ཀྲུང་གོ་བོད་ཀྱི་དྲ་བ།

ཟ་མ་མ་ཟོས་གོང་ཞོ་བཏུངས་ན་ཁྲག་ཤེད་ཇེ་དམའ་རུ་གཏོང་ཐུབ་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དབྱིན་ཇིའི“ཉིན་རེའི་སྦྲགས་སྲིད་ཚགས་པར”སྟེང་བཀོད་པ་ལྟར་ན།ཨ་མེ་རི་ཁའི་ཆེས་གསར་པའི་ཞིབ་འཇུག་ཅིག་ལས་ཟ་མ་མ་ཟོས་གོང་ཞོ་བཏུངས་ན།གཉན་ཚད་ཇེ་ཉུང་དང་ཁྲག་ཤེད་ཇེ་དམའ་རུ་བཏང་སྟེ།རྒྱུ་ལམ་བདེ་ཐང་ཡོང་བར་ཕན་པ་ཆེན་པོ་ཡོད་པ་ཤེས།ཨ་མེ་རི་ཁའི་ཝེ་སི་ཁང་ཤིན་སློབ་ཆེན་མའེ་ཏི་སུན་ཡན་ལག་སློབ་གྲྭའི་ཟས་རིགས་ཚན་རིག་ཁག་གི་དགེ་རྒན་ཆེན་མོའམ་འབུམ་རམས་པ་པུའུ་ལཱ་ཏི·པའོ་ལིན་དང་ཁོའི་ཞིབ་འཇུག་ཚན་ཆུང་གིས་ཟླ་མཚན་ཆད་མེད་པའི་བུད་མེད60(དེའི་ཁྲོད་ཀྱི་ཕྱེད་ཀར་ཚོ་དྲགས་པའི་ནད་བྱུང་ཡོད་པ་དང་།ཕྱེད་ཀའི་ལུས་པོའི་ལྗིད་ཚད་རྒྱུན་ལྡན་ཡིན)གདམ་གསེས་བྱས་ཏེ། ཁོ་ཚོར་ཉིན་རེའི་ཟ་མ་མ་ཟོས་གོང་ཞག་ཚིལ་ཉུང་བའི་ཞོ་ཁེ340ཙམ་འཐུང་དུ་བཅུག་པ་དང་། ཞིབ་བསྡུར་བྱེད་ཆེད། བུད་མེད་གཞན་པ60ལ་ཚ་ཚད་མཐོ་ཞིང་འོ་བཟོས་མ་ཡིན་པའི་ཟས་རིགས་བཟའ་རུ་བཅུག མཇུག་འབྲས་ལས་མངོན་པ་ལྟར་ན།ཟ་མ་མ་ཟོས་གོང་ཞོ་བཏུངས་ན། ཟ་མ་བཟའ་བའི་སྐབས་སུ་ཤའི་རིགས་དང་ཐཱན་ཆུ་འདྲེས་རྫས་མང་དུ་འཐུང་ནའང་པའོ་ཧི་ཞག་ཚིལ་དང་ཞག་ཚིལ་གྱིས་བསླངས་པའི་གཉན་ཚད་འཇོམས་ཐུབ་པ་རེད། དལ་གཤིས་གཉན་ཚད་དང་ཚོ་དྲགས་པ། འདོར་ལེན་ཕྱོགས་བསྡུས་ནད་གཞི། སྙིང་གི་ཁྲག་རྩའི་ནད་བཅས་ལ་འབྲེལ་བ་དམ་པོ་ཡོད།

ཞིབ་འཇུག་མི་སྣས་འགྲེལ་བཤད་བྱས་ཏེ་བཤད་རྒྱུར། ཞོ་ཡིས་ཟ་མ་ཟོས་རྗེས་ཀྱི་ཁྲག་ཧྭགས་ཇེ་དམའ་རུ་བཏང་བ་བརྒྱུད་དེ་ཚོ་དྲགས་ནད་པའི་རྒུན་འབྲུམ་མངར་མོ་འདོར་ལེན་བྱེད་པའི་བྱེད་ནུས་ལེགས་སྒྱུར་བྱེད་པའི་དབང་གིས། ཁྲག་རྒྱུན་ཁྲོད་ཀྱི་གཉན་ཚད་རྡུལ་ཕྲའི་གྲངས་འབོར་མངོན་གསལ་གྱིས་ཇེ་དམའ་རུ་བཏང་བ་རེད། ཞིབ་འཇུག་བྱེད་པའི་གོ་རིམ་ཁྲོད།ཕན་ནུས་དེ་བསྟུད་མར་གཟའ་འཁོར9ལ་རྒྱུན་འཁྱོངས་བྱས་པས། ཞིབ་འཇུག་མི་སྣས་ནད་གཞིའི་གནས་ཚུལ་དེ་དུས་ཚོད་འགོར་བ་དང་བསྟུན་ནས་སྔར་ལས་ཇེ་བཟང་དུ་ཡོང་བར་འདོད་ཀྱིན་ཡོད། ཆེད་མཁས་པས་བཤད་རྒྱུར། ཨ་སི་ཕི་ལིན(阿司匹林)སོགས་ཀྱི་ཚད་འགོག་སྨན་དང་བསྡུར་ན། ཟ་མ་མ་ཟོས་གོང་ཞོ་འཐུང་བ་དེ་སྟབས་བདེ་ཡིན་པར་མ་ཟད་ཞོར་སྐྱོན་གང་ཡང་མེད་པས། དུས་ཡུན་རིང་པོའི་གསོ་བཅོས་བྱེད་སྟངས་ཤིག་ཏུ་བརྩིས་ཆོག་གོ །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།