འཚོ་རྒྱུDདང་འཚོ་རྒྱུAཡིས་རྣ་འོན་གྱི་ནད་སྔོན་འགོག་བྱ་ཐུབ།

ཨ་མེ་རི་ཁའི་ཞིབ་འཇུག་ཚོགས་ཆུང་ཞིག་གིས་རྒས་ནད་རང་བཞིན་གྱི་འོན་ནད་ཕོགས་པའི་ནད་དཔེ56ལ་ཞིབ་འཇུག་རྟོག་ཞིབ་བྱས་པ་ན། ཁོ་ཚོས་ཁྲག་དྭངས་གཱེ་སྙོམས་ཐང་རྒྱུན་ལྡན་གྱི་ཚད་ལས་མངོན་གསལ་དམའ་བར་ཤེས། དེ་ནི་ལུས་ཕུང་ནང་འཚོ་རྒྱུDམ་འདང་བའི་རྐྱེན་གྱིས་ཡིན། དེའི་ཁྲོད་མི་ཁག་ཅིག་ལ་ཟླ6གི་རིང་འཚོ་རྒྱུDཡིས་སྨན་བཅོས་བྱས་རྗེས། ཕན་ནུས་ཆེན་པོ་ཐོན་འདུག དེ་བས། དུས་རྒྱུན་ཁ་ཟས་རོལ་དུས་འཚོ་རྒྱུDམང་བའི་ཟས་རིགས་ཟ་དགོས། དཔེར་ན། མཚོ་ཉ།  སྲོག་ཆགས་ཀྱི་མཆིན་པ། སྒོ་ངའི་སེལ་རིལ་དང་ཤ་གནག་ཟ་དགོས།  འོ་སྣུམ་བླངས་པའི་འོ་མ། ཉའི་མཆིན་སྣུམ། ཞོ། ཤུན་མཁྲེགས་ཤིང་ཏོག  ཆུའི་ཐོན་རྫས་སོགས་འཚོ་རྒྱུ Dཅན་གྱི་འཚོ་བཅུད་ཟས་རིགས་སྦྱོར་ནས་ཟ་དགོས་པ་མ་ཟད། ཉི་མར་མང་ཙམ་ལྡེ་དགོས།

ཨ་རིའི་ཨེ་དབྱིན་སི་ཐན་སློབ་ཆེན་ནས་ཚོད་ལྟའི་ར་སྤྲོད་བྱུང་བ་ལྟར་ན། འཚོ་རྒྱུ A ཡིས་རྣའི་ནང་གི་དབང་རྩའི་ཕྲ་ཕུང་བསྐྱར་སྐྱེས་ཡོང་རྒྱུར་ཐུན་མོང་མ་ཡིན་པའི་ནུས་པ་ཐོན་པ་དང་། ཚོད་ལྟའི་སྲོག་ཆགས་ལ་འཚོ་རྒྱུ Aཉིན་གསུམ་བཀོལ་རྗེས་རྣ་བའི་ཐོས་ཚོར་ཕྲ་ཕུང་སླར་སྐྱེས་པ་དང་། གཟའ་འཁོར་གཅིག་གི་རྗེས་སུ་རྣ་བའི་ཐོས་ཚད་མངོན་གསལ་གྱིས་ཇེ་བཟང་དུ་ཕྱིན་ཡོད། དེ་བས་ཆེད་མཁས་པ་རྣམས་ཀྱིས་དབང་རྩ་རང་བཞིན་གྱི་འོན་པ་ལ་འབུ་སྐྱོགས་དང་། ཉ་ཕྱིས། བྱ་མཆིན། ལ་སེར་སོགས་འཚོ་རྒྱུAཅན་གྱི་ཁ་ཟས་རོལ་དགོས་པའི་ཁ་ཏ་བྱེད་ཀྱི་ཡོད་པ་རེད། འཇར་མན་གྱི་ཐོས་ཚད་ཞིབ་འཇུག་མི་སྣ་ཡིས་རྟོག་ཞིབ་བྱུང་བ་ལྟར་ན། ཐོས་ཚད་ཇེ་ཞན་ལ་འགྲོ་བའི་སྐབས་སུ་ཁྲག་གི་ནང་དུ་ལ་སེར་གྱི་རྒྱུ་དང་། འཚོ་རྒྱུAཡི་འདུས་ཚད་ཉུང་བར་འབྲེལ་བ་ཡོད། ཀ་པེད་དང་། ཚོད་མ་ཅོ་ཅུས། ཀྲོ་མ་ཀྲུ། བྱ་སྒོང་། ཚ་ལུ་མ་གསར་བ་སོགས་ཀྱིས་རྣ་འོན་པར་སྔོན་འགོག་བྱ་ཐུབ།

སྨན་ཐོ་དགོས་པའི་སྨན་དང་སྨན་ཐོ་མི་དགོས་པའི་སྨན། འཚོ་བཅུད་གསོ་སྨན་བཅས་གང་ཡིན་ནའང་འདྲ། བསྟེན་ནོར་སོང་ཚེ་མཇུག་འབྲས་ཚབས་ཆེན་འབྱུང་སྲིད།

1.འཐུང་རྒྱུའི་སྨན་ལ་རྒྱུས་ལོན་བྱ་དགོས། དུས་ལྟར་དུ་འཐུང་སྨན་གྱི་ཞིབ་ཐོ་གསར་བརྗེ་བྱ་དགོས།  དེར་སྦྱོར་ཚད་དང་། སྨན་བེད་སྤྱོད་པའི་ཚད་བཅས་འདུ་ལ། ད་དུང་དེ་དག་གི་སྤྱོད་གནས་གསལ་བོ་ཤེས་དགོས། དུས་རྒྱུན་སྨན་པར་སྟོན་དུས་ཞིབ་ཐོ་དང་སྨན་གྱི་ཤོག་སྒམ་ཁྱེར་ནས་འགྲོ་དགོས། འཕྲལ་བཅོས་ཁང་ལ་སྟོན་སྐབས་སུ་ཡང་ཞིབ་ཐོ་ཁྱེར་བའམ་འཐུང་སྨན་གྱི་མིང་ཡིད་ལ་ངེས་དགོས།

2.སྨན་སྟེར་དུས་དོགས་པ་ཡོད་ན་དེ་མ་ཐག་སྨན་པར་འདྲི་དགོས། སྨན་པས་ཁྱེད་ལ་སྨན་ཐོ་གསར་བ་བཟོ་དུས། སྨན་གྱི་ཚོང་རྫས་ཀྱི་མིང་དང་སྤྱི་སྤྱོད་ཀྱི་མིང་བཅས་གསལ་པོ་དྲིས་ནས་སྨན་ཁང་དུ་སྨན་ལེན་སྐབས་ནོར་འཁྲུལ་མི་འབྱུང་བར་བྱ་དགོས།

3.སྨན་རྫས་ཤོག་བྱང་གཟབ་ནན་ངང་ཀློག་དགོས། ཁྱེད་ཀྱིས་ངེས་པར་དུ་སྨན་རྫས་ཤོག་བྱང་སྟེང་གི་ནང་དོན་ཀློག་ནས། འཐུང་སྨན་སྨན་རྫས་ཡང་དག་ཡིན་པར་ཁག་ཐེག་བྱ་དགོས། སྨན་རྫས་ཐུམ་སྒྲིལ་ཚང་མར་འབྲེལ་ཡོད་ཀྱི་གསལ་བཤད་ཡོད་པས། ནན་ཏན་གྱིས་ཀློག་དགོས།

4.སྨན་ཐུམ་ཤོག་སྒམ་ཉར་ཚགས་ལེགས་པོ་བྱ་དགོས།  གལ་ཏེ་དངོས་སུ་འཐུང་བཞིན་པའི་སྨན་ཡིན་ན། དེའི་མིང་དང་བསྟེན་ཚུལ་བཅས་ཡིད་ལ་བཟུང་ན་ཆོག་པར་མ་བསམ། རབ་ཡིན་ན་སྨན་ཐུམ་ཤོག་སྒམ་ཉར་ཚགས་ཡག་པོ་བྱས་ན་བཟང་། སྨན་ཐུམ་ཤོག་སྒམ་ཞིག་གིས་ཁྱོད་ཀྱིས་སྨན་འཐུང་བའི་གནས་ཚུལ་རྗེས་འདེད་ལ་རོགས་རམ་བྱ་ཐུབ།

5.ཡང་དག་པའི་སྨན་ཁེམ་ལྟར་འཐུང་དགོས།  གསོ་བ་རིག་པའི་ཐོག་ནས་སྨན་ཁེམ་གང་གི་ཚད་ནི་ཧའོ་ཧྲེང5ཡི་ཚད་ཡིན་མོད། འོན་ཀྱང་དོན་དངོས་ཀྱི་བཀོལ་སྤྱོད་བྱེད་སྐབས་ཧེ་བག་ཡོད་སྲིད། (དཔེར་ན།ཧའོ་ཧྲེང3~9) ཨ་རིའི་བྱིས་པའི་ཚན་ཁག་རིག་གཞུང་ལྷན་ཚོགས་ཀྱིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་གསལ་བསྒྲགས་ནང་དུ། གཤེར་གཟུགས་ཀྱི་སྨན་རྫས་ཡོད་ཚད་སྨན་སྦྱོར་ཁྲོད་གསལ་བོར་བྲིས་པའི་ཚད་ལྡན་གྱི་ཧའོ་ཧྲེང་ལྟར་འཐུང་དགོས། སྨན་འཐུང་ཚད་ཚད་ལྡན་མིན་པ་སྔོན་འགོག་བྱ་ཆེད། ཆ་སྒྲིག་གཏིག་སྦུག་སོགས་སྣོད་ཆས་བེད་སྤྱོད་བྱས་ན་ཆོག

6.སྨན་གསར་རྙིང་གཉིས་ཀ་སོ་སོར་བགར་ནས་འཇོག་དགོས།  སྨན་གསར་བ་སྨན་དམ་རྙིང་བའི་ནང་དུ་འཇོག་མི་རུང་པའམ། ཡང་ན་སྔོན་གྱི་སྨན་རྙིང་དང་མཉམ་བསྲེས་བྱ་མི་རུང་སྟེ། སྨན་དམ་རྙིང་པར་ཆ་འཕྲིན་ནོར་བ་ཡོད་སྲིད་པས་སྨན་འཐུང་ཚུལ་ལ་ནོར་འཛོལ་ཐེབས་སྲིད།

7.སྨན་རྫས་ཀྱི་རྣམ་པར་གཏོར་བཤིག་གཏོང་མི་རུང་།  སྨན་ཁྱད་པར་བ་མ་གཏོགས། གཏུབ་པ་དང་རྡུང་བ་སོགས་བྱས་ནས་ཟས་རིགས་གཞན་དང་མཉམ་དུ་ཟ་མི་རུང་། དེ་ལྟར་བྱས་ཚེ་སྨན་གྱི་ནུས་པར་འགྱུར་ལྡོག་བྱུང་ནས་སྨན་བཅོས་ལ་གནོད་སྐྱོན་བཟོ་བ་མ་ཟད། ཐ་ན་ཉེན་ཁའང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།