པས་དེ་ཙམ་རྙོག་དྲ་ཆེ། རྫ་མའི་ནང་གི་རྩི་ཤིང་དང་མེ་ཏོག་རིགས་ནི་འཁྱེར་ཆོག་པ་ཡིན།

2 གནམ་གྲུར་སྡོད་སྐབས་འཛེམ་བྱ་གང་དག་ཡོད།

2.1 སྐེག་རྫས་འཁྱེར་ཆོག་པའི་བོངས་ཚད་100mlལས་བརྒལ་མི་ཆོག་ལ། དེར་སྐྲ་བཀྲུ་རྫས་དང་ཁྲུས་རྫས་མི་འདུ།

2.2 མེ་ཆ་དང་། གཞོག་གྲི། དྲི་མ་ཆེ་བའི་ཟས་རིགས་དང་། སིལ་ཏོག ཆང་། སྐོམ་ཆུ་བཅས་འཁྱེར་མི་ཆོག རྒྱལ་ནང་གི་གནམ་གྲུར་སྡོད་སྐབས་འགྲུལ་བས་ལུས་སྟེང་གི་དངོས་པོ་རེ་རེའི་བོངས་ཚད་100mlདང་སྤྱིའི་བོངས་ཚད་1000mlལས་བརྒལ་མི་ཆོག་པ་དང་། དམངས་འགྲུལ་མཁའ་སྐྱོད་ཁྲིམས་སྲོལ་ནང་དུ་བཀག་སྡོམ་བྱས་པའི་འབར་སླ་ཞིང་གས་སླ་བའི་དངོས་པོ་རྣམས་མི་འདུ།

2.3 ཨ་རག་ཉིང་ཁུའི་འདུས་ཚད་ཏུའུ་24མན་(ཏུའུ་24འདུ)གྱི་ཆང་རིགས་དངོས་རྫས་རྣམས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ནང་དུ་ཚད་བཀག་མེད། ཨ་རག་ཉིང་ཁུའི་འདུས་ཚད་ཏུའུ་24ནས་70(འདུ)བར་གྱི་དངོས་རྫས་རྣམས་སྤྱིའི་བོངས་ཚད་5L(ཧྲེང་)ལས་བརྒལ་མི་ཆོག  ཨ་རག་ཉིང་ཁུ་ཏུའུ་70ཡན་གྱི་དངོས་རྫས་སྐྱེལ་འདྲེན་བྱས་མི་ཆོག ཆང་རིགས་དངོས་རྫས་ཀྱི་ཕྱི་ཐུམ་ནི་དམངས་འགྲུལ་མཁའ་སྐྱོད་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས། 

3  མི་སུ་དག་གནམ་གྲུར་སྡོད་མི་འོས་སམ།

3.1 འགོས་ནད་ཕོག་པའི་མི། འགོས་ནད་རང་བཞིན་གྱི་མཆིན་ནད་དང་། གློ་བའི་གཅོང་ནད། ཚད་རིམས་སོགས་ཀྱི་འགོས་ནད་ཕོག་པའི་མི་རྣམས་རྒྱལ་ཁབ་ཀྱི་གཏན་འབེབས་བྱས་པའི་ཟུར་འཇོག་དུས་ཡུན་རིང་གནམ་གྲུ་ལ་སྡོད་མི་རུང་། དེའི་ཁྲོད་ཆུ་འབྲུམ་ནད་པ་སངས་དྲགས་མ་བྱུང་བའི་མིའང་གནམ་གྲུར་སྡོད་མི་རུང་།

3.2 སྨྱོན་པ། དཔེར་ན་བརྒྱལ་གཟེར་དང་སྨྱོན་པའི་རིགས་སྣ་ཚོགས་ལྟ་བུ། དེ་ཡང་འདི་དག་མཁའ་འགྲུལ་སྐབས་སུ་ནད་གཞི་དྲག་པོ་འབྱུང་ཉེན་ཆེ་བས་གནམ་གྲུར་སྡོད་མི་འོས།

3.3 སྙིང་གི་ཁྲག་རྩའི་ནད་ཡོད་མཁན། གནམ་མཁའ་ནས་གསོ་རླུང་ཅུང་མི་འདང་བས། སྙིང་གི་ཁྲག་རྩའི་ནད་རིགས་ཡོད་མཁན་ཚོར་ནད་སླར་སློང་པའམ་ཡང་ན་ནད་གཞི་ཇེ་སྡུག་ཏུ་འགྲོ་སྲིད་པ་དང་། ལྷག་པར་དུ་སྙིང་གི་བྱེད་ནུས་ཆ་མི་ཚང་བའི་མི་རྣམས་གསོ་རླུང་དཀོན་པའི་གནས་ཚུལ་འོག སྙིང་ཤ་གསོ་རླུང་མི་འདང་བར་གྱུར་ཏེ་སྙིང་རྩ་འགག་སྲིད་པས། ཁྲག་ཤེད་མཐོ་བའི་ནད་པ་ཚབས་ཆེན་རིགས་ཀྱང་སྤྱིར་བཏང་གནམ་གྲུར་སྡོད་མི་འོས།

3.4 ཀླད་རྩའི་ནད་པ།  དཔེར་ན་ཀླད་རྩ་འགག་པ་དང་། ཀླད་པར་ཁྲག་རྡོལ་བ། ཀླད་སྐྲན་ཅན་སོགས་ཀྱི་ནད་པ་སྟེ། གནམ་གྲུ་ཡར་འཕུར་བ་དང་མར་འབབ་པའི་དུས་སུ་འུར་སྒྲ་ཆེ་ཞིང་། འདར་འགུལ་དང་གསོ་རླུང་དཀོན་པ་དེས་ནད་གཞི་ཇེ་སྡུག་ཏུ་འགྲོ་སྲིད་པས་གནམ་གྲུར་སྡོད་མི་རུང་།

གཉིས། གནམ་གྲུར་སྡོད་སྐབས་ལག་ཁྱེར་གང་དག་དགོས།

1 ཕྲུ་གུ་དམར་འབྱར་ལོ་0-2བར་ལ་སྐྱེ་ཡིག་གམ་ཐེམ་ཐོ་དགོས་པ་དང་། དར་མའི་སྤ་སེའི་10%སྤྲོད་པ་ལས། གནམ་གྲུ་འབབ་ཐང་གི་འཛུགས་སྐྲུན་གྲོན་དངུལ་དང་འབར་སྣུམ་གྱི་གྲོན་དངུལ་ཟུར་སྣོན་བྱེད་མི་དགོས། དེས་འདུག་སྟེགས་མི་ཟིན།

2 བྱིས་པ་ལོ་2-12བར་ལ་ཐོབ་ཐང་ལག་ཁེར་རམ་ཐེམ་ཐོ་དགོས་པ་དང་།  དར་མའི་སྤ་སེའི་50%སྤྲོད་པ་ལས། གནམ་གྲུ་ཐང་གི་འཛུགས་སྐྲུན་གྲོན་དངུལ་དང་འབར་སྣུམ་གྱི་གྲོན་དངུལ་ཟུར་སྣོན་བྱེད་མི་དགོས། དེས་འདུག་སྟེགས་ཟིན། 

3 དར་མ་ལོ་12ཡན་གྱི་ཀྲུང་གོའི་སྤྱི་དམངས་ཀྱི་ཁྲིམས་མཐུན་ཐོབ་ཐང་ལག་ཁྱེར་ནི། སྡོད་དམངས་ཀྱི་ཐོབ་ཐང་ལག་ཁྱེར་དང་།  ལམ་ཡིག ཞང་ཀང་ཨའོ་མོན་ཐའེ་ཝན་གྱི་ལམ་ཁྱེར། ཉེན་རྟོག་དཔོན་པོའི་འཛིན་ཡིག  དམག་དཔོན་གྱི་འཛིན་ཡིག འཐབ་མོ་བའི་འཛིན་ཡིག་བཅས་ཡིན་པ་ལས། དཔང་ཡིག་གཞན་པ་གཅིག་ཀྱང་ཐོབ་ཐང་དཔང་ཡིག་ཏུ་བྱེད་མི་རུང་ལ། དེར་བརྟེན་ནས་གནམ་གྲུ་ལའང་འཛུལ་མི་ཆོག(ཁ་ལོ་བའི་འཛིན་ཡིག་དང་གནས་སྡོད་འཛིན་ཡིག་ཀྱང་མི་ཆོག) སྤ་སེའི་རིན་གོང་ནི་མཁའ་འགྲུལ་ཀུང་སི་སོ་སོས་ཁྱབ་བསྒྲགས་བྱས་པའི་སྤ་སེའི་རིན་གོང་ཚད་གཞིར་འཛིན་དགོས།

གསུམ། གནམ་གྲུར་སྡོད་སྐབས་མགོ་བོ་ན་བ་ཇི་ལྟར་སྔོན་འགོག་བྱེད་དགོས།

གནམ་གྲུ་ནས་མགོ་བོ་ན་སྟེ་སྐྱུག་མེར་ལངས་པ་ནི་དོ་མཉམ་དབང་བོ་འཁྲུག་པ་དང་ལུས་པོའི་དབང་སྟོབས་ཅུང་ཞན་པའི་རྒྱུ་མཚན་ཡིན། སྤྱིར་བཏང་གནམ་གྲུར་མ་འཛུལ་བའི་ཡར་སྔོན་གྱི་སྐར་མ་15ནང་གནམ་གྲུའི་མགོ་བོ་ན་བ་འགོག་པའི་སྨན་རིགས་འཐུང་ན་བདེ་ཐང་ཡོང་ངེས།  གནམ་གྲུ་ལ་བསྡད་ན་མགོ་བ་ན་བ་ཚབས་ཆེ་བ་རྣམས་ཀྱིས་གནམ་གྲུར་མ་བསྡད་པའི་ཡར་སྔོན་དུ་གཉིད་འདང་ངེས་ལོག་པ་དང་། གནམ་གྲུ་མ་འཕུར་བའི་ཡར་སྔོན་གྱི་ཆུ་ཚོད་གཅིག་གམ་མ་མཐའ་ཡང་ཆུ་ཚོད་ཕྱེད་ཀའི་སྔོན་དུ་ལུས་ཁམས་དྭངས་པའི་སྨན་རྫས་འཐུང་དགོས། གང་ཐུབ་ཅི་ཐུབ་ཀྱིས་སྒུལ་འཕྲུལ་ལ་ཐག་རིང་ལ་སྒེའུ་ཁུང་འགྲམ་ཡིན་པའི་འདུག་སྟེགས་གདམ་དགོས། དེར་འཛེར་སྒྲ་ཆུང་ཞིང་མཐོང་ཡངས། དེ་མིན་བློ་རྩེ་ཕྱོགས་གཞན་ལ་གཏད་པ་སྟེ། དཔེར་ན་དཔེ་ཆ་བལྟ་བ་དང་། ཁ་བརྡ་བྱེད་པ།  གླུ་གཞས་ཉན་པ་སོགས་ཀྱང་འོས།

བཞི། གནམ་གྲུར་སྡོད་སྐབས་ལམ་ཆས་ག་ཚོད་འཁྱེར་ཆོག་གམ།

གལ་སྲིད་རྒྱལ་ནང་གི་གནམ་གྲུར་སྡོད་ཚེ་འགྲུལ་བ་རེ་རེར་རིན་མེད་དུ་སྐྱེལ་ཆོག་པའི་བཅོལ་སྐྱེལ་དངོས་པོ་དང་ལག་ཐོགས་དངོས་པོར་ཚད་བཀག་ཡོད་པ་གཤམ་ལྟར། ལག་ཐོགས་དངོས་པོའི་སྤྱིའི་ལྗིད་ཚད་འགྲུལ་བ་རེ་རེར་5kgསྟེ་བོངས་ཚད་ལི་སྨི་གྲུ་བཞི་20×40×55ལས་བརྒལ་མི་ཆོག བཅོལ་སྐྱེལ་དངོས་པོ་ནི་མདོ་འདུག་འགྲུལ་བས་20kgཅན་དང་། བར་འདུག་འགྲུལ་བས་30kgཅན། དབུ་འདུག་འགྲུལ་བས་40kgཅན་བཅས་འཁྱེར་ཆོག གལ་སྲིད་རྒྱལ་སྤྱིའི་གནམ་གྲུར་སྡོད་ཚེ་འགྲུལ་བ་རེ་རེར་ལག་ཐོགས་དངོས་པོའི་སྤྱིའི་ལྗིད་ཚད་7kg(མཁའ་འགྲུལ་ཀུང་སི་སྐོར་ཞིག་གིས་ལྗིད་ཚད་ལ་དམིགས་བསལ་གྱིས་གཏན་འབེབས་བྱས་ཡོད)དང་དངོས་པོ་རེ་རེའི་བོངས་ཚད་ལི་སྨི་གྲུ་བཞི་20×40×55(མཐའ་གསུམ་གྱི་སྡོམ་དེ་ལི་སྨི་115ལས་བརྒལ་མི་ཆོག)ལས་བརྒལ་མི་ཆོག  ལྗིད་ཚད་དང་བོངས་ཚད་འདི་ལས་བརྒལ་བའི་དངོས་པོ་རྣམས་ནི་བཅོལ་སྐྱེལ་དངོས་པོའི་གྲས་སུ་འཇོག་དགོས།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།