​སྒྲུང་པ་སྐད་གྲགས་ཅན་ཁ་ཚེ་གྲགས་པ་ངག་དབང་རྒྱ་མཚོ།

wKgMEFcwOOWABG8CAAFTcTDBOq0758.jpg

དེ་ཡང་སྙན་པའི་གྲགས་པ་འཛམ་གླིང་འཛིན་མའི་ཁྱོན་ཀུན་ཁྱབ་པའི་གླིང་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལ་སྐད་གྲགས་ཅན་གྱི་སྒྲུང་པ་མང་པོ་ཞིག་མཆིས་པ་ལས་པྲ་སྒྲུང་གི་སྒྲུང་པ་སྐད་གྲགས་ཅན་ཁ་ཚེ་གྲགས་པ་ངག་དབང་རྒྱ་མཚོར་འབོད་པ་ནི་མདོ་བུས་ཁམས་ལས་ཁམས་ཆབ་མདོའི་རི་བོ་ཆེའི་ཡུལ་གྱི་མི་རེད། ཁོང་ནི་བོད་ཀྱི་རབ་བྱུང་བཅོ་ལྔ་པའི་ཆུ་གླང་ལོར་སྐྱེས་ཤིང་ཆུང་བྱིས་པའི་དུས་ནས་བཟུང་ཡི་གེ་འབྲི་ཀློག་ལ་ཧ་ཅང་དགའ་བའི་མི་ཞིག་ཡིན་པས་དུས་རྒྱུན་བྱམས་བརྩེ་ཕ་ལས་ལྷག་པའི་ཨ་མྱེས་ལྷ་གཉན་ཁ་ཚེ་གྲགས་པ་དཔལ་འབྱོར་གྱིས་དམར་ཁྲིད་དང་གཟིགས་སྐྱོང་བླ་ན་མེད་པ་ཐོབ་མྱོང་མོད་ཀྱི། འོན་ཏེ་རྒྱུ་མི་རྟག་རྩྭ་མགོའི་ཟིལ་པ། སྐྱིད་མི་རྟག་མཚན་མོའི་རྨི་ལམ་ཟེར་བའི་དཔེ་བཞིན་ཁོང་ཉིད་མི་ལོ་བརྒྱད་ཀྱི་ཐེམ་སྐས་ཐོག་ཏུ་རྐང་པ་སྤོས་མ་ཐག་གི་ལོ་དེར་ཁོང་གི་དྲིན་ཆེན་ཨ་མ་རྐྱེན་གློ་བུར་བ་ཞིག་བྱུང་བའི་དབང་གིས་ཕ་ཁྱིམ་ནས་སྒར་མི་འབུད་ཐབས་མེད་བྱུང་སྟབས་བྱིས་བློ་བསམ་མེད་ཡིན་པའི་ཁོང་ཉིད་ཀྱང་སྐྱིད་པོ་རང་གི་ཕ་ཁྱིམ་དང་བྱམས་བརྩེ་ཅན་གྱི་ཨ་ཕ་དང་ཨ་མྱེས་སོགས་དང་ཁ་བྲལ་ཏེ་དྲིན་ཆེན་ཨ་མའི་རྗེས་འབྲངས་ནས་སྡེ་མཐའ་སྲང་མཐར་མི་འཁྱམས་ཐབས་མེད་བྱུང་སོང་། དེ་ནས་བཟུང་དྲིན་ཆེན་ཨ་མ་དང་ཁོང་གཉིས་ཀྱིས་དབྱར་དགུན་སྟོན་དཔྱིད་མེད་པར་ལྟོགས་སྐོམ་དང་འཁྱགས་གྲང་ལ་སོགས་པའི་དཀའ་སྡུག་སྣ་ཚོགས་མྱངས་ཏེ་མི་ལོ་དུ་མའི་འཚོ་བ་འགྲོ་ཐབས་འདུག་ཐབས་བྱས་ནས་བྱིས་ལོ་བཅུ་གཉིས་ཀྱི་ལོ་ སྟོད་དུ་ཁོང་ཉིད་ཕ་ཡུལ་གྱི་རི་བོ་ཆེའི་དགོན་པར་སོང་ནས་སངས་རྒྱས་ཆོས་ལུགས་ཀྱི་ཆོས་སྒོར་ཞུགས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་།

ཉིན་ཞིག་རི་བོ་ཆེའི་དགོན་པའི་ནང་དུ་བླ་མ་བླ་ཆེན་གསུམ་ཕེབས་ནས་ཉིན་ཁ་ཤས་བཞུགས་རྗེས་ཁོང་རྣམ་པ་གསུམ་གྱིས་དགོན་པའི་གྲྭ་པ་ལས་དགུང་ལོ་བཅོ་ལྔ་མན་གྱི་གྲྭ་པ་ཆུང་ཆུང་ངམ་བན་དེ་སུམ་ཅུ་ལྷག་ལྷན་གཅིག་ཏུ་བསྡུས་ཏེ།  མདུན་ཅོག་ཅིག་གི་སྟེང་ངུ་པྲ་ཕབ་བྱེད་ཀྱི་མེ་ལོང་ཞིག་བཞག་རྗེས་དེའི་ནང་ལ་ཇི་ལྟར་བལྟ་དགོས་པའི་སྐོར་གྱི་ཤེས་བྱ་སོགས་གཅིག་གཅིག་གཉིས་གཉིས་རིམ་པ་ལྟར་གསུངས་ཚར་རྗེས། བན་དེ་ཆུང་ཆུང་རྣམས་གཅིག་རྗེས་གཉིས་མཐུད་ལྟར་མེ་ལོང་ནང་དུ་བལྟ་རུ་བཅུག་མཐར་མེ་ལོང་ལས་ཅི་ཡང་མི་མཐོང་བན་དེ་ཚོ་རེ་རེ་བཞིན་ཕྱིར་འགྲོ་རུ་བཅུག་པ་དང་།  ཁ་ཚེ་གྲགས་པ་ངག་དབང་རྒྱ་མཚོས་དང་ཐོག་མེ་ལོང་ནང་ལ་ལྟ་དུས་འོད་ལམ་ལམ་གྱི་སྣང་བརྙན་ལས་ཅི་ཡང་མཐོང་མོད། འོན་ཀྱང་ཅུང་མ་འགོར་བར་མེ་ལོང་ནང་དུ་ཁ་དོག་སྔོན་པོ་དང་སེར་པོ་ལ་སོགས་ཀྱི་མདོག་སྣ་ཚོགས་ལམ་ལམ་འབར་བ་དང་མཉམ་དུ་བྲག་ཁུང་ཞིག་ལས་ལཉྫ་ལྟ་བུའི་ཡི་གེ་སྣ་ཚོགས་ཤིག་ཤར་བྱུང་མོད།  ཡིན་ན་ཡང་ཡི་གེར་དེ་དག་གི་ནང་དོན་ཅི་ཡིན་ཤེས་མ་བྱུང་། དེའི་རྗེས་སུ་ཁོང་གི་སྣང་བརྙན་དུ་ཁྲབ་རྨོག་འཁོར་གསུམ་བསྐོར་བའི་དཔའ་རྒོད་སུམ་ཅུ་ཐམ་པས་མདའ་གྲི་མདུང་བཟུང་སྒོས་ཡར་རྒྱུག་མར་རྒྱུག་བྱེད་པ་དང་།  རྫ་ཆུ་བསིལ་མ་ཤག་ཤག་བཞུར་པ།  བྱ་དང་བྱིའུས་སྐད་སྙན་སྒྲོག་པ།  མཛེས་སྡུག་མེ་ཏོག་སྣ་ཚོགས་བཞད་འདུག་པའི་ཡུལ་ལྗོངས་ལྟ་ན་སྡུག་པ་བཅས་ཤར་བྱུང་བ་དང་།  དེ་ནས་རིམ་བཞིན་འདྲེན་བྱེད་མིག་གི་ལམ་དུ་གསེར་འོད་ཀྱི་དཀྱིལ་འཁོར་ལམ་ལམ་འཕྲོ་འདུག་པའི་དབུས་སུ་མགོ་རྨོག་དཀར་འོད་སྣང་ཁྱུགས་སེ།  རྒྱབ་ཁྲབ་དཀར་སིལ་སྒྲ་འཁྲོལ་ལེ།  རྟ་འདོ་བའི་རྨིག་སྒྲ་ཐག་སེ་བཞུགས་འདུག་པའི་སྐྱ་མི་མདུང་བཟུང་ཞིག་ཤར་བ་དང་མཉམ་དུ།  སྒྲ་འཛིན་རྣ་བའི་ལམ་དུའང་སྐྱ་མི་དེས་གླུ་ཐ་ལ་ལ་མོ་ཐ་ལ་ལེན།  ཨ་ལ་ལ་མོ་ཨ་ལ་ལེན་ཟེར་བའི་སྒྲུང་གླུའི་སྒྲ་གདངས་གསལ་པོ་ཞིག་ཐོས་བྱུང་།  སྐབས་དེར་བླ་ཆེན་གསུམ་བཞུགས་པ་ལས་གཅིག་གིས་ཁ་ཚེ་གྲགས་པར་ཁྱོད་ཀྱིས་ཅི་ཞིག་མཐོང་ཞིང་ཅི་ཞིག་ཐོས་བྱུང་ཞེས་དྲིས་པར།  ཁ་ཚེ་གྲགས་པས་ཁོང་ལ་བདག་གིས་དཀར་སེར་དམར་མདངས་ལ་སོགས་ཁ་དོག་སྣ་ཚོགས་ཤིག་དང་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ཀྱི་བཀོད་པ་བཅས་མཐོང་བར་མ་ཟད།  ད་དུང་འགྱུར་ཁུག་དབྱངས་བདུན་མ་ལུས་ཡོངས་སུ་རྫོགས་པའི་བྱ་དང་བྱིའུའི་སྐད་སྙན་དང་།  གླུ་ཐ་ལ་ལ་མོ་ཐ་ལ་ལེན། གླུ་ཨ་ལ་ལ་མོ་ཨ་ལ་ལེན་ཞེས་སྙན་ཞིང་འཇེབས་པའི་སྒྲུང་གླུའི་གླུ་སྐད་བཅས་ཐོས་བྱུང་ཞེས་ཞུས་རྗེས།  ཁོང་གི་གཡས་ལོགས་སུ་ཡོད་པའི་ཆོས་གྲོགས་ཆུང་ཆུང་ཞིག་གིས་ཨ་རོགས་ཆོས་གྲོགས་ངག་དབང་རྒྱ་མཚོ་ཁྱོད་ཀྱིས་མ་ཤེས་ཤེས་ཁུལ་དང་མ་རིག་རིག་ཁུལ་མ་བྱེད་ཟེར་བ་དང་མཉམ་དུ། མེ་ལོང་ནང་གི་རི་མོ་སྣ་ཚོགས་ནམ་མཁའི་འཇའ་རིས་ཨ་སྔོན་སྟོང་བའི་དབྱིངས་སུ་འཐིམ་པ་ལྟར་ཡོད་ཚད་སྐད་ཅིག་ཉིད་ལ་ཅི་ཡང་མི་སྣང་བར་གྱུར་སོང་།  སྐབས་དེར་བླ་ཆེན་རྣམ་པ་གསུམ་གྱིས་ཤིན་ཏུ་ཐུགས་མི་རྒྱས་པའི་རྣམ་འགྱུར་སྟོན་པ་དང་བླ་ཆེན་ཞིག་གིས་ཆོས་གྲོགས་ཆུང་ཆུང་དེ་ལ་འདི་དག་ཐམས་ཅད་སྔོན་བསགས་ལས་དང་བསོད་ནམས་ཡིན་པས་ཁྱོད་ཚོ་རང་རང་གིས་མེ་ལོང་འདི་ལས་ཅི་ཡང་མི་མཐོང་ན་ཡང་གའན་ལ་དེ་སྐད་ཟེར་མི་རུང་ཞེས་གསུངས་པ་དང་། དེ་ནས་ཁ་ཚེ་གྲགས་པ་ལ་སླར་ཡང་མེ་ལོང་དུ་ཅི་ལྟར་ལྟ་དགོས་པའི་སྐོར་གྱི་ཤེས་བྱ་རྣམས་སྔར་བཤིན་ཞིབ་མོ་ཞིག་གསུངས་པ་དང་ཆབས་ཅིག་མེ་ལོང་ནང་དུ་སྔར་བཞིན་མཛེས་ཤེང་ལྟ་ན་སྡུག་པའི་སྣང་བརྙན་སྣ་ཚོགས་འཕྲོ་རིམ་འཕྲོར་ཤར་བྱུང་བ་མ་ཟད་སྙན་ཞིང་འཇེབས་པའི་གླུ་སྐད་དེའང་སྒྲ་འཛིན་རྣ་བའི་ལམ་དུ་འཁོར་བྱུང་།  ཉིན་དེ་ནས་བཟུང་དགོན་པ་དེའི་བླ་མ་རྣམ་པས་ཁ་ཚེ་གྲགས་པར་སྔར་ལས་ཐུགས་བརྩེ་གནང་ཞིང་ཉིན་རེ་རེའི་ལྟོ་གོས་ཀྱང་སྔར་ལས་ལྡབ་འགྱུར་གྱིས་ཇེ་བཟང་ཇེ་ལེགས་སུ་བཏང་སྟེ་རིམ་བཞིན་ཡུལ་གྲུ་དེའི་མི་རྣམས་ཀྱི་ཁ་ནས་ཁ་ཚེ་གྲགས་པ་ངག་དབང་རྒྱ་མཚོས་པྲ་ཕབ་སྟོ་མེ་ལོང་ནང་དུ་བལྟས་རྗེས་འདས་མ་འོངས་ད་ལྟ་གསུམ་གྱི་སྐྱིད་སྡུག་གནས་ཚུལ་ཐམས་ཅད་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་མཐོང་ཐུབ་ཅེས་ས་ཁྱབ་རྡོ་ཁྱབ་ཏུ་སོང་བ་ཡིན།

ཁ་ཚེ་གྲགས་པས་རང་ཉིད་ཀྱི་མི་ཚེ་འདིའི་སྟོད་སྨད་བར་གསུམ་ལ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་བཤད་འབྲི་སྤེལ་གསུམ་གྱི་ཕྱོགས་ལ་བསུབས་ཀྱང་སུབ་ཐབས་མེད་པའི་མཛད་རྗེས་ཕུལ་ཡོད་པའི་རྐྱེན་གྱིས་རྒྱལ་ཁབ་དང་མི་དམངས་ཀྱིས་ཀྱང་ཁོ་ལ་འཐོབ་འོས་པའི་གདེང་འཇོག་དང་ཐོབ་ཐང་ལ་སོགས་གནང་ཡོད་དེ།  1984ལོར་ཁོ་རང་རི་བོ་ཆེའི་རྫོང་སྲིད་གྲོས་ཀྱི་ཨུ་ཡོན་ལ་བསྐོས་པ་དང་།  1986ལོར་ཁོ་རང་པེ་ཅིན་ནས་འཚོགས་པའི་རྒྱལ་ཡོངས་ཀྱི《གེ་སར་སྒྲུང》གི་བྱ་བར་གཟེངས་བསྟོད་བྱེད་པའི་ཚོགས་འདུའི་སྟེང་སྔོན་ཐོན་མི་སྣའི་གྲས་སུ་བདམས་ཏེ་གཟེངས་བསྟོད་ཐོབ་མྱོང་ལ། 1991ལོར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དང་།  རྒྱལ་ཁབ་ཀྱི་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་།  རིག་གནས་པུའུ།  ཀྲུང་གོའི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་བཅས་ཀྱིས་བསྡུས་པའི《གེ་སར་སྒྲུང》བཤད་སྡུར་གྱི་ཚོགས་ཆེན་སྟེང་དུ་རྒྱལ་ཁབ་རིམ་པའི་སྒྲུང་པ་ཞེས་མཚན་སྙན་དང་གདེང་འཇོག་མཐོན་པོ་གནང་ཡོད་པ་ཡིན།

ཁ་ཚེ་གྲགས་པ་ཆུང་བྱིས་པའི་དུས་ནས་བཟུང་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་བཤད་པ་དང་འབྲི་བར་ཧ་ཅང་དགའ་བར་མ་ཟད།  ད་དུང་དམངས་ཁྲོད་ཀྱི་གཏམ་རྒྱུད་དང་།  ལྷ་སྒྲུང་།  སྟོན་བཤད།  གཏམ་དཔེ།  མགུར་མོ།  གླུ་གཞས་སོགས་ཉན་པ་དང་འཚོལ་སྡུད་བྱེད་པར་ཧ་ཅང་དགའ་བའི་མི་ཞིག་ཡིན་ཏེ།  གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་བཤད་འབྲི་སྤེལ་གསུམ་བྱེད་པའི་ལས་འདི་ཁ་ཚེ་གྲགས་པར་མཚོན་ནས་བཤད་ན་རྒྱབ་དང་ལྟོ་བ།  རྒྱུ་དང་འབྱོར་པ།  མཚན་དང་སྙན་གྲགས་བཅས་ཀྱི་ཆེད་དུ་མ་ཡིན་པར་སྔོན་བསགས་ལས་དང་གོང་མ་ལྷ་ནས་་བཀའ་བསྒོ་མཛད་ཡོད་པའི་སྟེང་རང་མི་རིགས་ཀྱི་རིན་པོ་ཆེའི་རིག་གནས་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་ཆེད་དུས་དང་རྣམ་པ་ཀུན་ཏུ་འགྱུར་བ་མེད་པའི་བརྩེ་དུང་དང་།  ཉམས་པ་མེད་པའི་བརྟན་ཚིག  ཞུམ་པ་མེད་པའི་སྙིང་སྟོབས།  སུན་སྣང་མེད་པའི་སྡུག་རུས་བཅས་ལྡན་པ་འདི་ནི་གཞན་ལ་མེད་པ་དང་གཞན་དང་མི་མཚུངས་པའི་རང་གཤིས་དང་ཁྱད་ཆོས་ཡིན་པ་རེད།  ཁོས་དུས་རྒྱུན་པར་འདི་སྐད་དུ་བདག་གི་མི་ཚེ་འདི་ནི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་བཤད་འབྲི་སྤེལ་གསུམ་བྱེད་པའི་མི་ཚེ་ཞིག་ཡིན་པས་ངའི་འཚོ་བའི་ནང་དུ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་མེད་དུ་མི་རུང་ལ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་བདག་གི་མི་ཚེ་ཧྲིལ་པོའི་འཚོ་བ་ཡིན་ཞེས་ཟེར་ལ།  དངོས་གནས་ཀྱང་དེ་འདྲ་ཞིག་ཡིན་པ་རེད།

ཁ་ཚེ་གྲགས་པ་ངག་དབང་རྒྱ་མཚོའི་ལོ་རྒྱུས་ཀྱི་སྐོར་ལ་དེང་སྐབས་ད་དུང་དངོས་གཙོ་རིང་ལུགས་ཀྱི་ལྟ་སྟངས་ལྟར་འགྲེལ་པ་དོན་ལ་གནས་པ་ཞིག་རྒྱག་མི་ནུས་མོད།  འོན་ཏེ་ཁ་ཚེ་གྲགས་པ་ནི་པྲ་སྒྲུང་གི་སྒྲུང་པ་སྐད་གྲགས་ཅན་ཞིག་ཡིན་པ་མི་རྣམས་ཀྱིས་ཀྱང་ཁས་མི་ལེན་ཐབས་མེད་ཡིན་པའི་གནས་ཚུལ་གསོན་པོ་ཞིག་ཡིན་ལ།  ཁོས་མི་ཚེ་ཧྲིལ་པོའི་དུས་ཚོད་ནང་དུ་པྲ་ཕབ་ཀྱི་ལས་འདི་ལ་བརྟེན་ནས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་བཤད་འབྲི་སྤེལ་གསུམ་གྱི་ཕྱོགས་སུ་བསུབས་ཀྱང་སུབ་ཐབས་མེད་པའི་མཛད་རྗེས་བསྐྲུན་ཡོད་པ་ཡང་ཀུན་གྱིས་མིག་མཐོང་ལག་ཟིན་གྱི་དཔེ་ཡིན་ཏེ།  ཁོང་གིས་བོད་རང་སྐྱོང་ལྗོངས་ཀྱི《གེ་སར་སྒྲུང》གཞུང་ལས་ཁང་ལ་ཡི་གེའི་རི་མོའི་གཟུགས་སུ་བཀོད་ཟིན་པའི་སྒྲུང་ཁག་བཅུ་གཅིག་སྤྲད་པའི་ཡིག་འབྲུ་བསྡོམས་ཚེ་ཧ་ལམ་ཁྲི་ཚོ་བརྒྱ་ལྷག་ཅིག་ཡོད་པ་འདིས།  ཁ་ཚེ་གྲགས་པ་ངག་དབང་རྒྱ་མཚོ་ནི་རྒྱལ་ཁབ་ལ་དགའ་ཞིང་མི་རིགས་ལ་གཅེས་པ་དང་།  ཁྱད་པར་དུ་མི་རིགས་རང་ཉིད་ཀྱི་རིན་པོ་ཆེའི་རིག་གནས་ལས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་བཤད་འབྲི་སྤེལ་གསུམ་གྱི་རླབས་ཆེན་བགྱི་བའི་ཕྱོགས་ལ་མཛད་རྗེས་བླ་ན་མེད་པ་སྐྲུན་མཁན་གྱི་སྒྲུང་པ་སྐད་གྲགས་ཅན་ཞིག་ཡིན་ཞེས་བརྗོད་ཚེ་དོན་དངོས་དང་མཐུན་པ་ཞིག་ཡིན་ནོ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།