གླིང་གེ་སར་རྒྱལ་པོ།

wKgMEFgnt2uAbSOfAACNg3yNa4c776.jpg

གླིང་གེ་སར་རྒྱལ་པོ།

ཁྲ་མོ་གླིང་གི་རྒྱལ་པོ་སྟེ། གླིང་ཆུང་རྒྱུད་ཀྱི་མགོ་དཔོན་སེང་བློན་གྱི་སྲས་ཡིན་ཞིང་། ཆུང་མིང་ལ་ཇོ་རུ་ཞེས་སུ་འབོད། ཁོང་ཁྲ་མོ་གླིང་གི་གསེར་ཁྲི་མཐོན་པོའི་རྒྱལ་སྲིད་ལ་དབང་བསྐུར་རྗེས་སུ་འཛམ་གླིང་གེ་སར་རྒྱལ་པོ་ཞེས་པའི་མཚན་གསོལ། གེ་སར་སྒྲུང་ཡིག་གི་བརྗོད་བྱ་གཙོ་བོ་ནི་ཁོང་གི་སྐྱེས་རབས་རྣམ་པར་ཐར་བ་ཡིན། གེ་སར་ཞེས་པ་ནི་མེ་ཏོག་གི་ཟེའུ་འབྲུ་ཡིན་ལ། སྒྲུང་ཡིག་ནང་གི་གེ་སར་ཞེས་པ་ནི་གཡུལ་ལས་རྣམ་པ་རྒྱལ་ཞིང་བློ་རིག་གེ་སར་བའམ་དཔའ་ངར་འགྲན་ཟླ་དང་བྲལ་བའི་དོན་ཡིན། གཞན་ཡང་ཁོང་ལ་སེང་ཆེན་རྒྱལ་པོ། འཛམ་གླིང་སེང་ཆེན་སྐྱེས་བུ་ཆེན་པོ་ནོར་བུ་དགྲ་འདུལ་སོགས་མཚན་གྱི་རྣམ་གྲངས་ཧ་ཅང་མང་། སྒྲུང་ཡིག་ལས་གླིང་རྗེ་གེ་སར་རྒྱལ་པོ་ནི་ལྷ་ཚངས་པ་དཀར་པོའི་སྲས་གསུམ་པ་ལྷུན་གྲུབ་ཡིན། གངས་ཅན་བོད་ཀྱི་ཡུལ་དུ་བདུད་སྲིད་ཁ་དར་བའི་དུས་སུ་མཐའ་འདྲེ་དབུས་སུ་འཁྱམས། ཆོས་རྒྱལ་དམངས་སུ་ཕབ། སྤྱིར་འཛམ་གླིང་། ཡང་སྒོས་བོད་ཁམས་ཐམས་ཅད་འཕོ་འགྱུར་སྡུག་གི་ནོན་པ་ལ་འཕགས་མཆོག་ཐུགས་རྗེ་ཆེན་པོས་སྙིང་རྗེའི་ཐུགས་ཀྱི་མ་བཟོད་པར། བོད་ཁ་བ་ཅན་གྱི་སེམས་ཅན་རྣམས་བདེ་ལ་འགོད་པ་དང་བདུད་དཔུང་ཕྱེ་མར་འཐག་པའི་ཕྱིར་ལྷ་སྲས་ལྷུན་གྲུབ་ལྷོ་འཛམ་བུ་གླིང་གི་ས་ཡི་ཐིག་ལེ། གངས་ཅན་བོད་ཀྱི་ཡུལ་དུ་མངགས་དགོས་པའི་ལུང་བསྟན་གནང་བ་ལྟར། ལྷུན་གྲུབ་གེ་སར་རྒྱལ་པོར་སྤྲུལ། མི་དམངས་ཀྱི་ཁྲོད་དུ་ལོ་བརྒྱ་ཕྲག་མང་པོར་ཁྱབ་པའི་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ཁོང་གི་སྐུ་ཚེ་ཧྲིལ་པོའི་དཔའ་ངར་མཛད་རྗེས་སོགས་བྲིས།

རོང་ཚ་ཁྲ་རྒན།

གེ་སར་རྒྱལ་པོའི་ཁུ་བོ་སྟེ། གླིང་གི་གདུང་བརྒྱུད་ལས་ཆུང་རྒྱུད་ཆོས་ལ་འཕན་གྱི་སྲས་ཆེ་བ་ཡིན་ཞིང་། ཁྲ་མོ་གླིང་གི་བརྟེན་ས་དང་ཀུན་གྱིས་བཀུར་བའི་མེས་པོ་ཞིག་དང་གླིང་གི་དཔའ་ཐུལ་སུམ་ཅུའི་ཡ་གྱལ་ཞིག་ཀྱང་ཡིན། གླིང་རྗེ་གེ་སར་རྒྱལ་པོས་གསེར་ཁྲིའི་གོང་བ་མ་མནན་སྔོན་ལ་གླིང་སྡེ་ཤོག་གི་ཆབ་སྲིད་ཀྱི་བདག་པོ་མཛད་པས། ཡོངས་གྲགས་ལ་སྤྱི་དཔོན་ཞེས་སུ་འབོད། ཁོང་གིས་གླིང་གི་སྤྱི་དཔོན་མཛད་སྐབས་ལྷ་ཕྲུག་འཁྲུངས་བསུ་དང་རྟ་རྒྱུགས་རྒྱན་འཇོག་གི་བྱ་གཞག་ཆེན་པོ་འགན་དུ་བཞེས། གླིང་རྗེ་གེ་སར་རྒྱལ་པོས་རྒྱལ་སྲིད་སྐྱོང་སྐབས། ཁོང་གིས་དགྲ་འཐབ་ཀྱི་བློ་དུ་མ་བཀོད་དེ། ཕྱོགས་ཀྱི་དགྲ་བཞི་ཆམ་ལ་ཕབ།གཡང་གི་སྒོ་མོ་ནང་དུ་བླངས་པ་བཅས་ཀྱི་འགྲན་ཟླ་བྲལ་བའི་མཛད་རྗེས་བཞག ཁོང་གི་སྐུ་ཚེའི་ཚད་ནི་ཧོར་བཙན་འཛུལ་གྱི་སྒྲུང་ཡིག་ཏུ་དགུང་ལོ་བརྒྱད་ཅུ་བཞུགས་པ་དང་།འཇང་གླིང་གི་ནང་དུ་དགུང་ལོ་གོ་དགུ་བཞུགས་ཞེས་བཀོད་ཡོད།

གླིང་གི་དཔའ་རྟུལ་སུམ་ཅུ།

གླིང་གི་གྲུབ་ཆེན་སུམ་ཅུ་ཐམ་པའང་གླིང་གི་དཔའ་བོ་སུམ་ཅུ་ཐམ་པའི་མིང་། དཔའ་རྟུལ་སུམ་ཅུའི་གྲངས་ཀ་ལ་མང་ཉུང་མཐའ་གཅིག་ཏུ་མ་ངེས། དུས་འགར་སུམ་ཅུའི་ཡན་ལ་བུད་པ་དང་དུས་འགར་སུམ་ཅུ་མི་འདང་། སྒྲུང་ཡིག་དག་གི་ནང་ན་དཔའ་རྟུལ་སུམ་ཅུའི་མིང་ཚང་མ་བསྒྲིགས་ཡོད་ས་ཐེངས་གཉིས་མ་གཏོགས་མ་མཐོང་། མཇུག་གི་དུས་སྐབས་ལ།དཔའ་རྟུལ་ལ་ལ་བཀྲོངས་སོང་བ་དང་དཔའ་བོ་གསར་བ་འགའ་རེ་དཔའ་རྟུལ་གྱི་གྲངས་སུ་ཁ་སྣོན་བྱས། མི་གྲངས་ཇེ་མང་དུ་སོང་ནས་དཔའ་རྟུལ་ལྔ་བཅུའམ་དཔའ་རྟུལ་བརྒྱད་ཅུ་ཐམ་པར་བུད། རྟ་རྒྱུགས་རྒྱན་འཇོག་གི་སྐབས་སུ་སེང་ལྕམ་འབྲུག་མོའི་གླུ་ཚིག་གི་ནང་ན་དཔའ་རྟུལ་རྣམས་ཀྱི་མཚན་ཐོ་བཀོད་པ་ལྟར་ན། ཁྲ་གླག་སྤྱང་གསུམ། ཡང་ཐུལ་དམ་པའི་མི་བདུན། གླིང་གི་ཕ་ཁུ་མཆེད་བཞི། གླིང་གི་གཅེས་ཕྲུག་བཅུ་གསུམ།ལས་དབང་ཅན་གྱི་མི་གཉིས། སྙིང་གདོས་འཛོམས་པའི་མི་གཉིས། ངོ་ལུག་ཐོགས་པའི་མི་གསུམ། རྒྱལ་མཚན་ཐོགས་པའི་མི་བཞི། གླིང་གི་གཟུ་བ་རྣམ་གཉིས་བཅས་གྲངས་བཞི་བཅུ་ཡོད་ཅིང་།བདུད་གླིང་དུ། གེ་སར་གྱིས་དཔའ་རྟུལ་སུམ་ཅུའི་མིང་བརྩིས་ཀྱང་དཔའ་རྟུལ་ཉི་ཤུ་རྩ་བརྒྱད་མ་གཏོགས་མི་འདུག

སེང་ལྕམ་འབྲུག་མོ།

སྐྱ་ལོ་ཚོ་ཤོག་གི་མགོ་དཔོན་བསྟན་པ་རྒྱལ་མཚན་གྱི་སྲས་མོ་དང་། གླིང་རྗེ་གེ་སར་རྒྱལ་པོའི་བཙུན་མོ་དང་གླིང་དཀར་དྭངས་སྨན་མཆེད་བདུན་གྱི་གཙོ་མོ་སྟེ། སྒྲོལ་མ་དཀར་མོའི་རྣམ་སྤྲུལ་ཡིན་པར་གྲགས། གླིང་གི་རྟ་རྒྱུགས་རྒྱན་འཇོག་ཐོག་ཏུ་སེང་ལྕམ་འབྲུག་མོ་དང་སྐྱ་ལོ་ཚང་གིས་གཉེར་བའི་རྒྱུ་ནོར་འབོར་ཆེན་རྒྱན་དུ་བཙུགས་ཏེ། རྟ་རྒྱུགས་རྒྱན་འཇོག་བྱས། གླིང་རྗེ་གེ་སར་རྒྱལ་པོ་གསེར་ཁྲིར་མངའ་གསོལ་རྗེས་སུ་སེང་ལྕམ་འབྲུག་མོ་བཙུན་མོར་ཁབ་ཏུ་བཞེས། འབྲུག་མོ་ནི་གཤིས་རྒྱུད་བཟང་ཞིང་ཚུལ་ལྡན་ཞིག་ཡིན་པས་གླིང་རྗེ་གེ་སར་རྒྱལ་པོ་ལ་ཞབས་ཕྱི་ལེགས་པོ་ཞུས་ཡོད། གླིང་རྗེ་གེ་སར་རྒྱལ་པོ་བྱང་ཕྱོགས་སུ་བདུད་འདུལ་བར་ཆས་ནས་ཚུར་གླིང་ཡུལ་དུ་མ་སླེབས་གོང་ལ་ཧོར་གླིང་དམག་འཁྲུག་བྱུང་སྟེ་ཧོར་དམག་གིས་གླིང་ལ་བསྐོར་རྒོལ་བྱེད་པར་འབྲུག་མོས་དམག་ལ་འགོག་རྒོལ་བྱས། ཇ་མཁར་རིང་མོ་ཧོར་ལ་ཤོར་རྗེས་འབྲུག་མོས་གླིང་གི་དམག་འབངས་བདེ་འཇགས་སུ་འགོད་པའི་ཆེད་དུ། དཔའ་མོ་གཅིག་པུ་ཧོར་གྱི་དམག་སྒར་དུ་ཕྱིན་ནས་ཞི་མཐུན་ཡོང་རྒྱུའི་རེ་བ་བཏོན། མོ་ཧོར་ཡུལ་དུ་ཡུན་རིང་བཞུགས་དགོས་བྱུང་ཡང་རང་གི་ཡུལ་དང་གླིང་རྗེ་གེ་སར་རྒྱལ་པོ་རྟག་པར་སེམས་ལ་དྲན། ཧོར་རྒྱལ་བཏུལ་རྗེས་སུ་འབྲུག་མོ་གླིང་ཡུལ་དུ་ཚུར་བྱོན་པ་རེད། སྒྲུང་ཡིག་ལས་མོ་དང་གླིང་རྗེ་གེ་སར་རྒྱལ་པོ་བར་གྱི་བློ་བརྟན་འགྱུར་མེད་ཀྱི་མཛའ་བརྩེ་རང་མདངས་མ་ཉམས་པའི་གནས་ཚུལ་ཤིག་ཏུ་རྒྱས་པར་བཀོད་ཡོད།

ཨ་སྟག་ལྷ་མོ།

བདུད་ཀླུ་བཙན་རྒྱལ་པོའི་སྲས་མོ་སྟེ། མོ་ནི་གཡུལ་གྱི་ལས་ལ་མཁས་པ་དང་དྲག་རྩལ་བྱང་ཞིང་དཔའ་མོ་ཞེས་པའི་སྙན་པའི་བ་དན་དགུང་ལ་ཕྱར། ཁྱད་པར་དུ་མདའ་འཕེན་པར་མཁས་སྟབས་གླིང་གི་མདའ་མཁན་མཆོག་གསུམ་གྱི་ཡ་གྱལ་དུ་གྱུར། གླིང་རྗེ་གེ་སར་རྒྱལ་པོས་བྱང་ཕྱོགས་བདུད་ཀྱི་ཡུལ་ཁམས་ཆམ་ལ་ཕབ་སྐབས་ཨ་སྟག་ལྷ་མོས་ཞབས་ཕྱི་ཞུས་ཤིང་། གླིང་རྗེ་གེ་སར་རྒྱལ་པོས་བདུད་ཀྱི་བཙན་འགག་སོགས་བཅོམ་ནས་རྒྱལ་ནས་རྒྱལ་ཁ་བླངས་རྗེས་ཨ་སྟག་ལྷ་མོ་བཙུན་མོར་ཁབ་ཏུ་བཞེས། དེའི་རྗེས་སུ་ཧོར་དང་མོན་དང་། འཇང་སོགས་ལ་དཔུང་འཇུག་མཛད་སྐབས་ཨ་སྟག་ལྷ་མོས་གླིང་རྗེ་གེ་སར་ལ་དཔུང་རོགས་གང་བཟང་བྱས། གླིང་རྗེ་གེ་སར་རྒྱལ་པོས་རྒྱལ་ཡུལ་ཇ་རྫོང་ཕབ་སྐབས་དཔའ་མོ་ཨ་སྟག་ལྷ་མོ་ནད་ཀྱིས་འདས། སྒྲུང་ཡིག་དམྱལ་གླིང་མུན་པ་རང་སེལ་ལས་གླིང་རྗེ་གེ་སར་རྒྱལ་པོ་དམྱལ་བར་ཕེབས་ནས་བཙུན་མོ་ཨ་སྟག་ལྷ་མོ་དག་ཞིང་དུ་དྲངས་ཚུལ་བཀོད་འདུག སྒྲུང་ཡིག་ལ་ལར་ཨ་སྟག་ལྷ་མོ་ལ་ཨ་སྟག་ཀླུ་མོ་ཞེས་ཀྱང་བྲིས་ཡོད།

འགོག་བཟའ་ལྷ་མོ།

གླིང་ཆུང་རྒྱུད་ཀྱི་མགོ་དཔོན་སེང་བློན་གྱི་བཙུན་མོ་གཉིས་པ་སྟེ། མོ་སྐྱེ་བ་སྔོན་མར་མཚོ་མ་དྲོས་ནང་གི་ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་སྲས་མོ་གསུམ་པ་ཡིན་ཞིང་མཚན་ལ་མེ་ཏོག་ལྷ་མཛེས་སུ་གསོལ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཀླུ་ཡུལ་དུ་འགྲོ་དོན་མཛད་སྐབས་ཀླུ་རྒྱལ་གྱིས་རང་གི་སྲས་མོ་མེ་ཏོག་ལྷ་མཛེས་སློབ་དཔོན་པདྨ་འབྱུང་གནས་ལ་ཕུལ། སློབ་དཔོན་གྱིས་འགོག་སྡེ་ཤོག་བསྟན་པ་རྒྱལ་མཚན་ལ་བསྩལ། བསྟན་པ་རྒྱལ་མཚན་གྱིས་མེ་ཏོག་ལྷ་མཛེས་བཙུན་མོ་རུ་ཁབ་ཏུ་བཞེས་ཕྱིས་སུ་འགོག་གླིང་གཡུལ་འཁྲུག་བྱུང་སྟེ་འགོག་སྡེ་ཕམ་པར་གྱུར་རྗེས་བསྟན་པ་རྒྱལ་མཚན་ས་གཞན་དུ་བྲོས་སོང་། གླིང་དམག་གིས་མེ་ཏོག་ལྷ་མཛེས་གསོན་བཟུང་བྱས་ཏེ་སེང་བློན་ལ་ཕུལ་ནས་སེང་བློན་གྱིས་བཙུན་མོར་ཁབ་ཏུ་བཞེས། ཡང་བཤད་སྲོལ་ཞིག་ལ་མེ་ཏོག་ལྷ་མཛེས་འགོག་སྡེ་ནས་བསྟན་པ་རྒྱལ་མཚན་གྱི་སྲས་མོ་རུ་འཁྲུངས་ཞེས་ཀྱང་ཟེར།

མེ་བཟའ་འབུམ་སྐྱིད།

འབུམ་པའི་མགོ་དཔོན་གྱི་སྲས་མོ་སྟེ། གླིང་རྗེ་གེ་སར་རྒྱལ་པོའི་ཐུགས་འདང་ཤིན་ཏུ་ཆེ་བའི་བཙུན་མོ་ཞིག་ཡིན། མོའི་གོ་གནས་འབྲུག་མོ་ལས་དམའ་བ་ཙམ་དང་གླིང་དྭངས་སྨན་མཆེད་བརྒྱད་ཀྱི་ཡ་གྱལ་དུ་གྱུར། མོ་ནི་ཧ་ཅང་མཛེས་ཤིང་ཡིད་འཕྲོག་པ་ཞིག་ཡིན་ཕྱིར། བདུད་རྒྱལ་ཀླུ་བཙན་གྱིས་ཀྱང་རྫུ་འཕྲུལ་གྱིས་འཕྲོག་གླིང་རྗེ་གེ་སར་རྒྱལ་པོ་བདུད་ཡུལ་དུ་གཡུལ་འགྱེད་སར་ཕེབས་པར།མེ་བཟས་རོགས་འདེགས་བྱས་པའི་འོག་ཏུ། གླིང་རྗེ་གེ་སར་རྒྱལ་པོས་བདུད་བཏུལ་བའི་རྒྱལ་ཁ་བླངས།མེ་བཟའ་དང་འབྲུག་མོ་གཉིས་ཀྱིས་གླིང་རྗེ་གེ་སར་རྒྱལ་པོའི་གཅེས་སྐྱོང་རྩོད་པའི་ཆེད་དུ། མེ་བཟས་གླིང་གེ་སར་རྒྱལ་པོ་ལ་བརྗེད་བྱེད་ཀྱི་གསོལ་སྐྱེམས་དྲངས་ཞིང་གླིང་རྗེ་གེ་སར་རྒྱལ་པོ་མེ་བཟའ་དང་བདུད་བཟའ་ཨ་སྟག་ལྷ་མོ་དང་ལྷན་ཅིག་བདུད་ཡུལ་དུ་ལོ་དགུ་ལུས།དེའི་སྐབས་སུ་ཧོར་གུར་དཀར་རྒྱལ་པོས་གླིང་གི་རྒྱལ་ས་འཕྲོག་པ་དང་། དཔའ་ཐུལ་བཀྲོངས་ཤིང་འབྲུག་མོ་གསོན་བཟུང་བྱས་པ་སོགས་བྱུང་། ཕྱིས་སུ་ལྷ་བྱ་ཁྲུང་ཁྲུང་དཀར་མོས་སྐྱེལ་པའི་འཕྲིན་ཡིག་ཐོན་རྗེས་སུ་གླིང་གེ་སར་རྒྱལ་པོ་དང་མེ་བཟའ་གཉིས་ད་གཟོད་གླིང་ཡུལ་དུ་ལོགཡང་བཤད་སྲོལ་ཞིག་ལ་མེ་བཟའ་འབུམ་སྐྱིད་ཐོག་མར་བདུད་རྒྱལ་ཀླུ་བཙན་གྱི་བཙུན་མོ་ཡིན་ཞིང་། བདུད་འདུལ་བའི་དུས་ལ་བབ་པ་ན། གླིང་རྗེ་གེ་སར་རྒྱལ་པོས་བདུད་འདུལ་སྐབས་མེ་བཟའ་འབུམ་སྐྱིད་དེ་དཔའ་མཛངས་ལྡན་པའི་གླིང་རྗེ་གེ་སར་རྒྱལ་པོ་ལ་མཛའ་སེམས་སྐྱེས་ཏེ་རོགས་རམ་བྱས་ནས་བདུད་རྒྱལ་ཀླུ་བཙན་ནག་པོ་འཇིག་རྟེན་ཕྱི་མའི་ཡུལ་དུ་བསྐྱལ། དེ་ཡི་རྗེས་སུ་གླིང་རྗེ་གེ་སར་རྒྱལ་པོས་མེ་བཟའ་བཙུན་མོར་ཁབ་ཏུ་བཞེས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།