ཀྲུང་གོ་བོད་ཀྱི་དྲ་བ།

མཚན་སྤྲུལ་འཇམ་དཔལ་ནོར་བུས་གེ་སར་ལ་མཐོང་ཆེན་གནང་ཚུལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རབ་བརྟན་དགེ་ལེགས་ཕུན་ཚོགས།   སྤེལ་དུས། : 2017-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

འབྲུག་པ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་འབྲུག་ཁམས་སྤྲུལ་བཞི་པ་བསྟན་འཛིན་ཆོས་ཀྱི་ཉི་མས་བཤད་སྒྲུབ་སྔགས་ཀྱི་ཆོས་སྡེ་ཆེན་པོ་གསུམ་ཕྱག་བཏབ་པའི་ནང་ཚན་ཁམས་པ་སྒར་གྱི་མཚན་ཉིད་བཤད་གྲྭའི་སྤྲུལ་སྐུ་མཁས་བཙུན་གྲུབ་པའི་དབང་ཕྱུག་ཆེན་པོ་ཀུན་མཁྱེན་འཇམ་དཔལ་ནོར་བུ་པདྨ་དབང་མཆོག་རྒྱལ་པོའམ་མཚན་ཉིད་བསོད་ནམས་བསྟན་འཛིན་ནི། འབྲུག་ཁམས་སྤྲུལ་དྲུག་པ་བསྟན་པའི་ཉི་མས་བརྟག་ཡིག་ལུང་བསྟན་གནང་བའི་ནང་དུ། རྒྱབ་རི་ཁྱུང་ཆེན་ལྡིང་འདྲའི་མདུན། །མདུན་རི་ཕག་རྒོད་ཆུ་འཐུང་འདྲ། །ཞེས་དང་། གཡུ་འབྲུག་ལག་གི་ནོར་བུ་དེ། །དབུལ་པོ་ཞིག་གི་ཁྱིམ་དུ་ལྷུང་། །ཞེས་གསུངས་པ་ལྟར་གྱི་སྨར་ཁམས་སྒང་གི་ནང་གསེས་ཆབ་མདོ་དང་ཉེ་བའི་ལྷ་ཐོག་རྒྱལ་པོའི་གདན་ས་ལྷ་ཐོག་དཀར་ལེགས་གྲོང་དུ་རབ་བྱུང་བཅོ་ལྔ་པའི་ཆུ་འབྲུག་1892ལོར་སྐུ་འཁྲུངས། རག་ཤུལ་ཁྲ་འུག་གཏེར་སྟོན་བསམ་གཏན་གླིང་པའམ་ཀརྨ་ཀུན་དགས་འབྲུག་མཚན་ཉིད་རྣམ་རྒྱལ་ཆོས་འཁོར་གླིང་གི་རྒྱབ་རི་གྱིང་མགུལ་རལ་པོད་རི་ཁྲོད་ནས་གཤིན་རྗེའི་དུག་སྒྲོམ་གཏེར་དུ་བཞེས་ཤིང་། སྐབས་དེར་རྗེ་ཉིད་ཀྱིས་གཏེར་སྟོན་དེའི་གེ་སར་གྱི་དབང་ཆོས་སྐོར་གསན་པར་མཛད་པས་གཏེར་སྟོན་གྱིས་ཁོང་རང་བར་གླིང་འོམ་བུ་ཨ་ནུ་དཔའ་སེང་གི་སྐྱེ་བ་དང་། མཚན་སྤྲུལ་འཇམ་དཔལ་ནོར་བུ་ལྡོང་བཙན་སྣང་ངུ་ཨ་དཔལ་གྱི་སྐུ་སྐྱེ་ཡིན་ཚུལ་གསུངས། 

བ་མདོའི་ས་དབང་ཆེན་པོ་བཀའ་བློན་སྨན་སྟོད་པས་ལྷ་གདན་ཕྱོགས་སུ་གདན་འདྲེན་ཞུས་པར་བརྟེན་བོད་ཀྱི་སྲིད་སྐྱོང་ཆེན་པོ་རྭ་སྒྲེང་ཐུབ་བསྟན་འཇམ་དཔལ་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས་ཐུན་མོང་མ་ཡིན་པའི་དབུ་བླར་བཀུར་ཞིང་ཧོ་ཐོག་ཐུའི་མཚན་གནས་ཕུལ། ལྷག་པར་རྭ་སྒྲེང་ཁྲི་ཆེན་འཇམ་དཔལ་ཡེ་ཤེས་ཀྱིས་བསྐུལ་ངོར་རྗེ་ཉིད་དགུང་གྲངས་ཞེ་དགུ་བཞེས་པ་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག1940ལོར་མཛད་པའི་རིགས་གསུམ་པདྨའི་སྒྱུ་འཕྲུལ་སྐྱེས་མཆོག་སེང་ཆེན་དགྲ་འདུལ་གྱི་སྒྲུབ་ཐབས་བསྐང་གསོ་དང་བཅས་པ་རྒྱས་པར་བཀོད་པ་འདོད་འབྱུང་ནོར་བུའི་རྒྱལ་པོ་དང་། སྐྱེས་མཆོག་ཐུགས་ཏིག་ཏུ་མཚན་གསོལ་བའི་གེ་སར་རྩ་གསུམ་གྱི་སྒྲུབ་ཐབས་བསྐྱེད་རྫོགས་རྫོགས་ཆེན་དང་བཅས་པའི་གདམས་སྐོར་ཟབ་མོ་སྔར་མ་གྲགས་པ་སོགས་གེ་སར་གྱི་སྒྲུབ་སྐོར་པོད་ཆུང་གཅིག་ཙམ་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་མཛད་པ་རྭ་སྒྲེང་ཁྲི་ཆེན་གྱིས་ཡོན་སྦྱོར་མཛད་དེ་དབུས་སུ་ཤིང་པར་དུ་བཞེངས་པ་དང་། དེ་ལས་གེ་སར་གྱི་སྒྲུབ་བསྐང་ནོར་བུའི་རྒྱལ་པོ་དེ་ཡིག་ལྡེབ་གཞན་ལས་སྣ་རིང་བ་ཡོད་པས་མི་ཚོས་གེ་རིང་མ་ཞེས་འབོད། 

བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་ཀྱི་ལུང་མདའ་བདེ་མཆོག་ཕོ་བྲང་ཞེས་པའི་བྲག་ཏུ། གེ་སར་ལྷ་ཁང་བདེ་མཆོག་ནོར་བུའི་ཕོ་བྲང་གསར་བཞེངས་གནང་བའི་ནང་དུ་སྨན་འདམ་ལས་གྲུབ་པའི་གེ་སར་མི་རྟ་གཉིས་མི་ཚད་ཙམ་དང་། གཞན་དཔའ་བརྟུལ་དྭངས་སྨན་དང་བཅས་པ་གསར་དུ་བཞེངས་ཤིང་། གནས་དེར་མཚན་སྤྲུལ་རིན་པོ་ཆེ་རང་གིས་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་མཛད་པའི་སྐྱེས་མཆོག་ཐུགས་ཏིག་དང་གེ་སར་སྒྲུབ་ཐབས་རྒྱས་པ་འདོད་འབྱུང་ནོར་བུའི་རྒྱལ་པོའི་སྒྲུབ་པ་བཙུགས་ཏེ་ཉིན་ལྟར་གསུང་མཁན་གྲྭ་པ་ལྔ་ལ་གསོལ་ཕོག་གནང་ནས་གཏན་འཇག་མཛད་པར་གྲགས། རྭ་ཆེན་ཁྲི་ཆེན་ལ་བསྐུལ་ཏེ་བོད་གཞུང་དུ་ཀུན་མཁྱེན་མི་ཕམ་རྒྱ་མཚོས་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་མཛད་པའི་གེ་སར་སྒྲུབ་སྐོར་ཤིང་པར་དུ་བཞེངས་པར་མ་ཟད། གླིང་བྲོ་བདེ་ཆེན་རོལ་མོ་འཁྲབ་སྲོལ་དང་། སྐབས་དེར་བོད་ཀྱི་དམག་སྒར་ནས་གེ་སར་བསང་གསོལ་འདོན་སྒྲུབ་བྱེད་པའི་སྲོལ་བཙུགས་པར་མཛད། 

ལོ་ལྟར་མཚན་ཉིད་དགོན་པའི་རི་བསྟོད་སྐབས་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ལ་འཛམ་གླིང་སྤྱི་བསང་གསུངས་ནས་ཕྱི་ཉིན་ཚེས་བཅུ་དྲུག་ལ་རྗེ་ཉིད་ཀྱི་གསུང་གེ་སར་སྒྲུབ་བསྐང་རྒྱས་པ་འདོད་འབྱུང་ནོར་བུའི་རྒྱལ་པོ་དང་། འཇམ་མགོན་མི་ཕམ་པའི་གསུང་གེ་སར་བླ་རྣམ་དང་། ཧོར་འདུལ་དང་རྟ་རྒྱུག་གསོལ་འདེབས། གསོལ་ལོ་ཆེན་མོ། ཝེར་མའི་ལྷ་བསང་རིང་མོ་སོགས་འདོན་པའི་སྲོལ་བཙུགས་པ་བཞིན་ད་ལྟའང་དེའི་རྒྱུན་མ་ཉམས་པར་ཡོད། ཝེར་མའི་ལྷ་བསང་རིང་མོ་དགྲ་བླའི་དཔའ་གླུ་བྱ་བ་འདི་ཉིད་འདན་མ་ཧོར་ལ་ཇག་འགྲོའི་དུས་ཀྱི་གླུ་ཚིག་ཡིན་པས་འདན་མའི་སྒྲུང་གླུ་ལ་སྦྱར་ནས་འདོན་དགོས་གསུངས་ནས་འདན་མའི་ཐ་ལ་དྲུག་འགྱུར་ལ་སྦྱར་ནས་གསུངས་པར་མཛད། འོན་ཀྱང་ཐ་ལ་དྲུག་འགྱུར་ལ་སྦྱར་དུས་ཚིག་ལྷག་མང་པོ་སྦྱར་རྒྱུ་མེད་གསུངས། བོད་ལ་དུས་འགྱུར་ཆེན་མོ་བྱུང་ཉེའི་སྐབས་ཡར་མར་ཙམ་ནས་སྐུ་མདུན་དུ་མཇལ་བཅར་ཞུ་མི་སོགས་ཀྱིས་ཞུས་མིན་ལ་མ་ལྟོས་པར་རྒན་དར་གཞོན་གསུམ་སུ་བྱུང་ཕལ་ཆེ་བ་ལ་གླིང་རྗེ་གེ་སར་སྐྱེས་བུའི་བཀའ་དབང་བསྐུར་མཛད་པར་མ་ཟད། རང་རེ་བོད་པའི་ས་ཆ་མང་བ་ཞིག་ན་རྒན་འཁོགས་ཤི་ཁར་དབང་དང་ཤི་རྗེས་སུ་འཕོ་བ་ལ་གལ་ཆེན་བྱེད་པ་བཞིན་རྗེ་ཉིད་བཞུགས་པའི་ས་ཕྱོགས་དེར་མི་རྣམས་ཀྱིས་ཤི་ཁ་ལ་དབང་རེ་མ་ཐོབ་ཐབས་མེད་ལྟ་བུ་བྱེད་སྲོལ་ཡོད་པར། རྗེ་ཉིད་ཀྱིས་ན་ཚོད་མཐོ་བའི་རྒན་འཁོགས་རྣམས་དང་ནད་པ་ཚབས་ཆེན་འཆི་ལ་ཁད་པ་རྣམས་ལ་གཟིགས་སྐྱོང་དང་བཅས་ཤི་ཁར་གླིང་རྗེ་གེ་སར་སྐྱེས་བུའི་དབང་འབའ་ཞིག་གནང་བར་མཛད་པ་ན། ཐེངས་ཤིག་ཉེ་གནས་པས་རྒན་འཁོགས་ཤི་ཁར་འོད་དཔག་མེད་དང་སངས་རྒྱས་སྨན་བླ་ལྟ་བུའི་དབང་ཞིག་བསྐུར་བས་ཕན་ཐོགས་མི་ཆེའམ་ཞུས་པས། དེ་ཚོ་ཕན་ཐོགས་ཆེ་བ་ཡིན་མོད། འོན་ཀྱང་དེང་སང་སྙིགས་མའི་དུས་ཀྱི་ཁུགས་སོ་འདི་ལ་ཐུགས་བསྐྱེད་དང་སྨོན་ལམ་ཁྱད་པར་འཕགས་ཤིང་འགྲོ་དོན་འཕྲིན་ལས་དུས་བབས་ཀྱི་ལྷ་སྲུང་ཡིན་པས་གླིང་རྗེ་གེ་སར་ལས་རྩ་ཆེ་ཞིག་གཏན་ནས་མེད། རྒན་འཁོགས་ཚོས་གེ་སར་གྱི་དབང་རེ་ཐོབ་ན་མ་འོངས་པར་གླིང་རྗེ་གེ་སར་སྐྱེས་བུ་དེ་ཉིད་བྱང་ཕྱོགས་ཤམྦྷ་ལ་རུ་རིགས་ལྡན་དྲག་པོའི་སྐུར་བཞེངས་ཚེ་དེའི་འཁོར་དུ་སྐྱེ་བའི་རྟེན་འབྲེལ་ཡོད། གཞོན་དར་རྣམས་ཀྱིས་གེ་སར་གྱི་དབང་རེ་ཐོབ་ན་ཀླ་ཀློ་གདུག་པའི་མཐའ་དམག་གི་འོག་ཏུ་སྙིགས་མའི་སྡུག་བསྔལ་མྱོང་མི་དགོས་པའི་ཕན་ཐོགས་ཡོད་གསུངས། ས་ཕྱོགས་གཞན་ཞིག་ལ་ཕེབས་དགོས་ཕྱིན་ཆད་གླིང་རྗེ་གེ་སར་སྐྱེས་བུ་ལ་གསོལ་མཆོད་དང་བཅས་འཇིགས་རུང་སྲིན་པོའི་གྲོང་ཁྱེར་གདངས་རིང་འཐེན་ཏེ་གསུངས་མཛད་པས། སྨྲ་སྒོ་དམ་པས་གཞན་དུ་བྱོན་དགོས་མ་གསུངས་ཀྱང་གེ་སར་ལ་གསོལ་མཆོད་གནང་སྟེ་འཇིགས་རུང་མ་གསུང་ཕྱིན་ཆད་ས་ཕྱོགས་གཞན་ཞིག་ལ་ཕེབས་རྒྱུ་གཏན་འཁེལ་ཡིན་པའི་ངོས་འཛིན་བྱེད།

སྐོར་ཞིག་ལ་སྡེ་དགེའི་ཤིང་པར་ལས་དཔར་བའི་མི་ཕམ་གེ་སར་སྒྲུབ་སྐོར་གྱི་དཔེ་ཞིག་འབྱོར་དུས་དཔེ་གཟིགས་གནང་མུ་ལ། ཨོ་ཨོ་འདི་འདི་ན་བཞག་འདུག་གསུངས་ནས་ལྗགས་བརྐྱངས་ཏེ་ཤིན་ཏུ་འཇིགས་ཚུལ་མཛད། ཉེ་གནས་པས་ཅི་རེད་འདུག་ཞུས་པས། ཁོ་བོས་བྲིས་པའི་སྒ་སྡེའི་གསོལ་བསྡུས་དགྲ་བགེགས་དཔུང་འཇོམས་དེ་འདི་ན་བཞུགས་སུ་གསོལ་འདུག་གསུངས། ཡང་ཅུང་ཞིག་ནས་གསོལ་བསྡུས་འདི་ཉིད་ཆོས་སྡེ་ཆ་ཚང་བའི་འདིར་བཞག་དགོས་པ་ཡིན་འདུག་པས་ཡག་པོ་བྱུང་འདུག་གསུངས། ཡང་སྡེ་སྤར་མི་ཕམ་གསུང་སེང་ཆེན་ནོར་བུ་དགྲ་འདུལ་ལ་བསྟོད་བསྐུལ་འདོད་གསོལ་བསམ་དོན་ལྷུན་གྲུབ་ནང་། ཧེ། ས་གཞིའི་ཁྱོན་དུ་རྒྱུ་བའི་ཚེ། །ཞེས་པའི་ཚིག་མཚམས་སུ། དཔའ་རྔམ་རྒྱ་སྟག་ངར་མ་ཆིབས། །ཞེས་པའི་ཚིག་རྐང་གཅིག་ཆད་འདུག་གསུངས། གླིང་རྗེ་གེ་སར་སྐྱེས་བུས་རྟག་ཏུ་བྱིན་གྱིས་བརླབས་པའང་། རྭ་ཆེན་ཁྲི་ཆེན་གྱི་དབུ་བླ་མཛད་ནས་ལྷ་ལྡན་ཉི་མའི་གྲོང་ཁྱེར་དུ་བཞུགས་སྐབས་སུ་མཛད་པའི་སྐྱེས་མཆོག་ཆེན་པོའི་ཐུགས་ཐིག་ལས་རྗེས་རིམ་ཚོགས་གཉིས་ཤིང་རྟ་ཞེས་པའི་མཇུག་བྱང་དུ། གངས་ལྗོངས་ཆོས་སྲིད་ཡོངས་ཀྱི་མངའ་བདག་རྒྱལ་ཚབ་སྲིད་སྐྱོང་ཡོངས་འཛིན་རྭ་སྒྲེང་ཨ་ཆི་ཐུ་ནོ་མོན་ཧན་ཧོ་ལིང་ཧོ་ཐོག་ཐུ་ཆེན་པོ་མཆོག་ནས་ནང་མཛོད་ཀྱི་ལྷ་རེག་དང་། རིན་ཆེན་གཉིས་པའི་གནང་སྐྱེས་གྱ་ནོམ་པ་དང་བཅས་ཏེ་སྐྱེས་མཆོག་སེང་ཆེན་གྱི་སྒྲུབ་ཐབས་བཟློག་པའི་རིམ་པ་དང་བཅས་པ་ཞིག་ཕྲིས་ཞེས་བཀའ་བསྩལ་ནོར་བུའི་ཅོད་པན་སྤྱི་བོར་བཅིངས་པ་ན། རིགས་གསུམ་པདྨའི་སྒྱུ་འཕྲུལ་སྐྱེས་མཆོག་ཆེན་པོ་ཉིད་ལ་གསོལ་བ་ཡུན་རིང་དུ་བཏབ་ནས་གནང་བ་ཞུས་པས་འཁྲུལ་རྨིས་ཀྱི་འཆར་སྒོར་རྩ་གསུམ་གྱི་ཚུལ་དུ་སྒྲུབ་ན་ལེགས་པའི་བརྡ་མཚན་གསལ་པོ་ཞིག་བྱུང་བ་ལ་བརྟེན་ནས། མང་དུ་ཐོས་པ་ལས་བྱུང་བའི་དཀར་པོ་རྣམ་པར་འཕེལ་བས་ཐུབ་བསྟན་རིས་སུ་མ་ཆད་པ་ལ་དད་པའི་བློ་དང་ལྡན་ཞིང་། ཐེག་པ་མཆོག་གི་རྣལ་འབྱོར་ལ་མོས་པ་ལམ་དུ་བྱེད་པའི་ཀུ་སཱ་ལི་འཇམ་དཔལ་ནོར་བུ་པདྨ་མཐོང་མཆོག་རྒྱལ་པོའམ། དཔལ་ཡེ་ཤེས་སྙིང་པོ་རྡོ་རྗེ་ལས་རབ་གྲུབ་པ་རྩལ་གྱིས་རབ་རྒྱལ་ལྕགས་འབྲུག་ནག་པ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཉིན་དབུ་བཟུང་ནས་ལྷ་ལྷན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོའི་ཉེ་འགྲམ་དུ་སྦྱར། ཞེས་དང་། གེ་སར་སྐྱེས་བུ་ཆེན་པོ་ལ་བརྟེན་པའི་ཚེ་སྒྲུབ་ཉི་ཟླ་འོད་འབར་གྱི་མཇུག་བྱང་དུ། སྐྱེས་མཆོག་ཆེན་པོ་༼གླིང་རྗེ་གེ་སར་སྐྱེས་བུ༽ཟླ་བའི་གངས་རི་ལས། །བདག་ཡིད་དད་པའི་ཉི་འོད་ཀྱིས་འཁྱུད་པས། །ཐུགས་རྗེའི་འོད་ཟེར་ཆུ་རྒྱུན་ལེགས་བབས་པ། །བློ་གྲོས་ཀུ་མུད་བྱེ་བའི་རྫིང་བུ་རུ། །རྟག་ཏུ་འཁྱིལ་འདི་སྐལ་བ་བཟང་སྙམ་སྤྲོ། །རིག་དབྱིངས་པདྨ་གཞོན་ནུའི་དགའ་ཚལ་དུ། །སྐྱེས་མཆོག་ཉི་མ་དགྱེས་པའི་བཅུད་འབབ་པ། །འགོག་པ་མེད་པས་སྒྲུབ་ཐབས་སྦྲང་རྩི་འགའ། །ཅི་དགར་ཕྱུར་འདིས་བློ་གསལ་བུང་བ་འགའ། །ཡིད་ཀྱི་ཆུ་གཏེར་རྟེན་འབྱུང་རི་བོ་ཡིས། །བསྲུབ་པར་གྱུར་ཚེ་ཟབ་ཆོས་ཉིན་བྱེད་འཆར། །ལོག་སེམས་འབྱུང་པོའི་བྱ་ཡི་མིག་ཟུམ་ཡང་། །སྐལ་ལྡན་པདྨོ་དགའ་བའི་མིག་བྱེ་འགྱུར། །ཞེས་དང་། སྐྱེས་བུ་ཆེན་པོ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་རིག་པ་འཛིན་པ་འཇམ་དཔལ་ནོར་བུ་པདྨ་དབང་གི་རྒྱལ་པོའམ་མུ་ཙུ་མུ་ཁྱུང་དྲུང་མུས་གང་ཤར་རང་གྲོལ་གྱི་རི་མོ་གློག་གི་གར་མཁན་ལྟར་དགེ་བའི་མཚན་མ་དང་ལྷན་ཅིག་ཏུ་སྣང་བར་བྱས། ཞེས་གསུངས་སོ། །མདོར་ན་རྗེ་བཙུན་བླ་མ་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་གླིང་རྗེ་གེ་སར་སྐྱེས་བུ་ཡི་དམ་དུ་བསྟེན་པ་དང་། གེ་སར་སྐྱེས་བུ་ཆེན་པོའི་མཛད་པ་འཕྲིན་ལས་ལ་ཕན་པའི་ཞབས་ཞུ་བླ་ན་མེད་པ་གནང་བར་མཛད་ཚུལ་བཅས་རྗེ་བཙུན་བླ་མ་ཉིད་ཀྱི་ཉེ་བར་གནས་པ་མཚན་ཉིད་དགོན་གྱི་སྤྲུལ་སྐུ་དཀོན་མཆོག་དཔལ་བཟང་གི་ཞལ་རྒྱུན་རྣམས་མཚན་ཉིད་དགོན་པའི་སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོས་རྣམ་ཐར་ཟིན་བྲིས་སུ་བཀོད་པ་སོགས་ལ་གཞི་བཅོལ་ནས་བྲིས་པ་འདི་ཡང་སྨིན་དབུས་ཨ་དཀར་པོའི་ངོར་རབ་བརྟན་དགེ་ལེགས་ཕུན་ཚོགས་ཀྱིས་སོ། ། 

གླིང་གེ་སར་རིག་གནས་དྲ་བ་ལས་བཤུས། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།