ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་གི་ལྟ་སྐུལ་སྲོལ་ཡིག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(2016ལོའི་ཟླ10པའི་ཚེས27ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གྲོས་འཆམ་བྱུང་། )    

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དང་། ཏང་ནང་གི་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་ཆེད་དུ། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིགས་ཡིག》གཞིར་བཟུང་ནས། སྲོལ་ཡིག་འདི་གཏན་འབེབས་བྱས།

དོན་ཚན་གཉིས་པ། ཏང་ནང་གི་ལྟ་སྐུལ་བྱེད་པར་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཀྱིས་མཛུབ་སྟོན་དང་། སྤྱི་ཁྱབ་ཧྲུའུ་ཞི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པ་ལག་ལེན་མཐར་ཕྱིན། “གནས་ལྔ་ཕུང་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་སྒོས་སྐུལ་འདེད་གཏོང་བ་དང“ཁྱོན་ཡོངས་བཞིའི”ཐབས་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བར་དམིགས་པ། ཏང་གི་སྒྲིགས་ཡིག་བརྩི་སྲུང་དང་སྒྲིགས་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པ་བཅས་དང་། ཏང་ནང་གི་ལྟ་སྐུལ་དང་མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གིས་ཡུན་རིང་སྲིད་སྐྱོང་བྱེད་པའི་ཆ་རྐྱེན་འོག་གི་རང་ཉིད་གཙང་བསྒྱུར་དང་རང་ཉིད་འཐུས་ཚང་། རང་ཉིད་གསར་སྒྱུར། རང་ཉིད་མཐོར་འདེགས་བཅས་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། ཏང་ནི་ནམ་ཡང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་མགོ་ཁྲིད་བརྟན་པོའི་སྲོག་ཤིང་ཡིན་པ་ཁག་ཐེག་བྱེད་དགོས།

དོན་ཚན་གསུམ་པ། ཏང་ནང་གི་ལྟ་སྐུལ་ལ་བཀག་ཁུལ་དང་དམིགས་བསལ་གང་ཡང་མེད་ལ། ཡིད་ཆེས་ཀྱིས་ལྟ་སྐུལ་གྱི་ཚབ་བྱེད་མི་རུང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཡིད་ཆེས་དང་སྐུལ་ལྕག་གཏོང་བ་དེ་གཟབ་ནན་སྒོས་ལྟ་སྐུལ་བྱེད་པར་ཟུང་འབྲེལ་བྱས་ཏེ། ཏང་གི་མགོ་ཁྲིད་ལས་བྱེད་པར་དབང་ཆ་ཡོད་ན་ངེས་པར་འགན་འཁྲི་ཡོད་པ་དང་། འགན་འཁྲི་ཡོད་ན་ངེས་པར་འཁུར་ཕོད་པར་བྱེད་པ་དང་། དབང་ཆ་སྤྱོད་སྐབས་ལྟ་སྐུལ་དང་ལེན་དང་འགན་འཛོལ་བྱུང་ན་ངེས་པར་རྩད་གཅོད་བྱེད་དགོས།

དོན་ཚན་བཞི་པ། ཏང་ནང་གི་ལྟ་སྐུལ་ལ་ངེས་པར་དམངས་གཙོ་གཅིག་བསྡུས་ལམ་ལུགས་ལག་བསྟར་བྱེད་པ་དང་། སྒྲིགས་སྲོལ་དང་སྒྲིགས་ལམ་ལྟར་ལྟ་སྐུལ་བྱེད་དགོས། གོང་ནས་འོག་བར་གྱི་རྩ་འཛུགས་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ་དང་།འོག་ནས་གོང་བར་གྱི་དམངས་གཙོ་ལྟ་སྐུལ་ལེགས་བསྒྱུར་བྱས་ཏེ།རིམ་མཚུངས་བར་གྱི་ཕན་ཚུན་ལྟ་སྐུལ་ནུས་པ་འདོན་སྤེལ་བྱེད་དགོས། སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་བྱེད་པ་དང་།སྔ་མོ་ནས་འཛིན་པ་དང་ཆུང་ངུ་ནས་འཛིན་པ། སྐྱོན་ཆུང་དུས་མེད་པར་བཟོ་བ་བཅས་རྒྱུན་འཁྱོངས་བྱེད་དགོས།

དོན་ཚན་ལྔ་པ། ཏང་ནང་དུ་ལྟ་སྐུལ་བྱེད་པའི་ལས་འགན་ནི་ཏང་གི་སྒྲིགས་ཡིག་དང་ཏང་གི་སྒྲིགས་སྲོལ། ཏང་གི་སྒྲིགས་ཁྲིམས་བཅས་ཏང་ཡོངས་སུ་ལག་བསྟར་ནུས་ལྡན་བྱེད་པ་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་བྱས་ཏེ། གཙོ་བོ་ཏང་གི་མགོ་ཁྲིད་ཇེ་གཉོམ་དུ་འགྲོ་བ་དང་ཏང་འཛུགས་སྐྲུན་མི་བྱེད་པ། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་ཚད་མི་འདང་བ་དང་།ཏང་གི་འདུ་ཤེས་ཇེ་ཞན་དང་རྩ་འཛུགས་ལྷོད་གཡེང་།སྒྲིགས་ཁྲིམས་མི་དམ་པ་བཅས་ཀྱི་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཐད་ཀྱི་ལྷོད་གཡེང་གནད་དོན་ཐག་གཅོད་བྱེད་དགོས། ཏང་གི་རྩ་འཛུགས་ཀྱིས་འགན་ནུས་ལག་བསྟར་གང་ལེགས་དང་སྲོག་ཤིང་ནུས་པ་འདོན་སྤེལ་བྱེད་པར་ཁག་ཐེག་བྱེད་ཅིང་། ཏང་ཡོན་ཡོངས་ཀྱིས་གདོང་ལེན་མིག་དཔེའི་ནུས་པ་འདོན་པར་ཁག་ཐེག་བྱེད་པ། ཏང་གི་མགོ་ཁྲིད་ལས་བྱེད་པ་ལྷག་བསམ་རྣམ་དག་དང་དྭངས་གཙང་ཡིན་པ། འགན་འཁྲི་ཁུར་ཕོད་པ་བཅས་ཁག་ཐེག་བྱེད་དགོས།

ལེའུ་གཉིས་པ། ཏང་ནང་ལྟ་སྐུལ་གྱི་ནང་དོན་གཙོ་བོ་ནི།

(གཅིག)ཏང་གི་སྒྲིགས་ཡིག་དང་ཏང་གི་སྒྲིགས་སྲོལ་བརྩི་སྲུང་དང་། ཕུགས་འདུན་དང་ཡིད་ཆེས་ཇེ་བརྟན། ཏང་གི་དམིགས་ཡུལ་ལག་ལེན། དཔེ་སྟོན་སྒོས་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་བཅས་བྱེད་པའི་གནས་ཚུལ།

(གཉིས)ཏང་ཀྲུང་དབྱང་གིས་གཅིག་བསྡུས་དང་གཅིག་གྱུར་མགོ་ཁྲིད་བྱེད་པ་སྲུང་སྐྱོང་དང་། ཆབ་སྲིད་འདུ་ཤེས་དང་སྤྱི་ཡོངས་འདུ་ཤེས། སྲོག་ཤིང་འདུ་ཤེས། གྲལ་མཉམ་འདུ་ཤེས་བཅས་འཛུགས་པ་དང་སྲ་བརྟན་དུ་གཏོང་བ།ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་ལག་ལེན་དངོས་འབེབས་བྱས་ཏེ། ཏང་ཡོངས་ཀྱིས་གང་གསུང་དེ་སྒྲུབ་བྱེད་པ་ཁག་ཐེག་བྱེད་པའི་གནས་ཚུལ།

(གསུམ)དམངས་གཙོ་གཅིག་བསྡུས་ལམ་ལུགས་རྒྱུན་འཁྱོངས་དང་། ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན། ཏང་ཡོན་སྒེར་གྱིས་ཏང་རྩ་འཛུགས་ལ་བསྟུན་པ་དང་ཉུས་བས་མང་བར་བརྩི་བཀུར་བྱེད་པ། འོག་རིམ་རྩ་འཛུགས་ཀྱིས་གོང་རིམ་རྩ་འཛུགས་ལ་བསྟུན་པ།ཏང་ཡོངས་ཀྱི་རྩ་འཛུགས་སོ་སོ་དང་ཏང་ཡོན་ཡོངས་ཀྱིས་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྩ་དོན་དང་བསྟུན་པ་བཅས་ཀྱི་གནས་ཚུལ།

(བཞི)ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་འགན་འཁྲི་དངོས་འབེབས་དང་། ཏང་གི་སྒྲིགས་ཁྲིམས་དང་ནང་སྒོས་སུ་ཆབ་སྲིད་སྒྲིགས་ཁྲིམས་དང་ཆབ་སྲིད་སྒྲིགས་ལམ་གཟབ་ནན་བྱས་ཏེ།ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་བྱ་བར་སྐུལ་འདེད་གཏོང་བའི་གནས་ཚུལ།

(ལྔ)ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དངོས་འབེབས་དང་། ཀུན་སྤྱོད་འཛུགས་སྐྲུན་བྱེད་པར་ཤུགས་སྣོན། མང་ཚོགས་ལ་འབྲེལ་འདྲིས་དམ་པོ། ཏང་གི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་ཀྱི་གནས་ཚུལ།

(དྲུག)ཏང་གི་ལས་བྱེད་པའི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། མི་ཡང་དག་སྒོས་འདེམ་པ་དང་ཡང་དག་སྒོས་བཀོལ་བའི་ཁྲིད་ཕྱོགས་འཛུགས་པ། ལས་བྱེད་པ་འདེམ་སྒྲིག་དང་བཀོལ་སྤྱོད་བྱེད་པའི་བྱ་བའི་གཏན་འཁེལ་ལག་བསྟར་བྱེད་པའི་གནས་ཚུལ།

(བདུན)སྤྱོད་གཙང་རང་གཅུན་དང་དབང་སྤྱོད་དྲང་གཞག་ཡོང་བའི་གནས་ཚུལ།

(བརྒྱད)ཏང་ཀྲུང་དབྱང་དང་གོང་རིམ་ཏང་རྩ་འཛུགས་ཀྱིས་བཀོད་སྒྲིག་བྱས་པའི་ལས་འགན་ལེགས་འགྲུབ་བྱུང་བའི་གནས་ཚུལ།

དོན་ཚན་དྲུག་པ། ཏང་ནང་ལྟ་སྐུལ་གྱི་ལྟ་སྐུལ་བྱ་ཡུལ་གཙོ་བོ་ནི་ཏང་གི་མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པ། ནང་སྒོས་སུ་མགོ་ཁྲིད་ལས་བྱེད་པ་གཙོ་བོ་བཅས་རེད།

དོན་ཚན་བདུན་པ། ཏང་ནང་ལྟ་སྐུལ་བྱེད་སྐབས་ངེས་པར་སྒྲིགས་ཁྲིམས་སྔོན་ནས་བསྒྲགས་པ་དང་། ལྟ་སྐུལ་དང་སྒྲིགས་ཁྲིམས་ལག་བསྟར་བྱེད་པའི“རྣམ་པ་བཞི”བཀོལ་ཏེ། རྒྱུན་དུ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ་དང་། ཁ་ཆད་གླེང་མོལ་དང་ཡིག་བསྐུར་རྩད་འདྲི་བྱས་ནས། “ངོ་གདོང་དམར་པོར་འགྱུར་བ་དང་རྔུལ་ཆུ་བཞུར་བ”རྒྱུན་རྣམ་ཅན་དུ་འགྱུར་དུ་འཇུག་དགོས། ཏང་གི་སྒྲིགས་ཁྲིམས་ལྟར་ཆད་པ་ཡང་མོ་གཅོད་པའམ་རྩ་འཛུགས་ཀྱིས་ལེགས་སྒྲིག་བྱེད་པ་དེ་སྒྲིགས་འགལ་ཐག་གཅོད་པའི་མང་ཤས་སུ་འགྱུར་དུ་འཇུག་པ་དང་། ཏང་གི་སྒྲིགས་ཁྲིམས་ལྟར་ཆད་པ་ལྕི་མོ་གཅོད་པའམ་ལས་གནས་ལེགས་སྒྲིག་ཆེན་པོ་བྱེད་པ་དེ་ཉུང་ཤས་སུ་འགྱུར་དུ་འཇུག་དགོས་ལ། སྒྲིགས་འགལ་དང་ཁྲིམས་འགལ་ཚབས་ཆེན་བྱུང་སྟེ་གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་བྱེད་པ་དེ་ཆེས་ཉུང་ཤས་སུ་འགྱུར་དུ་འཇུག་དགོས།

དོན་ཚན་བརྒྱད་པ། ཏང་གི་མགོ་ཁྲིད་ལས་བྱེད་པས་རང་ཉིད་རང་གཅུན་བྱེད་ཚད་ཇེ་དྲག་ཏུ་གཏོང་བ་དང་།རྒྱུན་དུ་ཏང་གི་སྒྲིགས་ཡིག་དང་བསྟུན་ནས་རང་ཉིད་ཀྱི་གཏམ་བརྗོད་ལ་ཞིབ་བཤེར་བྱས་ཏེ། རང་རྟོགས་སྒོས་ཏང་ནང་གི་ཆབ་སྲིད་འཚོ་བའི་ཚད་གཞི་དང་སྤྱོད་གཙང་རང་གཅུན་གྱི་ཚད་གཞི་བརྩི་སྲུང་བྱེད་པ་དང་། ཏང་གཤིས་བློ་སྦྱོང་བྱེད་པར་ཤུགས་སྣོན་དང་། ཀུན་སྤྱོད་བག་ཆགས་ཟབ་མོ་ཐེབས་སུ་བཅུག་ནས། གུང་ཁྲན་ཏང་མིའི་ཆབ་སྲིད་རང་མདངས་ནམ་ཡང་རྒྱུན་སྲུང་བྱེད་དགོས།

དོན་ཚན་དགུ་པ། ཏང་ཡོངས་ལ་ཀྲུང་དབྱང་གིས་གཅིག་གྱུར་མགོ་ཁྲིད་དང་། ཏང་ཨུས(ཏང་ཙུའུ)ཁྱོན་ཡོངས་ནས་ལྟ་སྐུལ། སྒྲིགས་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཆེད་དུ་ལྟ་སྐུལ་བྱེད་པར་འགན་འཁུར་བ། ཏང་དོན་སྒྲུབ་པའི་སྡེ་ཁག་གིས་འགན་ནུས་ལྟ་སྐུལ། ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་དུས་རྒྱུན་ལྟ་སྐུལ། ཏང་ཡོན་གྱིས་དམངས་གཙོ་ལྟ་སྐུལ་བཅས་བྱེད་པའི་ཏང་ནང་ལྟ་སྐུལ་མ་ལག་ཆགས་སུ་འཇུག་དགོས། 

དོན་ཚན་བཅུ་པ། ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཆབ་སྲིད་ཅུས། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཁྱོན་ཡོངས་ནས་ཏང་ནང་གི་ལྟ་སྐུལ་བྱ་བར་མགོ་ཁྲིད་བྱེད་དགོས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱིས་ལོ་རེ་རེར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བྱ་བའི་སྙན་ཞུར་ཉན་པ་དང་།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བྱ་བར་ལྟ་སྐུལ་བྱེད་པ། ཏང་ནང་ལྟ་སྐུལ་ལ་ཤུགས་སྣོན་པའི་ལས་འགན་ཆེན་མོ་བཀོད་སྒྲིག་བཅས་བྱེད་དགོས།

དོན་ཚན་བཅུ་གཅིག་པ། ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཡོངས་སུ་སློབ་སྦྱོང་དང་སློབ་གསོ་སྤེལ་བར་དུས་བཅད་ལྟར་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ་དང་། སྤྱོད་ཚུལ་དག་ཐེར་བྱེད་པའི་སྙིང་སྟོབས་ཀྱིས་གནད་དོན་འཚོལ་བ་དང་ནོར་འཁྲུལ་ཡོ་བསྲང་བྱེད་དགོས། ཏང་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་ལ་ཉན་པ་དང་གྲོས་བསྡུར་བྱས་པའི་གནས་ཚུལ་ཡར་ཞུ་བྱས་ཏེ། ཀུན་སྤྱོད་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་དགོས།ཀྲུང་དབྱང་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་ཉན་དགོས། ཀྲུང་དབྱང་གི་སྐོར་ཞིབ་གནས་ཚུལ་སྙན་ཞུ་ལ་མཉན་ཏེ།སྐབས་གཅིག་གི་ལས་འགན་འཁུར་བའི་རིང་ལ་ཀྲུང་དབྱང་སྐོར་ཞིབ་ཀྱིས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ལོ་རེ་རེར་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་ཏེ། གཤིབ་བསྡུར་ཞིབ་བཤེར་དང་ཏང་གཤིས་དབྱེ་ཞིབ་བྱེད་དགོས་ལ། རང་སྟེང་གི་འཛུགས་སྐྲུན་བྱེད་ཐབས་ལ་ཞིབ་འཇུག་དང་ཤུགས་སྣོན་བྱེད་དགོས།

དོན་ཚན་བཅུ་གཉིས་པ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ངེས་པར་ཏང་གི་ཆབ་སྲིད་སྒྲིགས་ཁྲིམས་དང་ཆབ་སྲིད་སྒྲིགས་ལམ་བརྩི་སྲུང་ནན་མོ་བྱེད་དགོས་པ་དང་། ཁོངས་མི་གཞན་པར་ཏང་གི་སྒྲིགས་ཡིག་ལ་འགལ་བ་དང་ཏང་གི་སྒྲིགས་ཁྲིམས་ལ་གཏོར་བརླག་གཏོང་བ། ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལྡན་པ་ཤེས་ན་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པར་མ་ཟད། དུས་ལྟར་ཏང་ཀྲུང་དབྱང་ལ་སྙན་ཞུ་འབུལ་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ལ་བསམ་འཆར་ཡོད་ན་མིང་ངོ་མ་བཀོད་དེ་ཡིག་ངོས་ཀྱི་རྣམ་པ་དང་ཡང་ན་རྣམ་པ་གཞན་དག་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཡང་ན་ཀྲུང་དབྱང་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་བྱེད་དགོས།

དོན་ཚན་བཅུ་གསུམ་པ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་གྱིས་ཐད་ཀར་ཁག་འགན་ཁུར་པའི་སྡེ་ཁག་དང་ས་གནས། ཁྱབ་ཁོངས་ཀྱི་ཏང་རྩ་འཛུགས་དང་མགོ་ཁྲིད་ཚན་ཁག་གི་ཁོངས་མི་བཅས་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་པ་དང་། དུས་བཅད་ལྟར་འབྲེལ་ཡོད་ས་གནས་དང་སྡེ་ཁག་གི་འགན་འཁྲི་པ་གཙོ་བོས་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་འགན་འཁྲི་ལག་བསྟར་དང་དྭངས་གཙང་རང་གཅུན་བྱེད་པ་སོགས་ཀྱི་གནས་ཚུལ་ཁ་བརྡ་བྱེད་དགོས།

དོན་ཚན་བཅུ་བཞི་པ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་གྱིས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ལག་བསྟར་ནན་ཏན་དང་། རང་རྟོགས་ཀྱིས་རྩ་འཛུགས་འཚོ་བ་ཉིས་བརྩེགས་ལ་ཞུགས་ནས། བདེན་པ་བདེན་དྲང་གིས་ཏང་ཀྲུང་དབྱང་ལ་སྒེར་གྱི་དོན་བྱ་གལ་ཆེན་ཡར་ཞུ་བྱེད་དགོས།སྣེ་ཁྲིད་དེ་ཁྱིམ་སྲོལ་བཟང་པོ་འཛུགས་པ་དང་། གཉེན་ཉེ་དང་ཉེ་འགྲམ་གྱི་ལས་བྱེད་མི་སྣར་སློབ་གསོ་གཏོང་བ་དང་ཚོད་འཛིན་བྱེད་པར་ཤུགས་བསྣན་ཏེ། བཟའ་ཟླ་དང་བུ་ཕྲུག བུ་ཕྲུག་གི་བཟའ་ཟླ་སོགས་ཀྱིས་ཁྲིམས་འགལ་སྒོས་ཚོང་གཉེར་བ་དང་ཁེ་ལས་བསྒྲུབ་མི་ཆོག་པ་དང་། སྒྲིགས་སྲོལ་དང་འགལ་བའི་སྒོ་ནས་ལས་གནས་འཁུར་བ་དང་ཞོར་འགན་ཁུར་ཏེ་ཡོང་སྒོ་བླངས་མི་ཆོག་པའི་བླང་བྱ་འདོན་དགོས།

ལེའུ་གསུམ་པ། ཏང་ཨུས(ཏང་ཙུའུ)ལྟ་སྐུལ་བྱེད་པ།

དོན་ཚན་བཅོ་ལྔ་པ། ཏང་ཨུས(ཏང་ཙུའུ)ཏང་ནང་ལྟ་སྐུལ་ཁྲོད་འགན་འཁྲི་གཙོ་བོ་འཁུར་དགོས་པ་དང་། ཧྲུའུ་ཅི་ནི་འགན་འཁྲི་པ་དང་པོ་ཡིན།ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན(ཏང་ཙུའུ་ཁོངས་མི)དང་ཏང་ཨུའི་ཨུ་ཡོན་གྱིས་འགན་འཁྲིའི་ཁྱབ་ཁོངས་ནང་དུ་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱེད་དགོས་ལ། ཏང་ཨུས(ཏང་ཙུའུ)གཤམ་གྱི་ལྟ་སྐུལ་འགན་འཁྲི་འདི་དག་འཁུར་དགོས་པ་སྟེ།

(གཅིག)རང་ས་གནས་དང་རང་སྡེ་ཁག རང་སྡེ་ཚན་བཅས་ཀྱི་ཏང་ནང་གི་ལྟ་སྐུལ་བྱ་བར་མགོ་ཁྲིད་དང་། ལྟ་སྐུལ་ལམ་ལུགས་སྣ་ཚོགས་རྩ་འཛུགས་དང་ལག་བསྟར་བྱས་ཏེ། ལྟ་སྐུལ་ཞིབ་བཤེར་བྱེད་པར་དམ་འཛིན་བྱེད་དགོས།

(གཉིས)རིམ་མཚུངས་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཁོངས་གཏོགས་ཁྱབ་ཁོངས་ནང་གི་སྒྲིགས་ཁྲིམས་ཞིབ་བཤེར་བྱ་བར་མགོ་ཁྲིད་པར་ཤུགས་སྣོན་པ་དང་། དེའི་སྒྲིགས་ཁྲིམས་ལག་བསྟར་དང་འགན་འཁྲི་རྩད་གཅོད་བྱེད་པར་ལྟ་སྐུལ་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་དགོས།

(གསུམ)ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནམ(ཏང་ཙུའུ་ཁོངས་མི)ཏང་ཨུའི་ཨུ་ཡོན་དང་། རིམ་མཚུངས་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ངམ་ཏང་དོན་སྒྲུབ་པའི་སྡེ་ཁག ཐད་ཀར་མགོ་ཁྲིད་བྱེད་པའི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ཚན་ཁག་བཅས་དང་གཞན་ད་རུང་དེའི་ཁོངས་མི་བཅས་ལ་ལྟ་སྐུལ་བྱེད་དགོས།

(བཞི)གོང་རིམ་ཏང་ཨུ་དང་སྒྲིགས་ཨུའི་བྱ་བར་བསམ་འཆར་དང་གྲོས་གཞི་བཏོན་པར་ལྟ་སྐུལ་བྱེད་དགོས་པ་བཅས་སོ། །

དོན་ཚན་བཅུ་དྲུག་པ། ཏང་དོན་སྒྲུབ་པའི་སྡེ་ཁག་གིས་ལྟ་སྐུལ་ལམ་ལུགས་སྣ་ཚོགས་ལག་བསྟར་ནན་ཏན་བྱེད་པ་དང་། འགན་འཁྲིའི་ཁྱབ་ཁོངས་ནང་གི་ཏང་ནང་ལྟ་སྐུལ་བྱ་བར་ཤུགས་བསྣན་ཏེ། རང་སྡེ་ཁག་དང་རང་སྡེ་ཚན་གྱི་ནང་ཁུལ་ལྟ་སྐུལ་ལ་ཤུགས་སྣོན་དགོས་པར་མ་ཟད། རང་མ་ལག་གི་དུས་རྒྱུན་ལྟ་སྐུལ་ཇེ་དྲག་ཏུ་གཏོང་དགོས།

དོན་ཚན་བཅུ་བདུན་པ། ཏང་ནང་ལྟ་སྐུལ་ལ་ངེས་པར་ཏང་རྩ་འཛུགས་ཀྱི་འགན་འཁྲི་པ་གཙོ་བོ་དང་གནད་འགག་ལས་རྐང་གི་མགོ་ཁྲིད་ལས་བྱེད་པའི་ལྟ་སྐུལ་ལ་ཤུགས་སྣོན་དགོས་པ་དང་། གཙོ་བོ་དེའི་ཆབ་སྲིད་ལངས་ཕྱོགས་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའམ་ཏང་གཟབ་ནན་གྱིས་སྐྱོང་བ། ཏང་གི་ཇུས་ཆོད་ལག་བསྟར།དྲང་གཞག་དང་ཡང་དག་གི་སྒོ་ནས་མི་འདེམ་པ་དང་མི་བཀོལ་བ། འགན་འཁྲི་འཁུར་བ། སྤྱོད་གཙང་རང་གཅུན་བཅས་བྱེད་པར་ལྟ་སྐུལ་བྱས་ཏེ། འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགན་འཁྲི་ལམ་ལུགས་དངོས་འབེབས་གནས་ཚུལ་བཅས་ལ་ལྟ་སྐུལ་བྱེད་དགོས།

གོང་རིམ་ཏང་རྩ་འཛུགས་དང་ནང་སྒོས་སུ་དེའི་འགན་འཁྲི་པ་གཙོ་བོས་འོག་རིམ་ཏང་རྩ་འཛུགས་ཀྱི་འགན་འཁྲི་པ་གཙོ་བོར་དུས་རྒྱུན་དུ་འདྲི་རྟོགས་མང་པོ་དང་དྲན་སྐུལ་མང་པོ་བྱེད་དགོས་པ་དང་། གནད་དོན་ཡོད་པ་ཤེས་ན་དུས་ལྟར་ཡོ་བསྲང་བྱེད་དགོས།མགོ་ཁྲིད་ཚན་ཁག་གི་ཁོངས་མིས་ཚན་ཁག་གི་འགན་འཁྲི་པ་གཙོ་བོར་གནད་དོན་ཡོད་པ་ཤེས་ན།དུས་ལྟར་དེ་ལ་ཤེས་སུ་འཇུག་པ་དང་། དགོས་ངེས་ཀྱི་སྐབས་སུ་ཐད་ཀར་གོང་རིམ་ཏང་རྩ་འཛུགས་ལ་ཡར་ཞུ་བྱེད་ཆོག ཏང་རྩ་འཛུགས་ཀྱི་འགན་འཁྲི་པ་གཙོ་བོས་མི་སྒེར་གྱི་འབྲེལ་ཡོད་དོན་བྱ་རྣམས་ཏང་ནང་གི་ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་དུ་སྤྱི་བསྒྲགས་བྱས་ཏེ། རང་རྟོགས་སྒོས་ལྟ་སྐུལ་དང་ལེན་བྱེད་དགོས།

དོན་ཚན་བཅོ་བརྒྱད་པ། ཏང་ཨུས(ཏང་ཙུའུ)མགོ་ཁྲིད་ལས་བྱེད་པར་དུས་རྒྱུན་དུ་དོ་དམ་དང་ལྟ་སྐུལ་བྱེད་པར་ཤུགས་བསྣན་ཏེ། དེའི་བསམ་བློ་དང་བྱ་བ།སྤྱོད་ཚུལ། འཚོ་བའི་གནས་བབ་སོགས་ཤེས་དགོས། ཏང་གི་མགོ་ཁྲིད་ལས་བྱེད་པས་རྒྱུན་དུ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ་དང་། རང་ཉིད་ཀྱི་སྐྱོན་ཆ་དང་ནོར་འཁྲུལ་ཤེས་པའམ་རང་བཤེར་བྱས་ཏེ། རང་འགུལ་གྱིས་བསྒྱུར་བཅོས་བྱེད་དགོས་ལ། བློ་མཐུན་གྱི་སྐྱོན་ཆ་དང་ནོར་འཁྲུལ་ཅི་ཡིན་བཤད་ཕོད་པ་དང་བསྒྱུར་བཅོས་བྱེད་རོགས་བྱེད་དགོས།

དོན་ཚན་བཅུ་དགུ་པ། སྐོར་ཞིབ་ནི་ཏང་ནང་གི་ལྟ་སྐུལ་བྱེད་སྟངས་གལ་ཆེན་ཞིག་རེད། ཀྲུང་དབྱང་དང་ཞིང་ཆེན། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཏང་ཨུས་སྐབས་གཅིག་གི་ལས་འགན་འཁུར་ཡུན་རིང་།དོ་དམ་བྱེད་ཀྱིན་པའི་ས་གནས་དང་སྡེ་ཁག ཁེ་དོན་ལས་སྡེ་ཁག་བཅས་ཀྱི་ཏང་རྩ་འཛུགས་ལ་ཁྱོན་ཡོངས་ནས་སྐོར་ཞིབ་བྱེད་དགོས། ཏང་གི་རྩ་འཛུགས་དང་ཏང་གི་མགོ་ཁྲིད་ལས་བྱེད་པས་ཏང་གི་སྒྲིགས་ཡིག་དང་ཏང་གི་མགོ་ཁྲིད། ཏང་གི་འཛུགས་སྐྲུན་དང་ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དངོས་འབེབས་བྱེད་པ་བཅས་ཀྱི་གནས་ཚུལ་ལ་སྐོར་ཞིབ་བྱས་ཏེ། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་འགན་འཁྲི་དང་ཏང་གི་སྒྲིགས་ཁྲིམས་ལག་བསྟར། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དངོས་འབེབས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་བྱ་བ། གཞན་ད་རུང་མི་འདེམ་པ་དང་མི་བཀོལ་བའི་གནས་ཚུལ་བཅས་ལག་ཏུ་བསྟར་དགོས། གནད་དོན་ཡོད་པ་ཤེས་ཤིང་ཟིལ་གནོན་གྱི་རྣམ་པ་ཆགས་པ། བཅོས་བསྒྱུར་བྱེད་པར་སྐུལ་སྤེལ་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཅས་ཀྱིས། ཏང་གཟབ་ནན་གྱིས་སྐྱོང་བའི་རལ་གྲི་རྣོན་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཏང་ཨུ་དང་། ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུ་དང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་སྡེ་ཁག་གི་ཏང་ཙུའུ(ཏང་ཨུ)ཡི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་དགོས། ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཏང་ཨུས་ཏང་གི་གྲོང་ཁྱེར(ཏིས་དང་ཁུལ་དང་མེང)དང་རྫོང(གྲོང་ཁྱེར་དང་ཆུས་དང་མདའ་ཚན)ཨུ་ཡོན་ལྷན་ཁང་གིས་སྐོར་དཔྱོད་ལམ་ལུགས་འཛུགས་པར་སྐུལ་སྤེལ་བྱས་ཏེ། ཏང་གཟབ་ནན་གྱིས་སྐྱོང་བ་དེ་གཞི་རིམ་དུ་བསྲིང་དགོས།

དོན་ཚན་ཉི་ཤུ་པ། ཏང་གི་རྩ་འཛུགས་འཚོ་བའི་ལམ་ལུགས་གཟབ་ནན་དང་། དམངས་གཙོ་འཚོ་བའི་ཚོགས་འདུ་དུས་རྒྱུན་རང་བཞིན་དུ་བཏང་ནས། གནད་དོན་འབུར་ཐོན་དང་ཡང་ན་རྒྱུན་མཐོང་རང་བཞིན་གྱི་གནད་དོན་དང་འཕྲད་སྐབས་དུས་ལྟར་བསྡུ་དགོས།དམངས་གཙོ་འཚོ་བའི་ཚོགས་འདུའི་སྟེང་གཙོ་བོ་འབུར་ཐོན་གནད་དོན་ཐག་གཅོད་དགོས་པས། མགོ་ཁྲིད་ལས་བྱེད་པས་ངེས་པར་ཚོགས་འདུའི་སྟེང་མང་ཚོགས་ཀྱིས་བཏོན་པའི་གནད་དོན་དང་སྐོར་ཞིབ་བྱེད་སྐབས་མཐོང་བའི་གནད་དོན། ཡིག་བསྐུར་འདྲི་རྩད་དང་ཁ་ཆད་གྲོས་མོལ་བྱས་པ་ལས་རྙེད་པའི་གནད་དོན་བཅས་གསལ་པོར་བཤད་པ་དང་ཞིབ་མོར་བརྗོད་དེ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ་དང་། ལེགས་སྒྲིག་བྱེད་ཐབས་བཏོན་ནས་རྩ་འཛུགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། གོང་རིམ་ཏང་རྩ་འཛུགས་ཀྱིས་འོག་རིམ་མགོ་ཁྲིད་ཚན་ཁག་གི་དམངས་གཙོ་འཚོ་བའི་ཚོགས་འདུ་ལ་མཛུབ་སྟོན་དང་ལྟ་སྐུལ་བྱེད་པར་ཤུགས་བསྣན་ཏེ། དམངས་གཙོ་འཚོ་བའི་ཚོགས་འདུའི་སྤུས་ཀ་ཇེ་མཐོར་གཏོང་དགོས།

དོན་ཚན་ཉེར་གཅིག་པ། ཏང་ནང་གི་གླེང་མོལ་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་།དྲན་སྐུལ་གླེང་མོལ་དང་བསླབ་འདོན་སྐུལ་ལྕག་གི་གླེང་མོལ་ནན་ཏན་གྱིས་སྤེལ་དགོས། མགོ་ཁྲིད་ལས་བྱེད་པར་བསམ་བློ་དང་སྤྱོད་ཚུལ། སྒྲིགས་ཁྲིམས་བཅས་ཀྱི་ཕྱོགས་སུ་མགོ་འབུས་རང་བཞིན་དང་བློ་ཁ་གཏད་ཕྱོགས་རང་བཞིན་གྱི་གནད་དོན་ཡོད་པ་ཤེས་ན། འབྲེལ་ཡོད་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་པས་དུས་ལྟར་དེ་ལ་དྲན་སྐུལ་གླེང་མོལ་བྱེད་དགོས། སྒྲིགས་འགལ་གནད་དོན་ཡང་མོ་ཡོད་པ་ཤེས་ན། གོང་རིམ་ཏང་རྩ་འཛུགས་ཀྱི་འགན་འཁྲི་པས་དེ་ལ་བསླབ་འདོན་སྐུལ་ལྕག་གི་གླེང་མོལ་བྱེད་དགོས་པར་མ་ཟད། ཁོ་རང་ཉིད་ལ་གསལ་བཤད་དང་སྐྱོན་ངོས་ལེན་བྱེད་དུ་འཇུག་པ་དང་། དེ་གནས་སའི་ཏང་རྩ་འཛུགས་ཀྱི་འགན་འཁྲི་པ་གཙོ་བོས་མིང་རྟགས་བཀོད་རྗེས་གོང་རིམ་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྩ་འཛུགས་སྡེ་ཁག་ལ་ཡར་ཞུ་བྱེད་དགོས།

དོན་ཚན་ཉེར་གཉིས་པ། ལས་བྱེད་པའི་རྟོག་ཞིབ་དང་དཔྱད་ཞིབ་ལམ་ལུགས་ལག་བསྟར་ནན་མོ་དང་། ཀུན་སྤྱོད་དང་འཇོན་ཐང་། ལས་ཀར་འབྱོར་ཚུལ། ལས་ཀའི་གྲུབ་འབྲས། གཞུང་སེམས་དག་མིན་བཅས་ལ་ཁྱོན་ཡོངས་ནས་རྟོག་ཞིབ་བྱེད་དགོས་པ་དང་། ཆབ་སྲིད་གྲུབ་འབྲས་ལ་མཐོང་ཆེན་བྱེད་དགོས་པར་མ་ཟད་ཆབ་སྲིད་ཀུན་སྤྱོད་ལ་མཐོང་ཆེན་བྱས་ཏེ། གཙོ་བོ་ཏང་ཀྲུང་དབྱང་དང་གོང་རིམ་ཏང་རྩ་འཛུགས་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པའི་ཚད་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་ལག་བསྟར། རྩ་དོན་ཆེན་མོའི་གནད་དོན་སྟེང་གི་ལངས་ཕྱོགས། མི་དམངས་མང་ཚོགས་ལ་བཟུང་བའི་རྣམ་འགྱུར། དཀའ་ཁག་དང་བྲེལ་འཚུབ་ཆེ་བའི་ལས་འགན་ལེགས་འགྲུབ་བྱུང་བའི་གནས་ཚུལ་བཅས་ལ་རྟོག་ཞིབ་བྱེད་དགོས། རྟོག་ཞིབ་དང་དཔྱད་ཞིབ་ཁྲོད་ཏང་རྩ་འཛུགས་ཀྱི་འགན་འཁྲི་པ་གཙོ་བོས་ཚན་ཁག་གི་ཁོངས་མི་ལ་བདེན་པ་བདེན་དྲང་གི་སྒོ་ནས་གདེང་འཇོག་བྱེད་དགོས། དཔྱད་ཞིབ་བྱས་པའི་དཔྱད་གཏམ་ནི་ཁོ་རང་ཉིད་དང་འཕྲད་རྗེས་ད་གཟོད་ལས་བྱེད་པའི་ཡིག་ཚགས་ནང་འཇོག་དགོས། ཏང་རྩ་འཛུགས་ཀྱི་འགན་འཁྲི་པ་གཙོ་བོས་ལས་བྱེད་པ་འདེམ་པ་དང་རྟོག་ཞིབ། ཇུས་ཆོད་སོགས་ཀྱི་གནད་འགག་རེ་རེའི་འགན་འཁྲི་དངོས་འབེབས་བྱས་ཏེ། ལྟ་སྐུལ་འགན་འཛོལ་བྱུང་ཡོད་ན་རྩད་གཅོད་ནན་མོ་བྱེད་དགོས།

དོན་ཚན་ཉེར་གསུམ་པ། ཏང་གི་མགོ་ཁྲིད་ལས་བྱེད་པས་ལོ་རེ་རེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང(ཡང་ན་ཏང་ཙུའུ)གི་རྒྱས་འཛོམས་གྲོས་ཚོགས་སྟེང་སྤྱོད་གཙང་ཡོང་ཚུལ་གསལ་ཞུ་བྱས་ཏེ། དཔྱད་བསྡུར་དང་ལེན་བྱེད་དགོས། སྤྱོད་གཙང་ཡོང་ཚུལ་གསལ་ཞུ་བྱེད་པའི་ནང་གཙོ་བོ་ཆབ་སྲིད་སྒྲིགས་ཁྲིམས་དང་ཆབ་སྲིད་སྒྲིགས་ལམ་ལག་བསྟར་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་ལག་བསྟར། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་བྱ་བ། གཞན་ད་རུང་སྤྱོད་གཙང་རང་གཅུན་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་གནས་ཚུལ་ཡིན། སྤྱོད་གཙང་ཡོང་ཚུལ་གསལ་ཞུ་བྱེད་པའི་སྙན་ཞུ་དེ་སྤྱོད་གཙང་ཡིག་ཚགས་སུ་འཇོག་དགོས་པར་མ་ཟད། ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་དུ་སྤྱི་བསྒྲགས་བྱེད་དགོས།

དོན་ཚན་ཉེར་བཞི་པ། མགོ་ཁྲིད་ལས་བྱེད་པའི་སྒེར་གྱི་འབྲེལ་ཡོད་དོན་བྱའི་སྙན་ཞུ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། མགོ་ཁྲིད་ལས་བྱེད་པས་གཏན་འཁེལ་ལྟར་བདེན་པ་བདེན་དྲང་གིས་སྒེར་གྱི་འབྲེལ་ཡོད་དོན་བྱའི་སྙན་ཞུ་འབུལ་དགོས་པ་དང་། དུས་ལྟར་མི་སྒེར་དང་ཁྱིམ་ཚང་གི་གནས་ཚུལ་ཆེན་པོའི་སྙན་ཞུ་ཕུལ་ཏེ། སྔ་མོ་ནས་ཁ་བྲལ་བའི་ལས་རྐང་དང་ཡང་ན་བྱ་བ་སྒྲུབ་པའི་ས་གནས་སོགས་ལ་ཡར་ཞུ་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་འཐེན་བཤེར་དང་བདེན་མིན་ཞིབ་དཔྱད་བྱེད་དགོས། སྒེར་གྱི་དོན་བྱ་ཆེན་མོ་བསམ་བཞིན་དུ་སྦ་གསང་དང་རྫུན་ཞུ་བྱེད་པ་དང་།སྒེར་གྱི་ཡིག་ཚགས་དཔྱད་ཡིག་བསྒྱུར་བཅོས་དང་རྫུན་བཟོ་བྱེད་མཁན་ལ་རྩད་གཅོད་ནན་མོ་བྱེད་དགོས།

དོན་ཚན་ཉེར་ལྔ་པ། ཏང་གི་མགོ་ཁྲིད་ལས་བྱེད་པས་དོན་བྱ་ཆེན་མོར་ཐེ་གཏོགས་བྱེད་པའི་ཟིན་ཐོ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ལས་གནས་ཀྱི་སྟབས་བདེ་བེད་སྤྱད་དེ་སྒྲིགས་འགལ་སྒོས་ལས་བྱེད་པ་འདེམ་སྒྲུག་བཀོལ་སྤྱོད་དང་། བཟོ་འགོད་འཛུགས་སྐྲུན། སྒྲིགས་ཁྲིམས་ལག་བསྟར། ཁྲིམས་འགལ་བྱ་འགུལ་ལ་ཐེ་གཏོགས་བྱེད་པའི་གནད་དོན་ཡོད་ན། དུས་ལྟར་གོང་རིམ་ཏང་རྩ་འཛུགས་ལ་ཡར་ཞུ་བྱེད་དགོས།

ལེའུ་བཞི་པ། ཏང་གི་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་བྱེད་པ།

དོན་ཚན་ཉེར་དྲུག་པ། ཏང་གི་རིམ་པ་སོ་སོའི་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ནི་ཏང་ནང་ལྟ་སྐུལ་ལ་འགན་གཙོ་བོ་ཁུར་པའི་ལས་ཁུངས་ཡིན་ལ། ལྟ་སྐུལ་དང་སྒྲིགས་ཁྲིམས་ལག་བསྟར་དང་འགན་འཁྲི་རྩད་གཅོད་བྱེད་པ་དང་། ཁོངས་གཏོགས་ཁྱབ་ཁོངས་ནང་གི་ཏང་རྩ་འཛུགས་དང་མགོ་ཁྲིད་ལས་བྱེད་པས་ཏང་གི་སྒྲིགས་ཡིག་དང་སྒྲིགས་སྲོལ།སྒྲིགས་ཁྲིམས་བཅས་ལ་བརྩི་སྲུང་བྱེད་པར་ཤུགས་སྣོན་དང་།ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ཐད། གཤམ་གྱི་བྱེ་བྲག་གི་ལས་འགན་འདི་དག་འཁུར་དགོས་པ་སྟེ།

(གཅིག)རིམ་མཚུངས་ཏང་ཨུ་དང་ནང་སྒོས་སུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཏང་དོན་སྒྲུབ་པའི་སྡེ་ཁག ཐད་ཀར་མགོ་ཁྲིད་བྱེད་པའི་ཏང་རྩ་འཛུགས། ཏང་གི་མགོ་ཁྲིད་ལས་བྱེད་པས་འགན་ནུས་ལག་བསྟར་དང་། དབང་ཆ་བཀོལ་སྤྱོད་བྱེད་པའི་གནས་ཚུལ་བཅས་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་དགོས།

(གཉིས)སྒྲིགས་ཁྲིམས་ཞིབ་བཤེར་བྱ་བར་མགོ་ཁྲིད་ཉིས་བརྩེགས་བྱེད་པའི་སྒྲིགས་སྲོལ་དངོས་འབེབས་བྱེད་པ་དང་། སྒྲིགས་ཁྲིམས་ལག་བསྟར་དང་ཞིབ་བཤེར་བྱ་བར་གོང་རིམ་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་མགོ་ཁྲིད་བྱེད་པ་གཙོ་བོར་འཛིན་པ། ཁུངས་སྣེ་ཐག་གཅོད་དང་སྒྲིགས་ཁྲིམས་ལག་བསྟར་ཞིབ་བཤེར་བྱེད་པའི་གནས་ཚུལ་དེ་རིམ་མཚུངས་ཏང་ཨུ་ལ་ཡར་ཞུ་བྱེད་པ་དང་མཉམ་དུ་གོང་རིམ་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལའང་ཡར་ཞུ་བྱེད་དགོས། རིམ་པ་སོ་སོའི་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པས་འོས་མི་འདོན་པ་དང་རྟོག་ཞིབ་བྱེད་སྐབས་གོང་རིམ་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་སྡེ་ཁག་དང་མཉམ་དུ་འཛིན་པ་གཙོ་བོར་འཛིན་དགོས།

(གསུམ)གོང་རིམ་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འོག་རིམ་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་མགོ་ཁྲིད་བྱེད་པར་ཤུགས་སྣོན་པ་དང་།སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རིམ་མཚུངས་ཏང་ཨུའི་མགོ་ཁྲིད་ལས་བྱེད་པ་གཙོ་བོར་གནད་དོན་ཡོད་པ་ཤེས་ན། ཐད་ཀར་གོང་རིམ་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་བྱེད་ཆོག་པ་དང་།འོག་རིམ་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཆེས་ཉུང་ནའང་ལོ་ཕྱེད་རེའི་ནང་གོང་རིམ་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་བྱ་བའི་སྙན་ཞུ་ཐེངས་གཅིག་འབུལ་དགོས་པ་དང་།ལོ་རེར་གོང་རིམ་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་ལས་འགན་བསྒྲུབས་ཚུལ་གསལ་ཞུ་བྱེད་དགོས།

དོན་ཚན་ཉེར་བདུན་པ། སྒྲིགས་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ངེས་པར་ཏང་གི་ཆབ་སྲིད་སྒྲིགས་ཁྲིམས་དང་ཆབ་སྲིད་སྒྲིགས་ལམ་ལ་སྲུང་སྐྱོང་བྱེད་པ་དེ་གོ་གནས་དང་པོར་བཞག་སྟེ། གོང་ལ་སྲིད་ཇུས་ཡོད་ན་འོག་ལ་ཁ་གཏད་འཇལ་ཐབས་ཡོད་པ་དང་། བཀའ་ཡོད་བཞིན་དུ་དེ་ལྟར་མི་བསྒྲུབ་པ་དང་གཏན་འགོག་བྱེད་བཞིན་དུ་མི་ཁོག་པ། ཁ་ཞེ་གཉིས་འགལ་དང་མངོན་བརྩི་ལྐོག་འགལ། ཕྱོགས་གཏོགས་འཛུགས་པ་དང་ངན་པ་ཕྱོགས་སྒྲིག་བྱེད་པ།རྩ་འཛུགས་ལ་མགོ་སྐོར་གཏོང་བ་དང་རྩ་འཛུགས་ལ་འགོག་རྒོལ་བྱེད་པ་བཅས་ཀྱི་བྱ་སྤྱོད་མཐའ་གཅིག་ཏུ་ཡོ་བསྲང་དང་རྩད་གཅོད་བྱེད་དགོས།

དོན་ཚན་ཉེར་བརྒྱད་པ། སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བཅའ་སྡོད་སྒྲིགས་ཁྲིམས་ཞིབ་བཤེར་ཚན་ཁག་གིས་མངག་གཏོང་ལས་ཁུངས་ལ་འགན་འཁུར་དགོས་པ་དང་།ལྟ་སྐུལ་བྱ་ཡུལ་སྡེ་ཁག་གི་མགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི། མགོ་ཁྲིད་ལས་བྱེད་པ་གཞན་དག་བཅས་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་དགོས།གནད་དོན་ཡོད་པ་ཤེས་ན་དུས་ལྟར་མངག་གཏོང་ལས་ཁུངས་དང་ལྟ་སྐུལ་བྱ་ཡུལ་སྡེ་ཁག་གི་ཏང་རྩ་འཛུགས་ལ་ཡར་ཞུ་བྱས་ཏེ། ནན་ཏན་གྱིས་བརྟག་དཔྱད་དང་ཐག་གཅོད་བྱེད་པ་དང་།འགན་འཁྲི་རྩད་གཅོད་བྱེད་དགོས་ན་གྲོས་གཞི་འདོན་དགོས།མངག་གཏོང་ལས་ཁུངས་ཀྱིས་བཅའ་སྡོད་སྒྲིགས་ཁྲིམས་ཞིབ་བཤེར་ཚན་ཆུང་གི་བྱ་བའི་མགོ་ཁྲིད་ལ་ཤུགས་བསྣན་ཏེ། ལྟ་སྐུལ་བྱ་ཡུལ་སྡེ་ཁག་གི་ཏང་རྩ་འཛུགས་ཀྱི་འགན་འཁྲི་པ་གཙོ་བོ་དང་བཅའ་སྡོད་སྒྲིགས་ཁྲིམས་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་ལ་དུས་བཅད་ལྟར་ཁ་བརྡ་གླེང་མོལ་བྱས་ཏེ།དེས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས།

བཅའ་སྡོད་སྒྲིགས་ཁྲིམས་ཞིབ་བཤེར་ཚན་ཆུང་གིས་དོན་དངོས་གནས་ཚུལ་དང་བྱེ་བྲག་གི་གནད་དོན་ལ་བལྟས་ནས། དུས་བཅད་ལྟར་མངག་གཏོང་ལས་ཁུངས་ལ་བྱ་བའི་སྙན་ཞུ་འབུལ་དགོས་པ་དང་།ཆེས་ཉུང་ནའང་ལོ་ཕྱེད་རེའི་ནང་ལྟ་སྐུལ་བྱ་ཡུལ་སྡེ་ཁག་གི་ཏང་རྩ་འཛུགས་དང་མཉམ་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་བྱ་བར་ཆེད་དམིགས་ཞིབ་འཇུག་ཐེངས་གཅིག་སྤེལ་དགོས། རྙེད་འོས་པའི་གནད་དོན་མ་རྙེད་ན་འགན་ཤོར་ཡིན་ལ། གནད་དོན་རྙེད་རྗེས་ཡར་ཞུ་མི་བྱེད་པ་དང་ཐག་གཅོད་མི་བྱེད་པ་ནི་ནོར་འཛོལ་ཡིན་པས།ངེས་པར་ཚང་མར་ཐག་གཅོད་ནན་མོ་བྱེད་དགོས།

དོན་ཚན་ཉེར་དགུ་པ། ཡིག་བསྐུར་ངོ་གཏུག་གི་ཐེར་འདོན་གོང་ཞུ་ནན་ཏན་གྱིས་ཐག་གཅོད་དང་།གནད་དོན་གྱི་ཁུངས་སྣེ་ཁག་བགོ་ཐག་གཅོད་ལེགས་པོ་བྱེད་དགོས་པ་དང་། སྔ་མོ་ནས་རྙེད་ན་སྔ་མོ་ནས་ཡར་ཞུ་དང་།སྤྱི་ཚོགས་ཀྱི་ཚུར་སྣང་དྲག་པོ་དང་མང་ཚོགས་ཀྱི་གདེང་འཇོག་མི་བཟང་བའི་མགོ་ཁྲིད་ལས་བྱེད་པའི་གནས་ཚུལ་དུས་ལྟར་ཡར་ཞུ། ཐེར་འདོན་བྱས་པའི་དོན་བྱ་གལ་ཆེན་ལ་གཅིག་བསྡུས་སྒོས་ཞིབ་འཇུག་བཅས་བྱེད་དགོས། ཡིག་བསྐུར་ངོ་གཏུག་ཐེར་འདོན་བྱེད་པའི་གནས་ཚུལ་ལ་དུས་བཅད་ལྟར་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱེད་པ་དང་། ཡིག་བསྐུར་ངོ་གཏུག་ལས་ཚུར་སྣང་བྱས་པའི་མིག་དཔེ་རང་བཞིན་དང་སྤྱིར་བཏང་རང་བཞིན་གྱི་གནད་དོན་ལ་ཁ་གཏད་རང་བཞིན་ཡོད་པའི་ཐག་གཅོད་བསམ་འཆར་བཏོན་ནས།ཡིག་བསྐུར་ངོ་གཏུག་ཅུང་གཅིག་བསྡུས་ཡིན་པའི་ས་ཆ་དང་སྡེ་ཁག་ལ་རྒྱུ་རྐྱེན་དབྱེ་ཞིབ་བྱེད་དགོས་པར་མ་ཟད་ནན་ཏན་གྱིས་ལེགས་སྒྲིག་བྱེད་དགོས།

དོན་ཚན་སུམ་ཅུ་པ། ལས་བྱེད་པ་འདེམ་སྒྲུག་བཀོལ་སྤྱོད་བྱེད་པའི“ཏང་སྲོལ་སྲིད་གཙང་བསམ་འཆར་ལ་ལན་ལྡོན་པའི”འགག་སྒོ་དམ་པོར་སྲུང་བ་དང་། དུས་རྒྱུན་བྱ་བའི་ཁྲོད་དུ་གནས་པའི་གནས་ཚུལ་ཕྱོགས་བསྡུས་བྱས་ཏེ། དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱེད་པར་ཤུགས་སྣོན་དང་།ལས་བྱེད་པའི་སྤྱོད་གཙང་གནས་ཚུལ་ལ་བདེན་པ་བདེན་དྲང་གིས་གདེང་འཇོག་བྱས་ཏེ།“ནད་ཡོད་བཞིན་དུ་གོ་གནས་སྤར་བ”དང“ནད་ཡོད་བཞིན་དུ་ལས་རྐང་དུ་འབུད་པ”བཀག་འགོག་བྱེད་དགོས།

དོན་ཚན་སོ་གཅིག་པ། ལས་བྱེད་པར་སྤྱིར་བཏང་རང་བཞིན་གྱི་སྒྲིགས་ཁྲིམས་དང་འགལ་བའི་གནད་དོན་ཡོད་པ་ཤེས་ན། དུས་ལྟར་གནད་དོན་ཡར་ཞུ་བྱེད་མཁན་གྱི་མི་དེ་བཙལ་ནས་བདེན་མིན་ཞིབ་དཔྱད་དང་ཁ་བརྡ་དྲན་སྐུལ།གླེང་མོལ་རྩད་འདྲི་བཅས་བྱས་ཏེ། ལས་བྱེད་པ་ཁོ་རང་ཉིད་ལ་གནད་དོན་གསལ་པོར་བཤད་དུ་འཇུག་དགོས། གནད་དོན་ཡར་ཞུ་བྱེད་མཁན་གྱི་མི་ལ་ཁ་བརྡ་གླེང་མོལ་བྱེད་སྐབས། དེ་གནས་སའི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་པ་གཙོ་བོ་དང་མཉམ་དུ་བྱེད་ཆོག གནད་དོན་ཡར་ཞུ་བྱེད་སྐབས་ཀྱི་གླེང་མོལ་འདྲི་རྩད་གནད་དོན་གསལ་བཤད་བྱེད་པ་དེར་དེ་གནས་སའི་ཏང་རྩ་འཛུགས་ཀྱི་འགན་འཁྲི་པ་གཙོ་བོས་མིང་རྟགས་བཀོད་རྗེས་གོང་རིམ་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་སྤྲོད་དགོས། གླེང་མོལ་བྱས་པའི་ཟིན་ཐོ་དང་འདྲི་རྩད་ལ་ནན་ཏན་གྱིས་བདེན་མིན་ཞིབ་བཤེར་བྱས་ཏེ།ཞིབ་བཤེར་བྱ་རྒྱུར་ཡིག་ཚགས་སུ་བཀོད་ནས་ཉར་ཚགས་བྱེད་དགོས། གནད་དོན་མ་རྙེད་ན་དྭངས་འབྱེད་བྱེད་དགོས་པ་དང་། བདེན་པ་བདེན་དྲང་གིས་གནས་ཚུལ་གསལ་བཤད་མི་བྱེད་ན་ཐག་གཅོད་ནན་མོ་བྱེད་དགོས།

དོན་ཚན་སོ་གཉིས་པ། སྒྲིགས་ཁྲིམས་དང་སྒྲིགས་ལམ་ལྟར་སྒྲིགས་ལམ་ལག་བསྟར་དང་འདྲི་དཔྱོད་བྱེད་དགོས་ལ། གཙོ་བོ་རང་ཚོད་མི་འཛིན་པ་དང་། གནད་དོན་གྱི་ཁུངས་སྣེ་གཅིག་བསྡུས་ཡིན་པ་དང་མང་ཚོགས་ལ་བསམ་འཆར་མང་པོ་ཡོད་པ།ད་ལྟ་ལས་རྐང་གལ་ཆེན་སྟེང་ཡོད་པ་དང་རྗེས་ཕྱོགས་ད་རུང་གོ་གནས་འཕར་སྲིད་པའི་མགོ་ཁྲིད་ལས་བྱེད་པ་རྣམས་ལ་འདྲི་དཔྱོད་བྱེད་དགོས།གོང་གི་གནས་ཚུལ་གསུམ་པོ་མཉམ་དུ་འཛོམས་ན་གལ་ཆེན་ནང་གི་འགངས་ཆེན་དུ་འཇོག་དགོས།སྒྲིགས་ཁྲིམས་ལག་བསྟར་དང་འདྲི་དཔྱོད་བྱེད་སྐབས་སྒྲིགས་ལམ་དང་འགལ་བའི་དོན་དངོས་རྩད་གཅོད་གསལ་པོ་དང་། འདྲི་དཔྱོད་བྱ་ཡུལ་དེར་ཏང་གི་སྒྲིགས་ཡིག་ལ་སློབ་སྦྱོང་བྱེད་པ་ལས་མགོ་རྩོམ་པ་དང་། ཕུགས་བསམ་དང་ཡིད་ཆེས། དམིགས་ཡུལ།ཏང་གཤིས་རྩ་དོན།སྤྱོད་ཚུལ་སྒྲིགས་ཁྲིམས་སོགས་ཕྱོགས་ནས་རང་ཉིད་ལ་བརྟག་དཔྱད་དང་རང་བཤེར་བྱེད་དུ་འཇུག་པ་དང་། འདྲི་ཞིབ་སྙན་ཞུ་ངེས་པར་དོན་དངོས་གསལ་པོ་ཡིན་དགོས་ལ། གནས་ཐིག་ཡང་དག་བྱས་ཏེ། འདྲི་དཔྱོད་བྱ་ཡུལ་གྱི་བསམ་བློའི་ངོས་ཟིན་གྱི་གནས་ཚུལ་མཚོན་པར་བྱེད་དགོས།

དོན་ཚན་སོ་གསུམ་པ། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བ་དང་། སྒྲིགས་ལམ་ལ་ཚབས་ཆེན་སྒོས་འགལ་ཞིང་གྱོད་ཐོ་བཀོོད་དེ་འདྲི་དཔྱོད་བྱས་ཤིང་ཏང་ཁོངས་ནས་ཕུད་མཁན་དང་།འགན་ཤོར་དང་འགན་འཛོལ་ཆེན་པོ་བྱུང་སྟེ་འགན་འཁྲི་རྩད་གཅོད་བྱེད་པ་བཅས་དང་།གཞན་ད་རུང་མང་ཚོགས་ཀྱི་ཉེ་འགྲམ་དུ་བྱུང་ཞིང་ཤུགས་རྐྱེན་ངན་པ་ཐེབས་པའི་ཚུལ་མིན་སྤྱོད་པ་དང་རུལ་སུངས་གནད་དོན་སོགས་རུས་མིང་ངོ་མ་བཀོད་དེ་སྤྱི་བསྒྲགས་བྱེད་དགོས།

དོན་ཚན་སོ་བཞི་པ། སྒྲིགས་ཁྲིམས་ཞིབ་བཤེར་ལས་ཁུངས་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་དགོས། སྒྲིགས་ཁྲིམས་ཞིབ་བཤེར་ལས་ཁུངས་དང་དེའི་ལས་བྱེད་པར་སྒྲིགས་ལམ་ལ་འགལ་བའི་གནད་དོན་ཡོད་ན།ངེས་པར་ཐག་གཅོད་ནན་མོ་བྱེད་དགོས།རིམ་པ་སོ་སོའི་སྒྲིགས་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ངེས་པར་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ནང་ཁུལ་གྱི་ཚོད་འཛིན་ནང་རྐྱེན་འཐུས་ཚང་དུ་བཏང་ནས། རང་རྟོགས་སྒོས་ཏང་ནང་ལྟ་སྐུལ་དང་སྤྱི་ཚོགས་ལྟ་སྐུལ།མང་ཚོགས་ལྟ་སྐུལ་དང་ལེན་བྱས་ཏེ།དབང་ཆར་ཚོད་འཛིན་ནན་མོ་ཐེབས་པ་ཁག་ཐེག་བྱེད་དགོས།

ལེའུ་ལྔ་པ། ཏང་གི་གཞི་རིམ་རྩ་འཛུགས་དང་ཏང་ཡོན་གྱིས་ལྟ་སྐུལ་བྱེད་པ།

དོན་ཚན་སོ་ལྔ་པ། ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་ཐད། གཤམ་གྱི་ལྟ་སྐུལ་འགན་འཁྲི་འདི་དག་ལག་བསྟར་བྱེད་དགོས་པ་སྟེ།

(གཅིག)ཏང་གི་རྩ་འཛུགས་འཚོ་བ་གཟབ་ནན་དང་།སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ།ཏང་ཡོན་གྱིས་དངོས་གནས་འོས་འགན་ལག་བསྟར་བྱེད་ཀྱིན་ཡོད་མེད་ལ་ལྟ་སྐུལ། ཏང་ཡོན་གྱི་དབང་ཆར་གནོད་འཚེ་མི་ཐེབས་པར་འགན་སྲུང་བཅས་བྱེད་དགོས།

(གཉིས)ཏང་ཡོན་དང་མང་ཚོགས་ཀྱིས་ཏང་གི་བྱ་བ་དང་ཏང་གི་མགོ་ཁྲིད་ལས་བྱེད་པར་སྐྱོན་བརྗོད་དང་བསམ་འཆར་བཏོན་པར་རྒྱུས་ལོན་བྱས་ཏེ།དུས་བཅད་ལྟར་གོང་རིམ་ཏང་རྩ་འཛུགས་ལ་གནས་ཚུལ་ཡར་ཞུ་བྱེད་དགོས་པ་དང་།བསམ་འཆར་དང་གྲོས་གཞི་འདོན་དགོས།

(གསུམ)ཏང་གི་སྒྲིགས་ཁྲིམས་སྲུང་སྐྱོང་དང་ལག་བསྟར་བྱས་ཏེ། ཏང་ཡོན་དང་ལས་བྱེད་པར་སྒྲིགས་ཁྲིམས་དང་འགལ་བའི་གནད་དོན་ཡོད་པ་ཤེས་ན་དུས་ལྟར་སློབ་གསོ་དང་ཐག་གཅོད་བྱེད་དགོས་པ་དང་།གནད་དོན་ཚབས་ཆེན་ཡིན་ན་གོང་རིམ་ཏང་རྩ་འཛུགས་ལ་ཡར་ཞུ་བྱེད་དགོས།

དོན་ཚན་སོ་དྲུག་པ། ཏང་ཡོན་གྱིས་ཏང་དང་མི་དམངས་ཀྱི་ལས་དོན་ལ་འགན་ཆེན་པོ་ཁུར་པའི་རྣམ་འགྱུར་གྱིས། ཏང་ཡོན་གྱི་དབང་ཆ་ཧུར་བརྩོན་གྱིས་ལག་བསྟར་བྱེད་དགོས་ལ། གཤམ་གྱི་ལྟ་སྐུལ་འོས་འགན་འདི་དག་ལག་བསྟར་བྱེད་དགོས་པ་སྟེ།

(གཅིག)ཏང་གི་མགོ་ཁྲིད་ལས་བྱེད་པའི་དམངས་གཙོ་ལྟ་སྐུལ་ལ་ཤུགས་སྣོན་བྱས་ཏེ། དུས་ལྟར་ཏང་རྩ་འཛུགས་ལ་མང་ཚོགས་ཀྱི་བསམ་འཆར་དང་རེ་བ་ཡར་ཞུ་བྱེད་དགོས།

(གཉིས)ཏང་གི་གྲོས་ཚོགས་སྟེང་གཞི་འཛིན་ས་ཡོད་པའི་སྒོ་ནས་ཏང་གི་རྩ་འཛུགས་གང་ཞིག་དང་ཏང་ཡོན་སུ་ཞིག་ལ་སྐྱོན་བརྗོད་བྱས་ཏེ།བྱ་བའི་ཁྲོད་གནས་པའི་སྐྱོན་ཆ་དང་གནད་དོན་ཐེར་འདོན་དང་ཡོ་བསྲང་བྱེད་དགོས།

(གསུམ)ཏང་རྩ་འཛུགས་ཀྱིས་སྤེལ་བའི་མགོ་ཁྲིད་ལས་བྱེད་པར་དཔྱད་བསྡུར་བྱེད་པའི་བྱ་འགུལ་ནང་ཞུགས་ཏེ།འགལ་ཟླའི་གནད་དོན་ལ་ཕོག་ཐུག་གཏོང་ཕོད་པ་དང་སྐྱོན་ཆ་དང་ནོར་འཁྲུལ་ཅི་ཡིན་པ་གསལ་པོར་སྟོན་པ།ནོར་འཁྲུལ་གྱི་གཏམ་བརྗོད་ལ་གཟབ་ནན་དང་འཐབ་འཛིང་བྱེད་ཕོད་པ།

(བཞི)ཏང་གི་རྩ་འཛུགས་གང་ཞིག་དང་ཏང་ཡོན་སུ་ཞིག་སྒྲིགས་ཁྲིམས་ལ་འགལ་བའི་དོན་དངོས་དེ་ཏང་ལ་འགན་ཁུར་པའི་སྒོ་ནས་ཐེར་འདོན་དང་ཡར་ཞུ་བྱེད་དགོས་པ་དང་། ཕྱོགས་ཁག་གི་བྱ་འགུལ་དང་ཚོགས་པ་ཆུང་ཆུང་གི་བྱ་འགུལ་ཡོད་ཚད་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། རུལ་སུངས་སྣང་ཚུལ་ལ་མཐའ་གཅིག་ཏུ་འཐབ་རྩོད་བྱེད་དགོས།

ལེའུ་དྲུག་པ། ཏང་ནང་གི་ལྟ་སྐུལ་དང་ཕྱི་རོལ་གྱི་ལྟ་སྐུལ་གཉིས་ཟུང་དུ་སྦྲེལ་བ།

དོན་ཚན་སོ་བདུན་པ། རིམ་པ་སོ་སོའི་ཏང་ཨུས་རིམ་མཚུངས་དམངས་ཆེན་དང་སྲིད་གཞུང་། ལྟ་ཞིབ་ལས་ཁུངས། ཁྲིམས་འཛིན་ལས་ཁུངས་སོགས་ཀྱི་རྒྱལ་ཁབ་ལས་ཁུངས་དང་གཞུང་ཞབས་པར་ཁྲིམས་ལྟར་ལྟ་སྐུལ་དང་། མི་དམངས་སྲིད་གྲོས་ཀྱིས་སྒྲིགས་ཡིག་ལྟར་དམངས་གཙོ་ལྟ་སྐུལ།རྩིས་བཤེར་ལས་ཁུངས་ཀྱིས་ཁྲིམས་ལྟར་རྩིས་བཤེར་ལྟ་སྐུལ་བཅས་བྱེད་པར་རྒྱབ་སྐྱོར་དང་ཁག་ཐེག་བྱེད་དགོས། འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ཀྱིས་ཏང་གི་མགོ་ཁྲིད་ལས་བྱེད་པ་ཏང་གི་སྒྲིགས་ཡིག་དང་སྒྲིགས་ཁྲིམས་ལ་འགལ་ཏེ། ཏང་རྩ་འཛུགས་ཀྱིས་ཐག་གཅོད་བྱེད་དགོས་པ་ཤེས་ན། ངེས་པར་དུས་ལྟར་འབྲེལ་ཡོད་ཏང་རྩ་འཛུགས་ལ་སྙན་ཞུ་འབུལ་དགོས། རྩིས་བཤེར་སྡེ་ཁག་གིས་ཏང་གི་མགོ་ཁྲིད་ལས་བྱེད་པ་སྒྲིགས་འགལ་གནད་དོན་དང་འབྲེལ་བའི་ཁུངས་སྣེ་རྙེད་ན། རིམ་མཚུངས་ཏང་རྩ་འཛུགས་ལ་ཡར་ཞུ་བྱེད་དགོས་པ་དང་། དགོས་ངེས་ཀྱི་སྐབས་སུ་གོང་རིམ་ཏང་རྩ་འཛུགས་ལ་ཡར་ཞུ་བྱེད་དགོས་པར་མ་ཟད། གཏན་འཁེལ་ལྟར་གནད་དོན་གྱི་ཁུངས་སྣེ་དེ་འབྲེལ་ཡོད་སྒྲིགས་ཁྲིམས་ཞིབ་བཤེར་ལས་ཁུངས་ལ་སྤྲད་དེ་ཐག་གཅོད་བྱེད་དུ་འཇུག་དགོས།

སྒྲིགས་ཁྲིམས་ཞིབ་བཤེར་ཁྲོད་ཏང་གི་མགོ་ཁྲིད་ལས་བྱེད་པ་སྒྲིགས་ཁྲིམས་ལ་འགལ་བ་ཚབས་ཆེན་བྱུང་བ་དང་ཁྲིམས་འགལ་ཉེས་པ་བསགས་པའི་དོགས་པ་ཡོད་ན། ཐོག་མར་ཏང་གི་སྒྲིགས་ཁྲིམས་ལྟར་ཆད་པ་གཅོད་དགོས་པ་དང་། དེ་ནས་སྲིད་འཛིན་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས་ལ་སྤྲད་དེ་ཐག་གཅོད་བྱེད་དུ་འཇུག་དགོས། ཁྲིམས་བསྟར་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་ཏང་གི་མགོ་ཁྲིད་ལས་བྱེད་པ་དང་འབྲེལ་བའི་གྱོད་དོན་ཁྲིམས་ལྟར་ཐོ་འགོད་དང་ཐག་གཅོད་བྱེད་སྐབས། རིམ་མཚུངས་ཏང་ཨུ་དང་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་བརྡ་ཁྱབ་གཏོང་དགོས། ལས་བྱེད་པ་དེ་གནས་སའི་ཏང་རྩ་འཛུགས་ཀྱིས་འབྲེལ་ཡོད་གཏན་འཁེལ་ལྟར། དེའི་འབྲེལ་ཡོད་ཏང་ཡོན་ཁེ་དབང་མཚམས་འཇོག་དགོས། ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་པའམ་ཡང་ན་ཉེས་པ་བསགས་མེད་ནའང་སྒྲིགས་ཁྲིམས་ལ་འགལ་ཡོད་ན།སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་སྤྲད་དེ་སྒྲིགས་ཁྲིམས་ལྟར་ཐག་གཅོད་བྱེད་དུ་འཇུག་དགོས།

དོན་ཚན་སོ་བརྒྱད་པ། ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོ་ཏང་ཁག་སོ་སོ་ཡུན་རིང་མཉམ་གནས་དང་ཕན་ཚུན་ལྟ་སྐུལ། གཅིག་སེམས་གཅིག་གཏད་དང་གཟི་བརྗིད་དང་བརྙས་བཅོས་མཉམ་མྱོང་བཅས་བྱེད་དགོས།རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དམངས་གཙོ་ཏང་ཁག་གིས་ལྟ་སྐུལ་འགན་ནུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་དང་། དམངས་གཙོ་ཏང་ཁག་དང་ཏང་ཁག་གང་ལའང་མི་གཏོགས་པའི་མིས་བཏོན་པའི་བསམ་འཆར་དང་སྐྱོན་བརྗོད། གྲོས་གཞི་བཅས་ལ་མཐོང་ཆེན་བྱས་ཏེ། གནས་ཚུལ་ཤེས་པ་དང་བསམ་བློ་བརྗེ་རེས།ལན་ལྡོག་པ།དངོས་འབེབས་བཅས་ཀྱི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།

དོན་ཚན་སོ་དགུ་པ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་གི་མགོ་ཁྲིད་ལས་བྱེད་པས་སྤྱི་ཚོགས་ལྟ་སྐུལ་ལ་རྣམ་འགྱུར་ལེགས་པོ་འཛིན་པ་དང་རང་རྟོགས་སྒོས་དང་ལེན་བྱེད་ཅིང་། དྲ་འབྲེལ་ལག་རྩལ་དང་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་དེ། ཏང་དོན་སྤྱི་བསྒྲགས་བྱེད་པར་སྐུལ་འདེད་དང་ལྟ་སྐུལ་ཐབས་ལམ་རྒྱ་བསྐྱེད་དགོས་ལ། མང་ཚོགས་ཀྱི་སྐྱོན་བརྗོད་ཁེངས་སྐྱུང་གིས་དང་ལེན་བྱེད་དགོས། གསར་འགྱུར་སྨྱན་བྱད་ཀྱིས་ཏང་གཤིས་དང་མི་དམངས་ཀྱི་གཤིས་ཀ་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ།ཁྲིད་ཕྱོགས་ཡང་དག་རྒྱུན་འཁྱོངས་དང་གླེང་ཕྱོགས་ལྟ་སྐུལ་ལ་ཤུགས་སྣོན། དཔེ་མཚོན་གྱོད་དོན་ལ་ཞིབ་བཤེར་བཅས་བྱས་ཏེ། ཉེན་བརྡའི་ནུས་པ་འདོན་དུ་འཇུག་དགོས།

ལེའུ་བདུན་པ། དག་ཐེར་ལེགས་བཅོས་དང་འགན་སྲུང་།

དོན་ཚན་བཞི་བཅུ་པ། ཏང་རྩ་འཛུགས་ཀྱིས་ཏང་ནང་ལྟ་སྐུལ་ཁྲོད་རྙེད་པའི་གནད་དོན་དང་ཁུངས་སྣེ་བདེན་པ་བདེན་དྲང་གིས་ཐོ་འགོད་དང་གཅིག་བསྡུས་དོ་དམ་བྱས་ཏེ།དུས་ལྟར་རྒྱུས་ལོན་དང་བདེན་མིན་ཞིབ་བཤེར་བྱེད་དགོས་པར་མ་ཟད་དེ་བསྟུན་གྱི་ཐག་གཅོད་བྱེད་དགོས། རིམ་པ་འདིའི་ལས་སྒྲུབ་ཁྱབ་ཁོངས་སུ་མི་གཏོགས་ན་དབང་མཚམས་ཡོད་པའི་ཏང་རྩ་འཛུགས་ལ་སྤྲད་དེ་ཐག་གཅོད་བྱེད་དུ་འཇུག་དགོས།

དོན་ཚན་ཞེ་གཅིག་པ། ཏང་རྩ་འཛུགས་ཀྱིས་ལྟ་སྐུལ་ཁྲོད་རྙེད་པའི་གནད་དོན་ངེས་པར་རེ་རེ་བཞིན་དག་ཐེར་ལེགས་བཅོས་དང་རེ་རེ་བཞིན་དངོས་འབེབས་བྱེད་དགོས། དག་ཐེར་ལེགས་བཅོས་བྱས་པའི་མཇུག་འབྲས་དེ་དུས་ལྟར་གོང་རིམ་ཏང་རྩ་འཛུགས་ལ་སྙན་ཞུ་འབུལ་དགོས་པ་དང་། དགོས་ངེས་ཀྱི་སྐབས་སུ་འོག་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལ་བརྡ་ཁྱབ་སྤེལ་དགོས་པར་མ་ཟད། སྤྱི་ཚོགས་སྟེང་སྤྱི་བསྒྲགས་བྱེད་དགོས།

གོང་རིམ་ཏང་རྩ་འཛུགས་ཀྱིས་བསྒྲུབ་རྒྱུར་སྤྲད་པ་དང་ཡང་ན་སྐོར་ཞིབ་བརྒྱུད་སྤྲོད་བྱས་པའི་སྒྲིགས་འགལ་གནད་དོན་གྱི་ཁུངས་སྣེ་དུས་ལྟར་ཐག་གཅོད་བྱེད་དགོས་པར་མ་ཟད།ཟླ3གྱི་ནང་བསྒྲུབས་པའི་གནས་ཚུལ་ཕྱིར་ལྡོག་བྱེད་དགོས།

དོན་ཚན་ཞེ་གཉིས་པ། ཏང་ཨུ(ཏང་ཙུའུ)དང་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས(སྒྲིགས་ཁྲིམས་ཞིབ་བཤེར་ཚན་ཆུང)ཏང་ནང་གི་ལྟ་སྐུལ་འགན་འཁྲི་ལག་བསྟར་དང་གནད་དོན་དག་ཐེར་ལེགས་བཅོས་དང་དངོས་འབེབས་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་བསྣན་ཏེ། ཏང་ནང་གི་ལྟ་སྐུལ་འགན་འཁྲི་ལག་བསྟར་མི་བྱེད་པ་དང་ཡང་དག་གིས་ལག་བསྟར་མི་བྱེད་པ། གཞན་ད་རུང་ནོར་འཁྲུལ་ཡོ་བསྲང་དང་དག་ཐེར་ལེགས་བཅོས་བྱས་པ་མི་འདང་བ་བཅས་ལ། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིགས་ཁྲིམས་ཆད་གཅོད་སྲོལ་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་རྩད་གཅོད་སྲོལ་ཡིག》གི་གཏན་འཁེལ་ལྟར་ཐག་གཅོད་དགོས།

དོན་ཚན་ཞེ་གསུམ་པ། ཏང་རྩ་འཛུགས་ཀྱིས་ཏང་ཡོན་གྱི་ཤེས་རྟོགས་དབང་ཆ་དང་ལྟ་སྐུལ་དབང་ཆར་འགན་སྲུང་བྱེད་པ་དང་། ཏང་ཡོན་གྱིས་ཏང་ནང་གི་ལྟ་སྐུལ་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། རུས་མིང་ངོ་མ་བཀོད་དེ་སྒྲིགས་འགལ་དོན་དངོས་ཡར་ཞུ་བྱེད་པ་དར་སྤེལ་དུ་གཏོང་བ་དང་།ཏང་རྩ་འཛུགས་ཀྱིས་ཐེར་འདོན་ཡར་ཞུ་བྱེད་མཁན་གསང་དགོས་པར་མ་ཟད།བྱེད་ཐབས་འོས་འཚམ་གྱིས་དེ་ལ་བསྒྲུབས་པའི་གནས་ཚུལ་ཕྱིར་ལྡོག་བྱེད་དགོས། ལྟ་སྐུལ་བྱེད་པར་བཀག་འགོག་དང་བར་ཆད་བཟོ་བ་དང་ལྟ་སྐུལ་མཁན་ལ་འཁོན་ལན་བསློགས་ན།སྒྲིགས་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་དགོས།

དོན་ཚན་ཞེ་བཞི་པ། ཏང་རྩ་འཛུགས་ཀྱིས་ལྟ་སྐུལ་བྱ་ཡུལ་གྱི་དག་འབུད་དབང་ཆ་དང་རྒྱུ་མཚན་ཞུ་འབུལ་དབང་ཆ་སོགས་ཀྱི་འབྲེལ་ཡོད་ཁེ་དབང་འགན་སྲུང་བྱེད་དགོས། བརྟག་དཔྱད་བྱས་པ་བརྒྱུད། ལྟ་སྐུལ་བྱ་ཡུལ་ལ་ཚུལ་མིན་གྱི་བྱ་སྤྱོད་མི་ལྡན་ན། དྭངས་འབྱེད་དང་མིང་ཚུལ་མཐུན་པ་བྱེད་དགོས། ལྟ་སྐུལ་བྱེད་པར་ཁ་གཡར་ཏེ་མི་གཞན་ལ་བརྙས་བཅོས་དང་སྙད་འདོགས། དམའ་འབེབས་བཅས་བྱས་ན། ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་དགོས། ཉེས་པ་བསགས་ཡོད་ན་ཁྲིམས་འཛིན་ལས་ཁུངས་ལ་སྤྲད་དེ་ཐག་གཅོད་བྱེད་དུ་འཇུག་དགོས། ལྟ་སྐུལ་བྱ་ཡུལ་ཐག་གཅོད་མཇུག་འབྲས་ལ་མི་འཐད་ན་ཏང་གི་སྒྲིགས་ཡིག་གི་གཏན་འཁེལ་ལྟར་རྒྱུ་མཚན་ཞུ་འབུལ་བྱེད་ཆོག འབྲེལ་ཡོད་ཏང་རྩ་འཛུགས་ཀྱིས་ནན་ཏན་སྒོས་བསྐྱར་གྲོས་དང་བསྐྱར་བཤེར་བྱེད་དགོས་པར་མ་ཟད་སྡོམ་ཚིག་འགོད་དགོས།

ལེའུ་བརྒྱད་པ། ཞར་བྱུང་།

དོན་ཚན་ཞེ་ལྔ་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་སྲོལ་ཡིག་འདི་གཞིར་བཟུང་ནས།འབྲེལ་ཡོད་གཏན་འཁེལ་གཏན་ལ་ཕབ་ཆོག

དོན་ཚན་ཞེ་དྲུག་པ། སྲོལ་ཡིག་འདི་ལ་ཀྲུང་དབྱང་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འགྲེལ་བཤད་རྒྱག་པའི་འགན་འཁུར་དགོས།

དོན་ཚན་ཞེ་བདུན་པ། སྲོལ་ཡིག་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ། །    

རྩོམ་སྒྲིག་པ། : ཀླུ་མོ་མཚོ།