ཨོའུ་ལྗི་ལེ་སྒྲི་དབྱིབས་རྩིས་རིག་པ་གླེང་བ།

ཨོའུ་ལྗི་ལེ་སྒྲི(欧几里得 ཕ་ལམ་ཕྱི་ལོ་སྔོན330-སྔོན275བར)མཆོག་ནི་དབྱིབས་རྩིས་རིག་པའི་དེད་དཔོན་ཆེན་མོ་སྟེ། ཁོང་གིས་སྔ་རབས་ཀྱི་མིས་གྲུབ་འབྲས་ཕྱོགས་བསྡུས་བགྱིས་ཏེ། སྔོན་དུ་བཀོལ་མ་མྱོང་བའི་ཐུན་མོང་མ་ཡིན་པའི་རྩོམ་སྟངས་ཀྱིས་ཐོག་མར་མཚན་ཉིད་དང་། སྤྱི་འགྲོས། སྤྱི་ལུགས་བཅས་བཏོན་རྗེས། དེ་ནས་ནང་དོན་རིམ་གྱིས་སླ་མོ་ནས་རྙོག་འཛིང་ཆེ་བར་འགྱུར་བའི་སྒོ་ནས་གཏན་སྲོལ་སྐོར་ཞིག་བདེན་དཔང་མཛད་དེ། སྙོམས་ངོས་དབྱིབས་རིས་དང་ལང་གཟུགས་དབྱིབས་རིས་གཉིས་གྲོས་བསྡུར་བགྱིས། དེར་མ་ཟད་ད་དུང་ཧྲིལ་གྲངས་དང་། ཆ་གྲངས། བསྡུར་ཚད་ལ་སོགས་པའང་གྲོས་བསྡུར་བགྱིས་ཤིང་། མཐར་ནི《དབྱིབས་རྩིས་མ་དེབ>>བྱ་བའི་གསུང་རྩོམ་རླབས་པོ་ཆེ་འདི་ཉིད་ལེགས་འགྲུབ་བྱུང་བ་དང་། དེ་ཉིད་དབྱིབས་རྩིས་རིག་པའི་སྙིང་བཅུད་གཅིག་བསྡུས་ཀྱི་གཞུང་དུ་གྱུར་པར་མ་ཟད། མི་རབས་རྗེས་མས་སྤྱི་པའི་གཙིགས་ཏུ་བཀུར་བའི་ཨོའུ་ལྗི་ལེ་སྒྲི་དབྱིབས་རྩིས་རིག་པར་གྱུར།

གནའ་བོའི་གྷི་རི་སིའི་དུས་སུ་དབྱིབས་རྩིས་ཀྱི་ཤེས་བྱ་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་མཆིས་མོད། འོན་ཀྱང་ཤེས་བྱ་འདི་རྣམས་ནི་སྔར་བཞིན་སིལ་བར་འཐོར་བ་དང་ཁེར་རྐྱང་དུ་གནས་པ། རྒྱུད་ཁོངས་དང་མི་ལྡན་པ་ཞིག་གོ །དོན་ངོ་མས་དབྱིབས་རྩིས་འདི་ཉིད་རིགས་པའི་གཞུང་ལུགས་ཅུང་ཟད་ནན་མོ་དང་ལྡན་པའི་གཞུང་ཚན་ཞིག་ཏུ་ཕྱོགས་བསྡོམས་མཛད་མཁན་ནི། གྷི་རི་སིའི་རྨད་བྱུང་གྲངས་རིག་སྨྲ་བ་ཆེན་མོ་ཨོའུ་ལྗི་ལེ་སྒྲི་མཆོག་ཡིན། ཨོའུ་ལྗི་ལེ་སྒྲི་ཉིད་ཕྱི་ལོའི་སྔོན་གྱི་ལོ་སུམ་བརྒྱ་ཡས་མས་སུ་ཨེལ་སན་སྒྲེར་གྲོང་ཁྱེར(Alexander City)དུ་བསླེབས་ནས་དཔེ་ཁྲིད་གནང་མྱོང་ལ། ཁོང་ནི་གཞན་གྱིས་བཀུར་བསྟི་བྱེད་ལ་ཐུགས་རྒྱུད་འཇམ་པའི་གཞུང་བཟང་ཁོག་ཡངས་ཀྱི་སློབ་གསོ་སྨྲ་བ་ཞིག་ཏེ། ཁོང་གྲངས་རིག་པ་ལ་རབ་ཏུ་དགའ་ཞིང་ཕ་ལ་ཐོའི(Plato,巴拉图,ཕྱི་ལོ་སྔོན་གྱི་ལོ427-347)དབྱིབས་རྩིས་ཀྱི་རྩ་བའི་རིགས་པ་ཁ་ཤས་ལའང་མཁྱེན་དཔྱོད་ཟབ་མོ་དང་ལྡན་པ་ཞིག་ཡིན། ཁོང་གིས་ཤིན་ཏུ་ཞིབ་ཅིང་ཕྲ་བའི་སྒོ་ནས་སྐབས་དེར་རྟོགས་ཐུབ་པའི་དབྱིབས་རྩིས་ཀྱི་དོན་དངོས་མཐའ་དག་འཚོལ་བསྡུ་བྱས་ཏེ། ཕ་ལ་ཐོ་དང་ཨར་སི་ཐོ་ཐེལ(Aristotélēs,亚里士多德,ཕྱི་ལོ་སྔོན་གྱི་ལོ384-322)རྣམ་གཉིས་ཀྱིས་བཏོན་པའི་གཏན་ཚིགས་ཀྱིས་རྗེས་སུ་དཔག་ཐབས་ལྟར། རྒྱུད་ཁོངས་ནན་མོ་དང་ལྡན་པའི་རིགས་པའི་གཞུང་ལུགས་ཤིག་ལེགས་སྒྲིག་མཛད་ནས། གྲངས་རིག་པའི་ལོ་རྒྱུས་སྟེང་དུས་སྔ་མའི་གསུང་རྩོམ་རླབས་པོ་ཆེ<<དབྱིབས་རྩིས་མ་དེབ>>(几何原本)ཅེས་བྱ་བ་བརྩམས་གནང་མཛད། <<དབྱིབས་རྩིས་མ་དེབ>>ནི་སྤྱི་སྲོལ་རིག་པ་བཀོལ་ནས་རྣམ་འབྱེད་གྲངས་རིག་མ་ལག་གསར་དུ་བསྐྲུན་པའི་ཆེས་སྔ་མའི་དཔེ་མཚོན་ཞིག་སྟེ། བརྩམས་གཞུང་གྲགས་ཅན་འདིའི་ནང་། དབྱིབས་རྩིས་ཀྱི་ཤེས་བྱ་མཐའ་དག་ཆེས་ཐོག་མའི་འོལ་ཚོད་ཁ་ཤས་ལ་བརྟེན་ནས་འགོ་ཚུགས་ཏེ། གཏན་ཚིགས་ཀྱིས་རྗེས་སུ་དཔག་ཐབས་ཉེར་སྤྱད་ནས་སྤེལ་ཞིང་རྒྱས་པར་བཤད་པ་ཞིག་ཡིན་ལ། མདོར་ན། 《དབྱིབས་རྩིས་མ་དེབ》སྤེལ་བ་ནས་བཟུང་། ད་གཟོད་དབྱིབས་རྩིས་ནི་རིག་པའི་གཞུང་ལུགས་ཀྱི་མ་ལག་དང་ཚན་རིག་གི་བྱེད་ཐབས་ཅུང་ཟད་ནན་མོ་དང་ལྡན་པའི་གཞུང་ཚན་ཞིག་ཏུ་གྱུར།

ལར་བརྗོད་ཀྱིན་པའི་དབྱིབས་རྩིས་ནི་སྒྲ་དོག་པའི་སྒོ་ནས“ཇི་ཙམ་ཡིན”པའི་དོན་ལ་གོ་བ་ཙམ་མ་ཡིན་པར། རྒྱ་ཁྱབ་ཀྱི་སྒོ་ནས་གཞལ་ཚད་དང་དེ་མིན་ནང་གསེས་སུ་གཞལ་ཚད་དང་འབྲེལ་བ་ཡོད་པའི་བརྗོད་དོན་ལ་གོ །དེང་འདིར་དབྱིབས་རྩིས་ཉིད་སྒྲིག་གཞི་ནན་མོ་དང་ལྡན་པའི་ཚན་རིག་གི་མ་ལག་ཏུ་གྲུབ་ཟིན་ཅིང་། དེར་མ་ཟད་གྲངས་རིག་པའི་ཁྲོད་ཀྱི་གལ་ཆེའི་ཕྱོགས་འགལ་ཞིག་ཏུ་གྱུར་ཏེ། གཏན་ཚིགས་ཀྱི་བསམ་གཞིག་གི་ནུས་པ་དང་གོ་སའི་རྟོགས་བཀོད་ཀྱི་ནུས་པ་སྦྱོང་བརྡར་བྱེད་པ་ལ་ནུས་པ་ཆེས་ཐོན་པའི་གཞུང་ཚན་གྲས་ཀྱི་གཅིག་ཡིན།

སྔོན་ཆད། འུ་ཅག་ཀུན་གྱིས་ཨོའུ་ལྗི་ལེ་སྒྲི་དབྱིབས་རྩིས་རིག་པས(欧几里得几何学)གཏན་ལ་ཕབ་པའི་ཚད་གཞི་ཉིད་བདེན་དོན་འཁྲུལ་པ་མེད་པ་དང་འོས་ཤིང་འཚམ་པ་ཞིག་ཏུ་བརྩི་བར་བྱེད་མོད། དོན་དངོས་སུ་དེ་ཙམ་ཞིག་གཏན་ནས་མ་ཡིན་ཏེ། རྒྱུ་མཚན་ནི། བདེན་དོན་འདི་རྣམས་ནི་སྤྱི་ལུགས་ཀྱི་ཁྲོད་ནས་རིགས་བསྒྲེ་བྱས་འོངས་པ་ཡིན་ལ། ཡང་ཚིག་སྒྲོས་བསྒྱུར་ནས་བཤད་ན། ཨོའུ་ལྗི་ལེ་སྒྲིས་དབྱིབས་རྩིས་རིག་པའི་མ་ལག་ཚུགས་ཐུབ་པའི་ཆེད་དུ་བཞག་པའི་རོལ་རྩེད་ཀྱི་ངེས་སྲོལ་སྟེ། ཐོག་མར་ཀུན་གྱིས་ངེས་པར་དུ་བདེན་དོན་འདི་ཉིད་བརྩི་སྲུང་བྱས་རྗེས། ད་གདོད་རོལ་རྩེད་འདི་རྩེ་ཐུབ་པ་ཡིན་ནོ། །དབྱིབས་རྩིས་རིག་པ་ནི“དྲང་ཐིག”ཅིག་གི་ཞིབ་འཇུག་སྟེ། དེ་ནི་འདུ་ཤེས་འདི་དག་གི་རང་ངོས་ཀྱི་གཏན་ཚིགས་ཀྱི་འབྲེལ་བ་ཁོ་ནར་ཐུག་པ་ལས། ཕྱི་རོལ་ཡུལ་གྱི་བྱ་དངོས་བར་གྱི་འབྲེལ་བ་ལ་བསམ་བློ་མི་གཏོང་བ་སྟེ། དཔེར་ན། ང་ཚོས་འོས་ཤིང་འཚམ་པའི་ལྟ་དཔྱད་ཀྱི་གནས་ཡུལ་དེ་ཁོ་ན་བདམས་པར་གྱུར་ཚེ། གནས་གསུམ་པོ་དེ་བལྟས་པ་ཙམ་གྱིས་ཕན་ཚུན་རིམ་བརྩེགས་ཏུ་མཐོང་བར་བྱེད་ཅིང་། ང་ཚོར་དེ་རྣམས་དྲང་ཐིག་གཅིག་གི་ཐོག་ཏུ་གནས་པའི་སྙམ་པ་སྐྱེ་རུ་འཇུག་གོ །དེ་མིན་གཞན་ཡང་མཁྲེགས་གཟུགས་རང་བཞིན་གྱི་དངོས་པོ་ཞིག་གི་སྣེ་གཉིས་བར་ཐག་གཅིག་གི་སྟེང་དོ་མཉམ་པ་དང་། ང་ཚོས་དངོས་པོ་དེའི་གནས་ཡུལ་བསྒྱུར་པའི་དབང་དུ་བཏང་ཡང་། དེ་ལ་དེའི་རྐྱེན་པས་ནི་འགྱུར་ལྡོག་འབྱུང་བར་མི་སྲིད་དེ། ཨོའུ་ལྗི་ལེ་སྒྲིའི་དབྱིབས་རྩིས་རིག་པའི་བརྗོད་གཞི་ཡིས་དོན་དངོས་སུ་མཁྲེགས་གཟུགས་རང་བཞིན་དུ་བརྩིས་ཆོག་པའི་དངོས་པོ་སོ་སོའི་ཐད་ཀྱི་ལྟོས་བཅས་ཀྱི་གནས་ཡུལ་མཐའ་དག་གི་བརྗོད་གཞི་རྣམས་ཕྱོགས་བསྡུས་བྱས་ཡོད།

ཨོའུ་ལྗི་ལེ་སྒྲིའི་དབྱིབས་རྩིས་རིག་པ་ནི་ཕུན་སུམ་ཚོགས་པ་ཞིག་ཀྱང་མ་ཡིན་ཏེ། དེའི་སྤྱི་ལུགས་ལྔ་པ་དང་སྤྱི་འགྲོས་གཉིས་ལ་ཡུན་རིང་དུ་བདེན་དཔང་ཐོབ་མ་བྱུང་སྟབས། དེ་བས་མི་རབས་རྗེས་མས་ར་འཕྲོད་མ་ནུས་པའི་ཚོད་དཔག་འདི་ལྟར་དུ་ཡང་ཨོའུ་མིན་དབྱིབས་རྩིས་རིག་པ(Non-Euclidean geometry非欧几何学)བཏོན་བྱུང་། དུས་རབས་བཅུ་དགུ་པའི་ལོ་རབས་བདུན་ཅུའི་ནང་། ཨུ་རུ་སུའི་ཁི་སན་སློབ་གྲྭ་ཆེན་མོའི(Казанский федеральный университет,俄国碦山大学)སློབ་དཔོན་ཆེན་མོ་ལོ་བྷ་ཆིབ་སི་ཁེ(Nikolas lvanovich Lobachevsky,尼古拉斯·伊万诺维奇·罗巴切夫斯基,1792-1856)ཞེས་བྱ་བས་སྤྱི་འགྲོས་ཉིད་ར་སྤྲོད་བགྱིས་པའི་གོ་རིམ་ཁྲོད། སྤྱི་འགྲོས་དེ་རྒྱུན་སྲོལ་གྱི་སྟེང་ནས་བདེན་དཔང་བྱ་ཐབས་བྲལ་བ་རྟོགས་པས། དེ་ནས་ཁོང་གིས་ཨོའུ་མིན་དབྱིབས་རྩིས་གསར་བཟོ་མཛད་བྱུང་། ཨོའུ་ལྗི་ལེ་སྒྲི་དབྱིབས་རྩིས་རང་ངོས་ནི་གཏན་ཚིགས་ཀྱི་ཆ་ནས་ཡང་དག་པ་ཡིན་གཤིས། གང་དེའི་ནང་ཁུལ་ལ་འགལ་བ་མེད་པར་སྨོས་ཅི་དགོས་ཏེ། ཡུན་རིང་ནས་མཚམས་འདིར་སླེབས་པ་ན། དུས་ཡུན་རིང་པོར་རྩད་གཅོད་བྱེད་མཁན་སུའང་མ་བྱུང་བའི་ཨོའུ་མིན་དབྱིབས་རྩིས་ལ་ད་གཟོད་རིག་གཞུང་ལས་རིགས་ཀྱིས་ཡོངས་ཁྱབ་ཏུ་དོ་སྣང་དང་ཞིབ་འཇུག་གཏིང་ཟབ་མོ་བྱེད་འགོ་བརྩམས་ཤིང་། ལོ་བྷ་ཆིབ་སི་ཁེའི་ཐུན་མོང་མིན་པའི་གསར་གཏོད་རང་བཞིན་གྱི་ཞིབ་འཇུག་ལ་ཡང་དེ་ལ་བརྟེན་ནས་རིག་གཞུང་ལས་རིགས་ཀྱིས་གདེང་འཇོག་ཚད་མཐོན་པོ་གནང་བ་དང་གཅིག་གྱུར་གྱི་བསྔགས་བརྗོད་ཐོབ་པར་གྱུར་ཏེ། ཁོང་རང་ཉིད་ལ་ནི“དབྱིབས་རྩིས་རིག་པའི་ཁྲོད་ཀྱི་ཁོ་པེར་ནེ་ཁི”བྱ་བའི་བསྔགས་བརྗོད་ཀྱི་ཆོ་ལོ་སྩལ་བྱུང་།

ཨོའུ་ལྗི་ལེ་སྒྲི་དབྱིབས་རྩིས་རིག་པ་དང་ལོ་བྷ་ཆིབ་སི་ཁེ་དབྱིབས་རྩིས་རིག་པ་གཉིས་ཕུད། གཞན་ད་དུང་རོས་མན་དབྱིབས་རྩིས(黎曼几何)ཀྱང་དབྱིབས་རྩིས་རིག་པའི་གལ་ཆེའི་ཕྱོགས་འགལ་ཞིག་ཡིན། རོས་མན་དབྱིབས་རྩིས་ནི་འཇར་མན་གྱི་གྲངས་རིག་མཁས་ཅན་རོས་མན(Georg Friedrich Bernhard Riemann,波恩哈德·黎曼,1826-1866)ཞུ་བས་གསར་གཏོད་མཛད་ཅིང་། ཁོང་གིས1851ལོར་བརྩམས་གནང་མཛད་པའི《དབྱིབས་རྩིས་རིག་པ་རྨང་གཞིར་བྱས་པའི་བློས་བཞག་སྨྲ་བ》(<<论几何学作为基础假设>>)ཅེས་བྱ་བ་ལས། དབྱིབས་རྩིས་རིག་པ་གཞན་ཞིག་མཆིས་པ་མངོན་གསལ་གྱི་སྒོ་ནས་བཏོན་ཏེ། དབྱིབས་རྩིས་རིག་པའི་རྒྱ་ཆེ་བའི་ཁྱབ་ཁོངས་གསར་པ་ཞིག་གི་སྲོལ་བཏོད་ཡོད། ཨོའུ་ལུགས་དབྱིབས་རྩིས་དང་། ལོ་ལུགས་དབྱིབས་རྩིས། རོས་མན་དབྱིབས་རྩིས་བཅས་ནི་སོ་སོར་ཧེ་བག་མཆིས་པའི་དབྱིབས་རྩིས་རིག་པ་སྣ་གསུམ་ཡིན་ཏེ། དབྱིབས་རྩིས་རིག་པ་སྣ་འདི་གསུམ་ག་སོ་སོར་ལྡན་པའི་བརྗོད་གཞི་མཐའ་དག་གིས་ཀྱང་སྤྱི་སྲོལ་གྱི་མ་ལག་ནན་མོ་ཞིག་གྲུབ་ཡོད་ཅིང་། སྤྱི་སྲོལ་སོ་སོའི་བར་འཆམ་མཐུན་རང་བཞིན་དང་། འཐུས་ཚང་རང་བཞིན། ཁེར་ཚུགས་རང་བཞིན་བཅས་ཀྱི་འདོད་པ་ཚིམ་པར་བྱེད་པས། དབྱིབས་རྩིས་སྣ་འདི་གསུམ་གའང་ཡང་དག་པ་ཡིན་ནོ། །ཆེ་རྒྱུ་ཆུང་རྒྱུ་མེད་ལ་རིང་རྒྱུ་ཐུང་རྒྱུ་ཡང་མེད་པའི་འུ་ཚོའི་གོ་ས①འདི་དང་ཡང་ན་འུ་ཚོའི་ཉིན་རྒྱུན་གྱི་འཚོ་བའི་ཁྲོད། ཨོའུ་ལུགས་དབྱིབས་རྩིས་རིག་པ་ནི་སྤྱད་འཐུས་པ་ཞིག་ཡིན་ལ། འཇིག་རྟེན་སྟོང་ཁམས་ཆེན་མོའི་གོ་སའམ་རྡུལ་ཕྲན་སྙིང་པོའི་འཇིག་རྟེན་ཁྲོད། ལོ་ལུགས་དབྱིབས་རྩིས་རིག་པ་ནི་དེ་བས་ཀྱང་ཕྱི་རོལ་ཡུལ་གྱི་དངོས་ཡོད་དང་མཐུན་ཞིང་། སའི་གོ་ལའི་ངོས་ནས་མཚོ་འགྲུལ་དང་མཁའ་བསྐྱོད་ལ་སོགས་པར་ཞིབ་འཇུག་བྱེད་པའི་དོན་དངོས་ཀྱི་གནད་དོན་ཁྲོད། རོས་ལུགས་དབྱིབས་རྩིས་རིག་པ་ནི་དེ་བས་ཀྱང་ཡང་དག་པ་ཞིག་གོ །རང་བྱུང་ཚན་རིག་ལ་དེ་བས་ཀྱང་གྲངས་རིག་པའི་སྐད་ཡིག་ཉིད་མཁོ་ཞིང་། གྲངས་རིག་པའི་ཁྲོད་ཀྱི་དོན་སྤྱི་མི་ཉུང་བ་ཞིག་གི་བྱུང་བ་ལའང་དེའི་རྒྱབ་ལྗོངས་ལྡན་པར་བརྟེན། དོན་སྤྱི་དུ་མར་དབྱིབས་རྩིས་དང་དངོས་ཁམས་ཀྱི་སྙིང་པོ་ལྡན་པ་ཡིན་ཏེ། དཔེར་ན། མཐར་སོན་པ་དང་། མུ་མཐུད་པ། ཆ་བསགས་གཏན་ལ་ཕབ་པ། ཆ་བསགས་གཏན་ལ་མ་ཕབ་པ། ཉིས་ཟློག་ཆ་བསགས། སུམ་ཟློག་ཆ་བསགས། རིག་གཉིས་འཁྱོག་ཐིག་ཆ་བསགས། རིག་གཉིས་འཁྱོག་ངོས་རྒྱ་ཁྱོན་ལ་སོགས་པ་ཀུན་ལའང་དབྱིབས་རྩིས་ཀྱི་དོན་སྙིང་དང་ལྡན་པའམ་དངོས་ཁམས་ཀྱི་དོན་སྙིང་ལྡན་ཞིང་། རང་བཞིན་ཁ་ཤས་ཀྱང་དབྱིབས་རྩིས་ཀྱི་སྙིང་པོའམ་དངོས་ཁམས་ཀྱི་སྙིང་པོ་བེད་སྤྱོད་བྱས་ནས་འགྲེལ་བརྒྱབ་ཆོག་པ་ཡིན། དེང་འདིའི་དབྱིབས་རྩིས་རིག་པ་ནི་ཕྱོགས་འགལ་དུ་མར་འཕེལ་རྒྱས་སུ་བཏང་ཡོད་ཅིང་། དབྱིབས་རྩིས་རིག་པའི་གཞུང་ལུགས་འདི་དག་གིས་མི་རྣམས་ཀྱིས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་གོ་བ་ལེན་པར་ལག་ཆ་མཁོ་སྤྲོད་དུ་ཕུལ་བ་དང་། ཚན་རིག་པས་རང་བྱུང་སྣང་ཚུལ་དབྱེ་ཞིབ་བགྱི་བ་ལ་སྒོ་གླེགས་ཆེ་ཞིག་རྣམ་པར་ཕྱེ་ཡོད་པར་བརྟེན། དོན་སྤྱི་དང་དེའི་ངོ་བོ་ལ་ཐད་ཀའི་སྟེང་ནས་གོ་བ་ལེན་པར་ཡང་ཕན་ཐོགས་མཆིས།

ཉེ་རབས་དངོས་ཁམས་རིག་པ་བཀོད་པའི་སྐད་ཡིག་ཀྱང་གྲངས་རིག་པ་ཡིན་ཏེ། འཇར་མན་གྱི་གནམ་དཔྱད་རིག་པ་བ་ཁེ་ཕི་ལེར(Johannes Kepler,开普勒,1571-1630)གྱིས་ཚབ་རྩིས་མཉམ་བྱ་བཀོལ་ནས་རྒྱུ་སྐར་འཁོར་སྐྱོད་གཏན་སྲོལ་གསུམ(行星运动三定律)ཕྱོགས་བསྡོམས་མཛད་ཅིང་། དབྱི་ཐ་ལིའི་དངོས་ཁམས་རིག་པ་བ་གྷ་ལིས་ལོས(Galileo Galilei,伽利略·伽利莱,1564-1642)ཀྱིས་དབྱིབས་རྩིས་རིག་པའི་བྱེད་ཐབས་ཀྱིས་ལྷུངས་གཟུགས་འགུལ་སྐྱོད་གཏན་སྲོལ(落体运动定律)གྱི་ཁུངས་སྐྱེལ་བ་ཡིན། དངོས་ཁམས་ཀྱི་གཞུང་ལུགས་གསར་པ་ཁ་ཤས་བྱུང་བའི་དུས་སུ། ཀུན་གྱིས་གྲངས་རིག་པའི་ལག་ཆ་རྙེད་ཐུབ་པར་འགྱུར་བའམ་གྲངས་རིག་པའི་ལག་ཆ་གསར་པ་བཟོས་ནས་དེ་ལ་ཞབས་འདེགས་བསྒྲུབས། དེའི་རྒྱུ་མཚན་ནི། གྲངས་རིག་པ་ནི་གྲངས་དང་དབྱིབས་གཉིས་སྟབས་བདེའི་སྒོ་ནས་རགས་བསྡུས་བྱ་བའི་ངོ་མཚར་ཆེ་བའི་མཚོན་སྟངས་ཤིག་ཡིན་པའི་ཕྱིར་རོ། །དབྱིབས་རྩིས་ཀྱི་བརྗོད་གཞིའི་སྟེང་ནས་དངོས་ཁམས་རིག་པ་ལ་དེའི་དངོས་ཁམས་ཀྱི་སྙིང་པོ་དང་ལྡན་པར་བརྟེན། གྲངས་རིག་པའི་སྐད་ཡིག་གི་ཐོག་ནས་རང་ཅག་རྣམས་དེའི་ནང་གསེས་སུ་འཚོ་གནས་བྱུང་ཡོད་པའི་འཇིག་རྟེན་འདི་དང་། དེར་མ་ཟད་འཇིག་རྟེན་སྟོང་ཁམས་ཆེན་མོའི་གོ་ས་ཧྲིལ་པོའི་རང་བཞིན་ཀྱང་བརྗོད་ཆོག་པ་ཡིན་ནོ། །

------------------

①གོ་ས། ཆུ་ཞེང་དཔངས་གསུམ་གྱིས་གཞལ་བར་བྱ་བའི་དངོས་པོ་རྣམས་གནས་པའི་གོ་སའོ། །བོད་འགྱུར་མཆན།


རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།