ལོ་སྐོར་བཅུ་གཉིས་ཀྱི་མེ་ལོང་སྐེད་པར་འདོགས་དགོས་པའི་རྒྱུ་མཚན།

ལོ་སྐོར་བཅུ་གཉིས་ཀྱི་མེ་ལོང་འདི་སྤྱིར་ཡིན་ན་ངེས་པར་དུ་ལུས་ཀྱི་སྐེད་པའི་མཚམས་སུ་འདོགས་དགོས་ཏེ། གཞན་སྤྱི་བོ་དང་། མགྲིན་པ་དང་། རྐང་ལག་སོགས་ལ་འདོགས་མི་རུང་བ་ཞིག་ཡིན།ལོ་སྐོར་ལ་དབྱིབས་སྒོར་སྒོར་དང་གྲུ་བཞི་ཅན་གཉིས་དང་། ཆེ་ཆུང་ཅི་རིགས་ཡོད། ལོ་སྐོར་གྱི་རྒྱུ་ཆ་ལ་ལི་དང་། ཟངས་དང་། གསེར་དང་། དངུལ་དང་། ར་གན་དང་། ལྗུན་དང་། ཛེ་ཁྱིམ་དང་། ཁྲོ་སོགས་ཡོད་དོ། །

ལོ་སྐོར་མེ་ལོང་ནི་སྲིད་པའི་རུས་སྦལ་གན་རྐྱལ་དུ་བཀོད་པའི་ལྟོ་བའི་ངོས་སུ་སྨེ་བ་དགུ་དང་སྤར་ཁ་བརྒྱད་དང་། ལོ་རྟགས་བཅུ་གཉིས་དང་། འབྱུང་བ་ལྔ་སོགས་འཁོར་ལོའི་རིམ་པ་བཞིན་དུ་འཇོག་པ་ཞིག་ཡིན། མེ་ལོང་གི་ལྟོ་བའི་ཕྱོགས་ཀྱི་མོ་ཁམས་དང་། སྒལ་པའི་ཕྱོགས་ཀྱི་ཕོ་ཁམས་གཉིས་མདུན་རྒྱབ་ཀྱི་ཚུགས་སུ་བཅད་དེ། སྲིད་པའི་རླུང་ནས་གཡོ་བའི་སྐབས་ཕོ་མོའི་ནུས་པ་གཞི་གཅིག་ཏུ་སྦྱོར་བར་བྱེད་དོ། །

གལ་ཏེ། འཇོན་ན་མི་སོ་སོ་ལ་རང་རང་གི་ལོ་ཁམས་དང་མཐུན་པའི་མེ་ལོང་རེ་དགོས་མོད། ཡིན་ནའང་། དེ་འདྲའི་མཐུན་རྐྱེན་འཛོམས་དཀའ་བའི་ཕྱིར། ཤེས་རབ་ལྷ་ནས་འབྱུང་རྩིས་ཐོག་མར་བསྟན་པའི་སྐབས་ཀྱི་སྨེ་བའི་བཀོད་ལུགས་གཞི་བཞག་སྟེ་ལྔ་སེར་རུས་སྦལ་ལྟོ་ལ་ཕོག་པའི་ལོ་སྐོར་འདི་ཉིད་དེ་སྤྱི་སྤྱོད་ཀྱི་ཚུལ་དུ་འཇོག དེ་ལ་འབྱུང་རྩིས་མཁན་པོ་རྣམས་ནས་ཀྱང་ནུས་པ་ཐད་དུ་སྨིན་ཐུབ་པའི་སྨོན་ལམ་ཡང་ཡང་བཏབ་ཡོད།

ལོ་སྐོར་མེ་ལོང་འདི་ལུས་ཀྱི་སྐེད་པར་འདོགས་དགོས་པའི་རྒྱུ་མཚན་ནི་ཁྱུང་ཆེན་གྱིས་གནམ་ས་ཁ་ཕྱེ་བའི་སྲིད་པ་ཆགས་ལུགས་ཀྱི་བཤད་སྲོལ་ལས་བྱུང་སྟེ། ཁྱུང་ནས་གནམ་ས་གཉིས་ཁ་ཕྱེ་བ་དང་། ཐམས་ཅད་མངོན་པར་གསལ་བ། སྣོད་བཅུད་ཀྱི་གོ་རིམ་ཡང་མ་ནོར་བ་བསྟན་ཞིང་། དེ་བཞིན་དུ་གྱུར་པ་ནི་གནམ་ས་ཕོ་མོ་གཉིས་དེ་རབ་འབྱམས་ཀློང་སྒོང་གི་གཞི་དཀྱིལ་ལྟེ་བ་ནས་སྟོད་སྨད་དུ་བཅད་པ་ཡིན་པས། ནུས་པ་དེ་གཉིས་ཀྱི་ཆེ་ཆུང་རྒྱ་མ་ནང་བཀྱག་པ་ལྟར་ཡོ་ཀྱོག་སྤུ་ཙམ་མེད། དེ་ནི་ཚངས་ཐིག་གི་གནས་ལུགས་དང་ཡོངས་སུ་མཐུན་ཞིང་། དྲང་པོ་དྲང་བཞག་གི་བཤད་པ་དང་གཅིག་མཚུངས་སུ་གྱུར་ཏོ། །

འདི་ཡང་སྣོད་བཅུད་བརྟན་པོར་གནས་པ་ལ་རྒྱུ་འབྲས་ཀྱི་ལེའུ་ལ་བརྩི་སྲུང་བྱེད་དགོས་པའང་མངོན་ནོ། །

སྣོད་བཅུད་བདེ་བར་གནས་པ་ལ་ཐམས་ཅད་ཁོད་སྙོམས་པ་ཞིག་དགོས་ཏེ། དེ་མིན་འབྱུང་བ་རྣམས་འཁྲུག་གྱུར་ཏེ། མྱ་ངན་དང་སྡུག་བསྔལ་བའོ། ། དེར་བརྟེན། ལོ་ཁམས་སྤར་ཁ་དང་སྨེ་བ་རྣམས་གསལ་ལྷང་ངེར་བསྒྲིགས་ཡོད་པའི་མེ་ལོང་འདི་ངེས་པར་དུ་མིའི་ལུས་ཀྱི་སྐེད་པའི་མཚམས་སུ་འདོགས་དགོས། དོན་དུ་མིའི་སྐུ་ལུས་ཆ་ཚང་སྲིད་པའི་ཀློང་སྒོང་དང་གཅིག་སྟེ། ལུས་འདི་ཡང་ལྟེ་བ་ནས་ཚངས་ཐིག་ལྟར་ཁོག་སྟོད་གནམ་དང་ཁོག་སྨད་ས་རུ་བགོས། འདི་སྣོད་བཅུད་ཀྱི་བཀོད་པ་ཡང་ལྟེ་བའི་མཚམས་ནས་ཁ་གསལ་མོར་བཀྲ་བའི་ལུགས་དང་མཐུན། རྒྱུ་མཚན་འདི་ལྟར་གྱིས་ལོ་སྐོར་མེ་ལོང་འདི་ལུས་ཀྱི་སྐེད་པའི་ཕྱོགས་སུ་འདོགས་དགོས་སོ། ། དེ་ལྟར་དུ་བྱས་གྱུར་ན་ཕན་ནུས་དང་དགེ་བ་དཔག་ཏུ་མེད་པའོ། ། དེ་ལ་གཟབ་འཚལ་ལོ། ། དགེའོ། །

འགྲེལ་ཚུལ་གཞན་ཞིག་ཡོད་པ་ནི། དེང་སང་བོད་ཀྱི་རིག་གནས་ཉམས་དམས་སུ་གྱུར་ཟིན་པའི་རྒྱུ་མཚན་གྱིས་སྤྱི་ཚོགས་ཐོག་བོད་ཀྱི་ཅ་དངོས་སྣ་ཚོགས་ཆོ་མེད་ལུགས་མེད་དུ་སྤྱད་པར་བྱ་བ་མང་། དེའི་ནང་ལོ་སྐོར་མེ་ལོང་གང་འོས་སུ་འདོགས་མཁན་མང་པོ་ཞིག་མཐོང་། དེ་བཞིན་གནས་དང་ཡུལ་མ་ཡིན་པར་མེ་ལོང་བཏགས་ན་ཕན་པ་ལས་གནོད་ཆེའོ། །

《མེ་ལོང་ཁྱུང་རྒྱན་མ》ལས་བཏུས།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།