ཀྲུང་གོ་བོད་ཀྱི་དྲ་བ།

ལྡོག་བཞུར་གཙང་པོ།

  རྩོམ་པ་པོ། : བསམ་གྲུབ་ཀྱིས་བརྩམས།   སྤེལ་དུས། : 2018-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལྡོག་བཞུར་གཙང་པོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་རི་བོ་ཉི་ཟླའི་ནུབ་ངོས་ཀྱི་ཨ་མ་ཟོར་དགུ་རི་བོའི་འདབས་ནས་མཆེད་པ་ཡིན་ཞིང་། ཡུལ་དེའི་སྐྱེ་བོ་རྣམས་ཀྱིས་ཡོངས་གྲགས་སུ་རིག་སྨོན་ཆུ་ཞེས་འབོད་དེ་མཚོ་སྔོན་པོར་ཆུ་ལག་བཞི་བཅུ་ལྷག་ཡོད་པ་ལས་ཆུང་ཤོས་སུ་བགྲངས། རིག་སྨོན་ནི་ཡུལ་དེའི་ས་མིང་སྟེ་ན་སྤང་ཁོད་ཡངས་ཤིང་མཛེས་སྡུག་ཉམས་དགའ་བ་ཞིག་ཡིན་པས། མཐོང་བ་ཀུན་སྨོན་གྱི་གནས་སུ་མི་འགྱུར་བ་མེད་པར་གོ་བ་ལ་བརྟེན་ནས་རིག་སྨོན་ཆུ་ཞེས་ཀྱང་འབོད།

རིག་སྨོན་ཆུའི་བྱུང་བའི་ཆ་ནས། ས་གཤིས་རིག་པ་ལྟར་ན། ལོ་ངོ་དུང་ཕྱུར་དུ་མའི་སྔ་རོལ་ཏུ་རིག་སྨོན་ཆུ་ནི་ཤར་ཕྱོགས་སུ་འབབ་པའི་ཆུ་བོ་ཞིག་ཡིན་ཏེ། བུ་ཧ་ཆུ་བོ་དང་ལྷ་ཁང་ཐང་ཆུ་བོ་གཉིས་དང་མཉམ་དུ་རྨ་ཆུའི་ནང་འབབ་པར་གྲགས་ཀྱང་། ཕྱིས་སུ་ས་རིམ་འགུལ་འགྱུར་དང་ས་ཤུན་འགྱུར་ལྡོག་གི་དབང་གིས་རི་བོ་ཉི་ཟླའི་ས་རྒྱུད་འབུར་དུ་ཐོན་པས། ཆུ་རྒྱུན་གྱི་ཁ་ཕྱོགས་ཕྱིར་ལྡོག་སྟེ་ནུབ་ཕྱོགས་སུ་མཚོ་སྔོན་པོའི་ཆུ་ལག་མཚོའི་རྣ་ལུང་ཞེས་པར་འབབ་པའི་མངའ་ཁོངས་ནང་གི་གྱེན་བཞུར་ཆུ་བོ་ཞིག་ཏུ་གྱུར་ཚུལ་སོགས། རང་བྱུང་ས་ངོས་ཀྱི་ཆགས་རིམ་དང་ཆོས་ཉིད་ལ་ཅུང་ཟད་མཐུན་པའི་ཚན་རིག་རང་བཞིན་གྱི་སྒྲུབ་བྱེད་དུ་ལྟ་བའི་བརྗོད་སྟངས་ཀྱང་མཆིས། ཡང་རྒྱ་བོད་མི་རིགས་གཉིས་ཀྱི་ལོ་རྒྱུས་འཕེལ་རིམ་ངོས་ནས་བཤད་ན། སྔར་རྒྱའི་ཐང་ཐའེ་ཙུང་གི་སྲས་མོ་ཝུན་ཤིང་ཀོང་ཇོ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཁབ་ཏུ་རི་བོ་ཉི་ཟླ་བརྒྱུད་ནས་ཕེབས་སྐབས། ཡུལ་དེ་ནས་ཕྱིར་ཡབ་ཡུམ་གཉིས་དང་རང་ཡུལ་ཞི་ཨན་ལ་སེམས་འཕྲེང་ནས་སྤྱན་ཆབ་བསིལ་བཞིན་ནུབ་བོད་ཡུལ་དུ་བསྐྱོད་པས་བཙུན་མོའི་སྤྱན་ཆབ་དང་བསྡེབས་ནས་ནུབ་ཏུ་འབབ་འགོ་བརྩམས་པའི་ངག་སྒྲོས་བྱུང་བ་སོགས། གང་ལྟར། འབབ་རྒྱུད་མངའ་ཁོངས་ཀྱི་ཕུན་སུམ་ཚོགས་པའི་གནའ་བོའི་ཤུལ་བཞག་རིག་གནས་དང་། འབྱམས་ཀླས་པའི་རང་བྱུང་གི་འབྲོག་ས། ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་ཡུལ་དེའི་བརྗིད་ཆགས་པའི་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་དུ་མ་སོགས་ཀྱི་དབང་གིས། ཤིན་ཏུ་ངོ་མཚར་ཆེ་ཞིང་རྨི་ལམ་གྱི་འཁྲུལ་སྣང་ལྟ་བུའི་ཉམས་འགྱུར་གྱིས་ཁེངས་པའི་དུས་ཡུན་རིང་པོའི་ཡིད་དབང་འཕྲོག་པའི་ལྷ་སྒྲུང་གི་ངག་རྒྱུན་ཅི་རིགས་ཀྱང་མཆིས།

ཆུ་བོ་འདི་ལ་ཡུལ་དེའི་སྐྱེ་བོ་རྣམས་ཀྱིས་རིག་སྨོན་ཆུ་དང་། རིག་སྨོན་ལྷ་ཆབ། རྒྱ་བཟའི་སྤྱན་ཆབ། ཟོར་དགུའི་གངས་ཆབ། ད་དུང་ལྡོག་བཞུར་གཙང་པོ་སོགས་མིང་གི་རྣམ་གྲངས་དུ་མ་བརྗོད། ཆིང་རྒྱལ་རབས་ཀྱི་སྐབས་སུ། ཆུ་བོ་འདི་ལ་རྒྱའི་སྐད་དུ་ཧར་ཧན་ཆུ་བོ(哈什汉水)ཞེས་འབོད་པར་གྲགས་ཤིང་། དེང་འདིར་ལྡོག་བཞུར་ཆུ་བོ(倒淌河)ཞེས་འབོད་པ་ནི་ཆུ་བོའི་མིང་ཡིན་ལ་ཡུལ་མིང་ཡང་ཡིན་ཏེ། 1958ལོར། ཆུ་བོའི་འབབ་རྒྱུད་འདི་རིག་སྨོན་ས་ཁུལ་དུ་བསྒྱུར་བ་དང་། 1959ལོར་ཆུ་བོའི་སྟོད་རྒྱུད་དུ་བཙུགས་པའི་རིག་སྨོན་སྤྱི་ཁང(倒淌河公社)དུ་བསྒྱུར་བ། 1984ལོར་རིག་སྨོན་ཞང(倒淌河乡)དུ་བསྒྱུར་བ། རིམ་གྱིས2001ལོར་རིག་སྨོན་གྲོང་རྡལ(倒淌河公社)དུ་བསྒྱུར་ཅིང་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་ཁོངས་སུ་གཏོགས། སྤྱིར་ན་ཡང་མཚོ་སྔོན་པོའི་ས་ཁུལ་གྱི་ལོ་རྒྱུས་སྟེང་ཡུན་རིང་དུ་མི་རིགས་ཀྱི་རྩོད་གཞི་དང་ས་གནས་བཅད་བཟུང་བྱས་པའི་སྲིད་དབང་གལ་ཆེ་བ་བྱུང་མྱོང་ཞིང་། མི་རིགས་ཕན་ཚུན་བར་ངོ་བོ་མི་མཐུན་པའི་གཡུལ་འཁྲུག་སྣ་ཚོགས་བསྟུད་མར་བྱུང་བས་ན། ཐང་རྒྱལ་རབས་ཀྱི་སྙན་ངག་པས་མཚོ་སྔོན་པོའི་ས་ཁུལ་ཞིབ་འབྲི་མཛད་པའི་མཐའ་འགག་བཙན་སའི་སྙན་ངག་ཕལ་ཆེ་ཤོས་ལ། སྐྱོ་ཡན་དང་ཡིད་མུག་པའི་བརྗོད་དོན་གྱིས་ཁེངས་པར་གྱུར་ཡོད་དེ། དཔེར་ན། རྒྱའི་གནའ་བོའི་སྙན་ངག་སྨྲ་བ་ཆེན་མོ་ཏུའུ་ཧྥུ(杜甫)ཡིས། “ཁྲི་ཤོར་རྒྱལ་མོའི་ཁ་རུ་གནའ་ནས་བཟུང་། །རུས་དཀར་སྡུད་མཁན་བྲལ་བ་མ་མཐོང་ངམ། །”(君不见,青海头,古来白骨无人收)ཞེས་གསུངས་པ་བཞིན། ཡུལ་འདི་ནི་སྔར་ནས་རྒྱ་བོད་མི་རིགས་ཀྱི་ནུབ་རྒྱུད་མཐའ་ཁུལ་གྱི་འཐབ་ཇུས་ཐོག་གི་གོ་གནས་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་ཞིང་། ལྷག་པར་དུ་རྒྱ་ནག་དང་ནུབ་ཡུལ་གྱི་འགག་མདོ་ཡིན་པར་མ་ཟད། ཕྱོགས་བཞི་མཚམས་བརྒྱད་ཀུན་ཏུ་བསྐྱོད་པའི་འགྲིམ་འགྲུལ་གྱི་ལྟེ་གནས་དང་། ཚོང་འགྲུལ་པའི་བགྲོད་གནས། བསྡུ་འགྲེམ་གྱི་ལྟེ་གནས། མཚོ་བོད་མཐོ་སྒང་གི་སྒོ་མོ་བཅས་ཡིན་ལ། དེ་མིན་གལ་ཆེའི་འབྲོག་པའི་ལས་རིགས་ཐོན་སྐྱེད་བྱུང་སའི་རྟེན་གཞིའང་ཡིན་པས། ཆུ་བོའི་འབབ་རྒྱུད་ལ་བསུབ་ཏུ་མེད་པའི་ལོ་རྒྱུས་ཀྱི་བདེན་དཔང་དང་དངོས་ཡོད་འཚོ་བའི་དོན་སྙིང་ཆེས་ཆེར་ལྡན། ཆུ་བོའི་དབྱིབས་ནོར་བུ་དགའ་འཁྱིལ་དུ་འབབ་ཅིང་ཟོར་དགུ་རི་བོའི་འདབས་ནས་མཆེད་དེ། རིམ་གྱིས་ཆུ་བོའི་སྟོད་རྒྱུད་ཀྱི་བྱང་ཤར་མཚམས་སུ་ཆགས་པའི་དཔོན་སྐོར་འབྲོག་སྡེ་དང་ལྷོ་ངོས་སུ་ཆགས་པའི་ཕག་སྐོར་དང་། ལྡོང་ངེ། མང་གོལ། ཕ་ཡག་འབྲོག་སྡེ་བཅས་བར་གྱི་ཁོད་ཡངས་པའི་ན་སྤང་ངམ་རིག་སྨོན་གཞུང་བརྒྱུད་ནས། ཆུ་བོའི་བར་རྒྱུད་དེ་ལྷོ་ངོས་ཀྱི་རྒྱ་ཡེ་འབྲོག་སྡེ་དང་བྱང་ངོས་ཀྱི་གཡོན་རུ་གོང་ཞོལ་འབྲོག་སྡེ་བཅས་ཀྱི་རི་ཞོལ་ནས་ནུབ་ཏུ་གྱ་གྱའི་ངང་གྱེན་ལ་བཞུར་ཏེ། མཐར་མཚོ་སྔོན་པོའི་ཤར་རྒྱུད་ཀྱི་ཆུ་ལག་མཚོའི་རྣ་ལུང་ཞེས་པར་འདྲེས་ཡོད། འབབ་རྒྱུད་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ220ཡོད་ཅིང་། རིང་ཚད་ལ་སྤྱི་ལེ60ཡས་མས་ཡོད་པ་དང་ཆུ་མང་ཉུང་གི་ཚད་ཧ་ཅང་ཆུང་བས་ཆ་སྙོམས་རྒྱུག་ཚད་ཀྱིས་སྐར་ཆ་རེར་རྒྱ་དཔངས་སྨི0.1མན་ལས་མི་ཟིན་པ་དང་། ཆུ་བོའི་ས་ངོས་ཀྱི་ལོ་རེའི་རྒྱུག་ཚད་ཀྱི་གྲངས་འབོར་ནི་རྒྱ་དཔངས་སྨི་དུང་ཕྱུར0.17ཡིན། ཆུ་ལམ་གྱི་ཆ་སྙོམས་གཟར་ཚད་ཀྱིས་ཕ་ལམ%25ཙམ་ཟིན་ཞིང་། ཞེང་ཚད་ལ་སྤྱིར་བཏང་དུ་གཞུ་འདོམ་བཞི་ལྔ་ཡས་མས་དང་བྲུབས་དུས་གཞུ་འདོམ་དྲུག་བདུན་མས་ཟིན། ཟབས་སུ་ཁྲུ་གཅིག་ནས་གཉིས་ཙམ་དང་བྲུབས་ཆེ་དུས་ཕ་ལམ་འདོམ་གཅིག་གིས་མི་ཚད་པར་སླེབ་འོང་། ཆུ་བོའི་མགོ་ཁུངས་ཀྱི་མཚོ་ངོས་ལ་སྨི4782ཡོད་དེ། ཤར་གྱི་གཞུང་ཐིག100°45′ནས་འཕྲེད་ཐིག་བྱང་མའི36°34′བར་ནི་ཆུ་མདོའི་གནས་ཡུལ་ཡིན་ཞིང་དེའི་མཚོ་ངོས་ལ་སྨི3200ཡོད། ཆུ་བོའི་སྟོད་རྒྱུད་ས་བབ་ཅུང་མཐོ་ལ་ཟོར་དགུ་རི་བོའི་འདབས་རོལ་དང་ཉེ་བས་དབྱར་དང་སྟོན་གྱི་དུས་ཚིགས་སུ་གངས་ཆར་བསགས་པ་དང་ས་འོག་གི་རྒྱུག་ཚད་ཀྱིས་ཁ་གསབ་བྱེད་པས་ས་འོག་ནས་ཐོན་པའི་ཆུ་ཅུང་ཟད་མང་ཞིང་། ཆུ་བོའི་བར་རྒྱུད་དུ་སླེབས་ན་ཆུ་ལམ་ཁ་ཤས་སུ་ཆུ་རྒྱུན་རྒྱུག་ས་དེ་གང་སར་འཛག་པའི་རྐྱེན་གྱིས་ཆུ་བོའི་ཞེང་ཕྲ་ལ་ཟབས་ཐུང་བར་བཤད།

ཆུ་བོ་འདིའི་འབབ་རྒྱུད་ཀྱི་མངའ་ཁོངས་སུ་རྩྭ་ཆུ་ཕུན་སུམ་ཚོགས་ལ་ཞིང་ཕྱུགས་གཉི་ག་འཕྲོད་ཅིང་། ལྷག་པར་དུ་སྔར་ནས་འབྲོག་ལས་ཤིན་ཏུ་དར་ཁྱབ་ཆེ་གཤིས་སྔོན་གྱི་ཚེ་ན་སྤྱང་མིའི་དགའ་ཚལ་དུ་གྲགས། གཞན་བློན་པོ་གསེར་སྤྱན་དང་། ཨ་མ་ཟོར་དགུ། དཀར་ལྡང་རྫ་རྒན། ནག་དམར་ཆུ་སོགས་སྲིད་ན་གྲགས་པ་འབར་བའི་ལྷ་ཀླུ་གཉན་བཙན་གྱི་ཡུལ་འཁོར་སྐྱོང་བའི་ཚོགས་མང་དུ་བཞུགས་པ་དང་། ད་དུང་རི་བོ་ཉི་ཟླ་དང་། ཐང་བོད་གནའ་ལམ་གྱི་མཚོན་རྟགས་རྡོ་རིང་། ཐང་བོད་མ་ཎི་རྡོ་མཁར་གླིང་སོགས་གནའ་བོའི་ལོ་རྒྱུས་ཀྱི་རྫོང་མཐུག་ཅིང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་བཀོད་དུ་མ་ཡང་ཆུ་བོ་དེའི་སྟོད་རྒྱུད་དུ་ཡོད། འབབ་རྒྱུད་ཀྱི་མཐའ་འཁོར་ཀུན་ཏུ་ཕྲེང་བསྟར་རི་རྒྱུད་མཐོན་པོ་དང་། འབྱམས་ཀླས་པའི་རང་བྱུང་སྔོ་ཁེབས། ཁོད་ཡངས་པའི་ན་སྤང་། འབུར་སྙོམས་དུ་མའི་བྱེ་སྒང་། འོ་ངད་ལྡང་བའི་ཐང་ཆེན་པོ། རྩྭ་རྫོང་སྟུག་པོའི་རི་ཞོལ་བཅས་ཀྱིས་ཡོངས་སུ་ཁེངས་ཡོད་པ་དང་། ཆུ་བོའི་མདང་སྔོ་ཞིང་དྭངས་གསལ་ཆེ་ལ་བོངས་ཕྲ་བ་དང་ཆུ་ཀླུང་གཞན་དང་འདྲ་བའི་ཀུ་ཅོ་ཆེན་པོ་དང་། རྦ་རླབས་དྲག་པོ། གཡོ་ཤུགས་མྱུར་མོ་སོགས་མེད་པར་ངང་གཤིས་འཇམ་ལ་འགྲོས་དལ་བའི་སྒོ་ནས་ལྷིང་འཇགས་སྒོས་འབབ་ཅིང་རྒྱུ། ནམ་ཟླའི་གྲང་ངར་དང་མཁའ་དབུགས་ཀྱི་འཕེལ་འགྲིབ་དང་བསྟུན་ནས་ཆུའི་དྲོད་ཚད་ལའང་ཆོས་ཉིད་དང་ལྡན་པའི་འཕེལ་འགྲིབ་ཀྱི་འགྱུར་ལྡོག་མངོན་རྒྱུ་ཡོད་མོད། འོན་ཀྱང་། སྤྱིར་བཏང་དུ་བྲག་རི་དང་རྗ་གསེབ་ནས་འབབ་པའི་ཆུ་ཀླུང་གི་འཁྱགས་ཤུགས་དང་འཁྱགས་ཚད་དེ་ཙམ་མེད། ཆུ་བོའི་གྲམ་ཐང་གི་ན་སྤང་བརླན་ཤོས་ཆེ་ལ་ས་རྒྱུ་བ་ཚྭ་ཅན་གྱི་དྲི་ཞད་ཅུང་མཐུག་ན་ཡང་འདམ་རྫབ་ཧ་ཅང་ཉུང་ལ་འཇགས་སྐྱ་སྟུག་པོ་སྐྱེ་བ་ཡིན་གཤིས། དུས་ཚིགས་བཞི་ལ་ལྟོས་པ་མེད་པར་རྩིབ་ལོགས་ཉིན་སྲིབ་ཀྱི་འབྲོག་སྡེ་དག་གི་འབྲོག་ས་ཧ་ཅང་བཟང་པོ་ཞིག་ཡིན་པར་མ་ཟད། ཡུལ་དེའི་སྐྱེ་བོ་རྣམས་ཀྱིས་ཆེས་གཅེས་ཐང་ཆེ་བའི་ཆུ་བོ་ཞིག་སྟེ་འགྲམ་ངོགས་སུ་རྟ་ནོར་ལུག་གསུམ་དུས་ནམ་ཡང་ནམ་མཁའི་སྐར་ཚོགས་བཞིན་ཐང་མར་བརྡལ་ཡོད།

ཆུར་གནས་སྲོག་ཆགས་ལ་གཙོ་བོ་ལི་ཉ(裸鲤)ཆུང་གྲས་རིགས་འབོར་ཆེན་རྒྱུ་སྟེ་ངག་རྒྱུན་ལ་ཙོང་ཉ་ཞེས་སུ་གྲགས་ཤིང་། རྒྱལ་ཁབ་ཀྱི་གལ་ཆེ་ལ་རྩ་ཆེ་བའི་ཆུ་སྐྱེས་སྲོག་ཆགས་ཡིན། འདབ་ཆགས་ཀྱང་གཙོ་བོ་དུས་དང་བསྟུན་ནས་གནས་སྤོར་བྱེད་པའི་རིགས་དུ་མ་མཆིས་ཏེ་ལོ་རེའི་སྟོན་ཀར་རྒྱང་རིང་གི་ལྷོ་ཕྱོགས་ནས་འཕུར་ཡོང་བའི་ཁྲུང་ཁྲུང་མགོ་ཁྲ་དང་། སྐྱར་མོ། ཆུ་སྐྱར། ཁྲུང་སྐྱ། ཁྲུང་ཁྲུང་སྐེ་ནག། བྱ་གག་སེར་པོ་ལ་སོགས་པའི་བྱ་རིགས་དཀོན་པོ་རྩ་ཆེན་མང་དུ་མཆིས།

མདོར་བསྡུས་ནས་བཤད་ན། རིག་སྨོན་ཆུ་ནི་རི་བོ་ཉི་ཟླའི་ནུབ་ངོས་ཀྱི་ཨ་མ་ཟོར་དགུ་རི་བོའི་འདབས་ནས་མཆེད་ཅིང་ཁོད་ཡངས་པའི་རིག་སྨོན་རྩྭ་ཐང་གི་པང་ནས་ནུབ་བྱང་གི་ཕྱོགས་སུ་ནོར་བུ་དགའ་འཁྱིལ་དུ་བཞུར་ཏེ། རིམ་གྱིས་མཚོ་སྔོན་པོའི་ཤར་རྒྱུད་ཀྱི་མཚོའི་རྣ་ལུང་ཞེས་པར་འདྲེས་ཡོད་པའི་རང་རྒྱལ་གྱི་གྱེན་བཞུར་ཆུ་བོ་གཅིག་པུ་སྟེ་མཚོ་སྔོན་པོའི་ཆུ་ལག་ཆུང་གྲས་ཤིག་ཡིན་ཞིང་། ཆུ་ཀླུང་གཞན་དང་མི་འདྲ་བའི་ཐུན་མིན་གྱི་རང་གཤིས་དང་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པའི་ཆུ་བོ་ངོ་མཚར་ཅན་ཞིག་ཡིན་ནོ། །

2018ལོའི《གངས་རྒྱན་ན་ཆུང་ཚགས་པར》དབྱར་གནང་བསྡུས་དེབ་ལས་དྲངས།


བསམ་གྲུབ། 1984ལོར་ཨ་མདོ་མཚོ་སྔོན་པོའི་ཉེ་འགྲམ་གྱི་འབྲོག་སྡེ་ཞིག་ནས་སྐྱེས། ཞུ་ཆེན་ལོ་ཙཱ་པ་གཞོན་པ། བསྒྱུར་རྩོམ་གཙོ་བོར《རྒྱ་ནག་གི་ཡི་གེའི་བྱུང་འཕེལ་གྱི་ལོ་རྒྱུས》དང་། 《ཨེན་སི་ཐན་གྱི་རྣོ་རྟུལ་ཤེས་རབ》《གོང་མ་ཕིས་ཐེར་གྱི་བཅོས་སྒྱུར》སོགས་ཡོད། སྔ་ཕྱིར་དུ《ཀྲུང་གོའི་ལོ་ཙཱ》དང་། 《ཀྲུང་གོའི་སྙན་ཞུའི་རྩོམ་ཡིག》 《མི་རིགས་ཀྱི་རྩོམ་རིག》 《བོད་ཀྱི་སློབ་གསོ》《ཏང་གི་འཚོ་བ》སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ལྟེ་གནད་དུས་དེབ་སྟེང་རྒྱ་བོད་ཡིག་རིགས་གཉིས་ཀྱིས་དཔྱད་རྩོམ་དང་། བསྒྱུར་རྩོམ། སྒྲུང་གཏམ། སྙན་ཞུའི་རྩོམ་རིག་སོགས་མང་དུ་སྤེལ།

ཀྲུང་གོའི་ལོ་ཙཱ་མཐུན་ཚོགས་ཀྱི་ཆེད་མཁས་པའི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་ཏང་གི་འཚོ་བ་དུས་དེབ་ཁང་གི་ཆེད་བསྐོས་ལོ་ཙཱ་པ། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་པཎ་ཆེན་ཞིབ་འཇུག་གླིང་གི་ཆེད་ཞུའི་ཞིབ་འཇུག་པ་བཅས་ཡིན། ད་ལྟ་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་དུ་བྱ་བ་སྒྲུབ་བཞིན་ཡོད།


རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།