ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་ཞིང་འབྲོག་པར་སྒྲོག་འགྲེལ་བྱེད་པའི་གནད་བསྡུས།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2016-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ད་ལོའི་ཟླ་བཅུ་པ་དང་བཅུ་གཅིག་པར། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་ཚོགས་འདུ་གལ་ཆེན་རེ་འཚོགས་པ་དེ་ང་ཚོ་ཞིང་འབྲོག་པའི་ངོས་ནས་བརྗོད་ན། ཚོགས་འདུ་ཁག་གཉིས་ཀྱི་དགོངས་དོན་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་ནས་དེ་བས་ལེགས་པའི་དབུལ་སྒྲོལ་ཐུབ་པ་དང་ཁྱིམ་དར་ཕྱུག་འགྱུར་ངང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པས་ཚང་མས་ངེས་པར་དུ་ཚོགས་འདུ་ཁག་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་དགོས།

གཅིག ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་དགོས།

2016ལོའི་ཟླ་10ཚེས་24ནས་27ཉིན་བར་པེ་ཅིང་དུ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་སོགས་ཀྱི་ནང་དོན་ལ་ཞིབ་འཇུག་གནང་ཡོད། ད་ཐེངས་ཀྱི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཆེད་མངགས་ཞིབ་འཇུག་གནང་བ་ང་ཚོས་ཤེས་རྟོགས་བྱུང་། དེས་ན། ཏང་ཀྲུང་དབྱང་གིས་བཏོན་གནང་བའི“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་དག་ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ཤིག་བརྒྱུད་ཞིབ་འཇུག་དང་བཀོད་སྒྲིག་གནང་ཡོད། ད་ཐེངས་ཀྱི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག《དུས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》དང《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག》ཞེས་པའི་ཡིག་ཆ་གཉིས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང《ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོག་རྒྱུའི་སྐོར་གྱི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་སང་ལོའི་ལོ་སྨད་དུ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོག་རྒྱུའི་གཏན་འཁེལ་གནང་བ་རེད།

བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད། ལོ་དེ་དག་རིང་། ཏང་ཀྲུང་དབྱང་གིས་མི་སེར་ལ་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གཏན་འབེབས་གནང་དོན་ནི་ང་ཚོ་གང་མགྱོགས་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཐུབ་པ་དང་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་ཆེད་ཡིན། ན་ནིང་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པ་མངགས་ནས་ང་ཚོར་གཙོ་འཛིན་གྱི་སྐུ་པར་དང་། གློག་སྒུལ་ཇ་སྲུའི་འཕྲུལ་ཆས། ཇ་དཀར། འཁྱེར་བདེའི་ཉི་ནུས་བརྙན་འཕྲིན(གློག་མེད་པའི་ས་ཁུལ)སོགས་ཀྱི་ཕྱག་རྟགས་བསྩལ་བྱུང་། འདི་ནི་ཏང་ཀྲུང་དབྱང་གིས་ང་ཚོ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དམིགས་བསལ་ཐུགས་ཁུར་གནང་བ་ཞིག་རེད། ང་ཚོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ངེས་པར་དུ་སློབ་སྦྱོང་ནན་ཏན་བྱས་ཏེ་རང་ཉིད་ཀྱི་ལས་ཀ་ཡག་པོ་བསྒྲུབས་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བར་དྲིན་ལན་འཇལ་དགོས།

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གཙོ་བོ་གཤམ་གྱི་དོན་ཆེན་དེ་དག་ལ་ཞིབ་འཇུག་གནང་བ་སྟེ། གཅིག་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་རྒྱུའི་སྐོར་ཡིན་ཞིང་། 《དུས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། 《ཚད་གཞི》ནི་གཙོ་བོ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ནང་ལྷག་པའི་གནད་དོན་མངོན་གསལ་དོད་པོར་དམིགས་ནས་བཟོས་པ་ཞིག་རེད། དཔེར་ན། ཏང་ཡོན་དང་ལས་བྱེད་པ་འགའ་ཞིག་གི་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་དད་སེམས་ལ་གཡོ་འགུལ་ཐེབས་ཏེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་མི་སྲུང་བ་དང་། ཆབ་སྲིད་ཀྱི་སྒྲིག་ལམ་ལ་སྣང་ཆེན་མི་བྱེད་པར་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་ཁ་ཞེ་མི་མཐུན་པ་དང་ངོ་ལྐོག་གཡོ་ལྷད་བྱེད་པ་དང་། ད་དུང་འགའ་ཞིག་གིས་གཉེན་ཉེ་ཁོ་ན་དང་ཁེ་ཕན་སྤྲོད་མཁན་ཁོ་ན་བསྐོ་གཞག་བྱས་ཏེ་ཚོགས་པ་སྒྲིག་པ་དང་། འགའ་ཞིག་ལ་གོ་གནས་འཕར་བའི་བརྒྱུད་རིམ་ནང་དཔོན་གནས་ཞུ་སློང་དང་། དཔོན་གནས་ཉོ་ཚོང་། འདེམས་ཤོག་བསླུ་ཉོ་སོགས་ཀྱི་གནད་དོན་ཡོད་པ། འགའ་ཞིག་གིས་མང་ཚོགས་ལ་སྣང་ཆུང་དང་། མང་ཚོགས་ཁྲོད་ནས་ཁ་བྲལ་བ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པ་བཅས་བྱེད་པ། འགའ་ཞིག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་མི་བྱེད་པ། འགའ་ཞིག་གིས་ཏང་ཡོན་གྱི་རྩ་འཛུགས་འཚོ་བ་རྟག་ཏུ་མི་འཚོག་པ་དང་། ནན་ཏན་མི་བྱེད་པ། སྒམ་ནན་མི་བྱེད་པར་བརྟེན་རྩ་འཛུགས་ཀྱི་འཚོ་བའི་སྤུས་ཚད་མཐོ་པོ་མེད་པ་ཆགས་ནས་མི་དམངས་མང་ཚོགས་ཀྱིས་བསམ་འཆར་མང་པོ་འདོན་གྱི་ཡོད། གནད་དོན་དེ་དག་ལ་དམིགས་ནས《ཚད་གཞིའི》ནང་བསམ་བློའི་སློབ་གསོར་དམ་འཛིན་དང་། སྒྲིག་ཁྲིམས་ནན་དུ་གཏོང་རྒྱུར་དམ་འཛིན། མི་འདེམས་སྤྱོད་ཡག་པོ་བྱ་རྒྱུར་དམ་འཛིན། རྩ་འཛུགས་ཀྱི་འཚོ་བ་ཡག་པོ་སྐྱེལ་བ། རྒྱུན་འཛིན་གསར་གཏོད་ལ་དམ་འཛིན་སོགས་ཐད་ཀྱི་ནང་དོན་བཏོན་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། ཕུགས་བསམ་དང་དད་སེམས་བརྟན་པོ་དང་རྩ་དོན་བརྟན་སྲུང་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལ་སྲུང་བརྩི་ཞུ་བ། རྟག་ཏུ་དམངས་གཙོའི་འཚོ་བའི་ཚོགས་འདུ་ཚོགས་པ་དང་། ཏང་ཡོན་ལ་དམངས་གཙོའི་དཔྱད་མོལ་བྱེད་པ། སྙིང་གཏམ་དང་སྐད་ཆ་ཤོད་རེས་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ། ཏང་གི་སྒྲིག་ཁྲིམས་སྒྲིག་ལམ་ཁག“གློག་ཆེན”ལྟ་བུར་བརྩིས་ཏེ་དེར་རེག་མི་ཕོད་པ་དང་རེག་མི་ནུས་པ་བྱེད་པ། ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་ཁུར་ཕོད་པ་དང་། དམངས་ཆེད་དངོས་སྒྲུབ་སྤྱོད་གཙང་། འབད་འབུངས་ཡར་བརྩོན། གྲུབ་འབྲས་མངོན་གསལ་དོད་པ་བཅས་ཀྱི་ལས་བྱེད་པ་བཟང་པོ་དེ་དག་ལ་གཟེངས་བསྟོད་དང་མཐོང་ཆེན་བྱེད་དགོས་པ་བཅས་རེད། གཉིས་ནི་ཏང་ནང་ཁུལ་གྱི་ལྟ་སྐུལ་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་སྐོར་གྱི《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། 《སྲོལ་ཡིག》ནི་གཙོ་བོ་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་བཟོས་པ་ཞིག་ཡིན་པ་དང་། མིག་སྔའི་ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་མངོན་གསལ་དོད་པའི་གནད་དོན་འགའ་ཤས་ལྷག་ཡོད་པ་དཔེར་ན། “འགོ་ཁྲིད་ཨང་དང་པོར”ལྟ་སྐུལ་བྱེད་དཀའ་བ་དང་། ལྟ་སྐུལ་གྱི་འགན་འཁྲི་ཁ་གསལ་མེད་པ། ལྟ་སྐུལ་གྱི་ནང་དོན་ཁ་གསལ་མེད་པ། འགན་འཁྲི་བདའ་འདེད་དོན་འཁྱོལ་གནད་ལ་མི་འཁེལ་བ་སོགས་རེད། གནད་དོན་དེ་དག་ལ་དམིགས་ཏེ《སྲོལ་ཡིག》ནང་བླང་བྱ་དང་བྱ་ཐབས་གསར་པ་ཁག་གཅིག་བཏོན་ཡོད་པ་དཔེར་ན། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་དམིགས་བསལ་མེད་པ་དང་། འགོ་ཁྲིད་ལས་བྱེད་པས་དབང་ཆ་བེད་སྤྱོད་བྱེད་པར་ལྟ་སྐུལ་དང་ལེན་ཞུ་བ་དང་། གནད་དོན་ཡོད་ཚེ་བདའ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད། ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཏང་ཨུད(ཏང་ཙུའུ)ཀྱིས་ཕྱོགས་ཡོངས་ནས་ལྟ་སྐུལ་བྱེད་དགོས་པའི་ནན་བཤད་བྱེད་པ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་བྱ་ཡུལ་གཙོ་བོ་ནི་ཏང་གི་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་གཙོ་བོ་ཡིན་པ་ནན་བཤད་བྱེད་པ། སྡུག་ཚོད་མི་ཟིན་པ་དང་སྡུག་ལག་མི་སྐུམ་པ་དང་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་ཡོད་པ། གནད་དོན་གྱི་ཁུངས་སྣེ་གཅིག་སྡུད་ཡིན་པ་བཅས་ཀྱི་འགོ་ཁྲིད་ལས་བྱེད་པར་གཙོ་གནད་དུ་ཞིབ་བཤེར་བྱེད་དགོས་པའི་ནན་བཤད་བྱེད་པ། ཏང་ཡོན་ལས་བྱེད་པས་སྤྱི་ཚོགས་ཀྱི་ལྟ་སྐུལ་ལ་ལྟ་སྟངས་ནན་པོ་འཛིན་པ་དང་རང་རྟོགས་ངང་དང་ལེན་ཞུས་ཏེ་མང་ཚོགས་ཀྱི་སྐྱོན་བརྗོད་སེམས་ཆུང་ངང་དང་ལེན་ཞུ་དགོས་པའི་ནན་བཤད་བྱེད་པ། ཏང་རྩ་འཛུགས་ཀྱིས་ལྟ་སྐུལ་བྱེད་རིང་ཤེས་རྟོགས་ཐུབ་པའི་གནད་དོན་རེ་རེ་བཞིན་དག་ཐེར་དང་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་སོགས་ཀྱི་ནན་བཤད་བྱས་པ་རེད། གསུམ་ནི་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པར་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་དགོས་པའི་སྐོར་ཡིན་ཞིང་། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་ཀྲུང་དབྱང་གིས་མཐོ་རིམ་ལས་བྱེད་པ་200ཙམ་ཞིབ་བཤེར་ཐག་གཅོད་བྱས་པའི་ནང་ཞིང་ཨུད་ཧྲུའུ་ཅི་དང་། ཧྲེང་ཀྲང་། པུའུ་ཀྲང་བཅས་ཡོད་པ་མ་ཟད། ད་དུང་ཀྲུང་དབྱང་གི་དཔོན་ཆེན་ཁ་ཤས་ཀྱང་ཡོད་པ་དཔེར་ན། ཀྲོའུ་ཡུང་ཁང་དང་། པོ་ཤིས་ལའེ། ཀུའོ་པོ་ཞུང་། ཞུས་ཚའེ་ཧོའུ། ལིང་ཅི་ཧོ་སོགས་རེད། མི་དེ་དག་གིས་རང་རེའི་ཏང་གི་གཟུགས་བརྙན་དང་སྙན་གྲགས་ལ་ཉེན་ཁ་ཧ་ཅང་ཆེན་པོ་བཟོས་ཡོད་པར་བརྟེན་ཏང་ཀྲུང་དབྱང་གིས《ཚད་གཞི》དང《སྲོལ་ཡིག》ནང་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པར་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་དགོས་པ་བཏོན་ཡོད། མཐོ་རིམ་ལས་བྱེད་པ་དང་ལྷག་པར་དུ་ཀྲུང་དབྱང་གི་འགོ་ཁྲིད་རིམ་པ་ལས་གྲུབ་པའི་མི་སྣས་ངེས་པར་དུ་རང་དཔེ་གཞན་སྟོན་བྱས་ཏེ་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་ལ་དཔེ་སྟོན་ངང་བརྩི་སྲུང་ཞུ་བ་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོ་སྲུང་བ། ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་མཐའ་འཁྱོངས་བྱེད་པ། སྣེ་ཁྲིད་དཔེ་སྟོན་དང་གོང་གིས་འོག་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་ནན་པོ་བྱེད་པ། ཏང་ཀྲུང་དབྱང་ལ་མི་སྒེར་གྱི་དོན་དག་གལ་ཆེན་ཇི་མ་ཇི་བཞིན་ངང་སྙན་སེང་ཞུ་བ། ཁྱིམ་སྲོལ་བཟང་པོ་འཛུགས་རྒྱུའི་སྣེ་ཁྲིད་པ། གཉེན་ཉེ་དང་རང་ཉིད་གམ་གྱི་ལས་དོན་པར་དོ་དམ་ཡག་པོ་བྱེད་པ་བཅས་བྱས་ཏེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་མིག་དཔེ་འདོན་དགོས་པ་སོགས་ནན་བཤད་བྱས་ཡོད། བཞི་ནི་ཚང་འཛོམས་གྲོས་ཚོགས་ཐོག“བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང”ཞེས་པ་དངོས་སུ་བཏོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་དང་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པའི་རྣམ་པ་གསར་པ་བཏོད་པས་ད་ཆ་རྒྱལ་ཁབ་སྟོབས་འབྱོར་ཇེ་ཆེར་འགྲོ་བ་དང་མི་དམངས་ཀྱི་འཚོ་བ་ཇེ་ཡག་ཏུ་སོང་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྙིང་དབུས་ནས་བརྩི་བཀུར་ཐོབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ནི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ངོ་གནོང་མི་དགོས་པ་ཞིག་དང་མིང་དོན་མཚུངས་པ་ཞིག་ཡིན་པ་དང་ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་སྲོག་ཤིང་གནས་བབ་དངོས་སུ་གསལ་བཏོན་བྱས་པ་དེ་ཀུན་གྱིས་རེ་སྒུག་བྱེད་ས་དང་སྐབས་ཐོག་ཏུ་འཁེལ་བ་ཞིག་ཡིན་པ་ལག་ལེན་ཁྲོད་ནས་ར་འཕྲོད་གང་ལེགས་ཐུབ་ཡོད། རང་རེའི་བོད་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ནི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་དུ་བརྩིས་ནས་བརྩི་བཀུར་ཞུ་བ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་དུད་ཚང་ཚང་མས་གཙོ་འཛིན་གྱི་སྐུ་པར་འགེལ་བའི་རྣམ་པའི་ཐོག་ནས་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ལ་བརྩི་བཀུར་ཞུ་གི་ཡོད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་སྲོག་ཤིང་གནས་བབ་དེ་བོད་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་སེམས་ནང་སྔ་ས་ནས་ཆགས་ཟིན་ཡོད། ང་ཚོས་ངེས་པར་དུ་ཏང་ཀྲུང་དབྱང་གིས་གྲོས་འགོ་བཏོན་རིགས་དང་ལེན་མཐའ་གཅིག་ཏུ་ཞུ་བ་དང་། ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་རིགས་ལག་ལེན་མཐའ་གཅིག་ཏུ་བསྟར་བ། ཏང་ཀྲུང་དབྱང་གིས་གཏན་འགོག་བྱས་རིགས་མཐའ་གཅིག་ཏུ་མི་སྒྲུབ་པ་བཅས་ཀྱི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་བློ་དཀར་སེམས་དཀར་མཐའ་གཅིག་ཏུ་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་ལ་བརྟེན་ནས་བོད་ཀྱི་བྱ་བ་ཡག་པོ་སྒྲུབ་པ་དང་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།

གཉིས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་དགོས།

2016ལོའི་ཟླ་11ཚེས་15ནས་ཚེས་18ཉིན་བར་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་ལྷ་སར་འཚོགས་པ་དེ་ནི་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། ང་ཚོ་མི་སེར་གྱི་འཚོ་བའི་ཁྲོད་ཀྱི་དགའ་འོས་པའི་བྱ་བ་ཞིག་ཀྱང་ཡིན། ད་ཐེངས་ཀྱི་ཚོགས་ཆེན་ཐོག་ལྗོངས་ཏང་ཨུད་དང་ལྗོངས་སྒྲིག་ཨུད་སྐབས་གསར་པ་བདམས་ཐོན་བྱུང་ཡོད། དེ་རྗེས་འཚོགས་པའི་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་འགོ་ཁྲིད་ཚན་ཁག་སྐབས་གསར་པ་བདམས་ཐོན་བྱུང་ནས་བློ་མཐུན་ཝུའུ་དབྱིང་ཅེ་ཧྲུའུ་ཅིར་བདམས་པ་དང་། བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ཏིང་ཡེ་ཤན་བཅས་ཧྲུའུ་ཅི་གཞོན་པར་བདམས་ཐོན་བྱུང་བ། ནོར་བུ་དོན་གྲུབ་དང་། བསྟན་ཁོ། ཝང་རུའེ་ལེན། ཝང་གཡུང་ཅུན། ཙེང་དབན་མིང་། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས་བཅས་རྒྱུན་ཨུར་འདམས་ཐོན་བྱུང་ཡོད། རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་དགུ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་བློ་མཐུན་ཝང་གཡུང་ཅུན་སྒྲིག་ཨུད་ཀྱི་ཧྲུའུ་ཅིར་བདམས་ཐོན་བྱུང་ཡོད།

ཚོགས་འདུའི་ཐོག་བློ་མཐུན་ཝུའུ་དབྱིང་ཅེས་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་སྙན་སྒྲོན་གནང་ཡོད། སྙན་སྒྲོན་ནང་འདས་ཟིན་པའི་ལོ་ལྔའི་རིང་གི་གཙོ་གནད་ལས་དོན་ལ་ཕྱོགས་སྡོམ་ནན་ཏན་བྱས་ནས་འདས་ཟིན་པའི་ལོ་ལྔ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་སྐུ་ངོ་མས་གཙོ་སྐྱོང་གནང་བ་དང་དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་ཀའི་མཛུབ་ཁྲིད་དགོངས་པ་དང་དམིགས་ཚད་ལས་འགན་ཁ་གསལ་བཟོས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་འཐབ་ཇུས་གནས་བབ་སྔར་ན་བྱུང་མྱོང་མེད་པའི་མཐོ་ཚད་གསར་པ་ཞིག་གི་ཐོག་མཐོར་འདེགས་བྱས་ཏེ་ང་ཚོས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། གཞི་རྩའི་གཞི་འཛིན་ས་མཁོ་འདོན། སྒུལ་ཤུགས་ཆེན་པོ་བསྣན་པ་བཅས་བྱས་ཡོད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་འགན་འཁྲི་ཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་འཇོག་ཐུབ་པ་བྱས་ཏེ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་གཏན་ལ་ཕབ་པའི་དམིགས་ཚད་དང་ལས་འགན་ཁག་རྒྱལ་ཁའི་ངང་ལེགས་སྒྲུབ་བྱས་ནས་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་ཡོད། མིག་སྔར་རང་ལྗོངས་ཀྱི་སྤྱི་ཡོངས་ཀྱི་དུས་བབ་ཧ་ཅང་བཟང་པོ་ཡོད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་བྱེད་པ། སྤྱི་ཚོགས་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བྱུང་བ། དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་གོང་འཕེལ་བྱུང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་སོང་བ། 

གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཟམ་མི་ཆད་པར་ཤུགས་སྣོན་ཐེབས་པ་བཅས་བྱུང་ནས་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་དེ་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། དཔེར་ན། རང་ལྗོངས་ཀྱི་དཔལ་འབྱོར་བསྟུད་མར་ལོ་ལྔ་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཏེ་2015ལོར་བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1000ལས་བརྒལ་བ་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལག་ལེན་ཤུགས་ཆེན་བསྟར་ནས་ལོ་ལྔའི་རིང་མི་ཁྲི་58དབུལ་སྒྲོལ་ཐུབ་པ། གཞིས་རྩེ་དང་། ལྷོ་ཁ། ཉིང་ཁྲི། ཆབ་མདོ་བཅས་ས་ཁུལ་ནས་གྲོང་ཁྱེར་དུ་བསྒྱུར་བ། ཞིང་འབྲོག་པ་ཁྲི་230ལ་ཕན་པ་ཐོབ་པའི་བདེ་སྡོད་ལས་གྲྭ་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ་སོགས་རེད། རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱུང་ནས“འཛམ་གླིང་ཐོག་གི་དག་ཞིང་མཐའ་མ”ཡིན་པའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་འགན་ལེན་ཐུབ་ཡོད། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་དོན་མུ་མཐུད་སྤེལ་ནས་མི་སེར་ཚོར་བྱ་བ་དངོས་དང་བྱ་བཟང་བསྒྲུབས་པ་དང་དཀའ་ངལ་སེལ་རོགས་བྱས་པ་མ་ཟད། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”བཏོད་དེ་དུད་སྦྲེལ་ལ་བརྟེན་ནས་དུས་བདེ་འགན་ལེན་དང་དུད་སྦྲེལ་ལ་བརྟེན་ནས་འབབ་འཕར་ཡོང་རྒྱུ་འགན་ལེན་བྱས་ཡོད། སྤྱི་ཚོགས་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་སྟེ་ལོ་ལྟར་དམངས་ཕན་དང་དགོན་ཕན་གྲྭ་ཕན་གྱི“བྱ་བ་དངོས་ཁག་བཅུ”བསྒྲུབས་པས་མི་དམངས་ཀྱི་ཡོང་འབབ་ཆེས་ཆེར་འཕར་སྣོན་བྱུང་བ་དང་། ལོ་15ཡི་རིང་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་ལེན་བསྟར་ནས“འགན་ལེན་གསུམ”གྱི་ཚད་གཞི་ཟམ་མི་ཆད་པར་མཐོ་རུ་བཏང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་སྨན་རིན་མི་དགོས་པའི་གཟུགས་པོ་བརྟག་དཔྱད་བྱ་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ། སྤྱི་ཚོགས་ཀྱི་འགན་ལེན་མ་ལག་གཞི་རྩའི་ཆར་གྲུབ་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འགན་ལེན་བྱེད་དགོས་རིགས་ལ་འགན་ལེན་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་པ། མི་ཁྲི་74ཡིས་བདེ་འཇགས་དང་དྭངས་གཙང་གི་ཆུ་འཐུང་རྒྱུ་བྱུང་ཁར་ལྷ་ས་དང་། ནག་ཆུ། མངའ་རིས་བཅས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིར་དྲོད་རླངས་སྤྱོད་རྒྱུ་བྱུང་ཡོད། དགོན་སྡེའི་སྤྱི་པའི་ཞབས་ཞུ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་གྱི་སྨན་བཅོས་འགན་བཅོལ་དང་། རྒན་གསོ་འགན་བཅོལ། མ་མཐའི་འཚོ་བ་འགན་ལེན། བསམ་ཡུལ་ལས་འདས་པའི་མི་ལུས་གནོད་འཚེའི་འགན་བཅོལ། བདེ་ཐང་བརྟག་དཔྱད་སོགས་ཕྱོགས་ཡོངས་ལ་ཁྱབ་ཡོད་པ་རེད།

སླད་ཕྱིན་གྱི་ལོ་ལྔའི་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འབད་འཐབ་དམིགས་ཚད་ཁ་གསལ་བཏོན་ཡོད་པ་དཔེར་ན། མི་སེར་གྱི་ཡོང་འབབ་ལོ་ལྟར་འཕར་སྣོན་ཡོང་བ་དང་མི་སེར་གྱི་དངུལ་ཁུག་ལྗི་ཏིག་ཏིག་ཆགས་ནས་མི་འབོར་དབུལ་པོ་ཡོངས་རྫོགས་དབུལ་སྒྲོལ་ཡོང་བ་བྱ་རྒྱུ་དང་། འགྲིམ་འགྲུལ་འགྲོ་འོང་སྔར་བས་སྟབས་བདེ་ཡོང་རྒྱུ་མ་ཟད། དེ་བས་དྭངས་གཙང་དང་བློ་བདེའི་ཆུ་སྤྱོད་ཐུབ་པའི་ཁར་ནད་ལྟ་བ་དང་སྨན་ཁང་དུ་སྡོད་པ་སོགས་དེ་བས་སྟབས་བདེ་ཡོང་རྒྱུ། ཕྲུ་གུ་ཚོ་སློབ་གྲྭར་བསྐྱོད་པའི་ཐད“ལྟོ་ཆས་འགན་ལེན་དང་། སྡོད་གནས་འགན་ལེན། སློབ་ཡོན་འགན་ལེན”བཅས་ཀྱི་ལོ་15རིང་སློབ་ཡོན་མི་དགོས་པའི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་བའི་ཐོག་སྣོད་བཅུད་ཁོར་ཡུག་ཀྱང་སྔར་བས་ཇེ་ལེགས་སུ་ཕྱིན་པ་སོགས་རེད།

སླད་ཕྱིན་གྱི་ལོ་ལྔའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུར་དམིགས་ནས་ལྗོངས་ཏང་ཨུད་ཀྱིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་བཞི་གསལ་བཏོན་གནང་ཡོད། གཅིག་ནི་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ཚོས་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་བཙུགས་ནས་མུ་མཐུད་དེ་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་གཏིང་ཟབ་བྱེད་རྒྱུ་དེ་ལྡོག་མེད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ་སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི་ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་བོད་ཕུང་ཆོས་གནོད་ཀྱི་སྲིད་ཚོང་པ་ཞིག་ཡིན་པ་དང་། ང་ཚོ་དང་ཏཱ་ལའི་རུ་ཚོགས་དབར་གྱི་འཐབ་རྩོད་ནི་མི་རིགས་ཀྱི་གནད་དོན་དང་། ཆོས་ལུགས་ཀྱི་གནད་དོན། འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་གནད་དོན་བཅས་མིན་པར་སྲིད་དབང་སྲུང་སྐྱོབ་དང་། དར་ཆ་སྲུང་སྐྱོབ། འགྲོ་ལམ་སྲུང་སྐྱོབ་བཅས་བྱེད་པའི་ཆབ་སྲིད་ཀྱི་འཐབ་རྩོད་ནན་པོ་ཞིག་ཡིན་ལུགས་གསལ་རྟོགས་གང་ལེགས་ཐུབ་པ་བྱེད་དགོས།

གསུམ། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས།

ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་དགོས། ལས་བྱེད་པ་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་དང་། གྲོང་ཁྱེར་དང་གྲོང་རྡལ་དྲ་མིག་ཅན་གྱི་དོ་དམ། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འདེམས་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་དགོས། དགོན་སྡེའི་སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ་དང་སློབ་གསོ་ཁྲིད་སྟོན་གྱི་ལས་དོན་བརྟན་ལ་ལེགས་པར་བསྒྲུབས་ནས་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་ཤུགས་ཆེན་སྤེལ་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་གོང་འཕེལ་གཏོང་དགོས་པ་དང་། གཉིས་ནས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལྷ་ས་ནས་ཉིང་ཁྲིའི་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ཟིན་གྲབས་ཡོད་པས་སླད་ཕྱིན་ལྷ་ས་ནས་གཞིས་རྩེ་དང་། ལྷོ་ཁ། ཉིང་ཁྲི། ནག་ཆུ་བཅས་སུ་སྐྱོད་པར་ཆུ་ཚོད་གསུམ་ལས་འགོར་གྱི་མེད་པ་དང་། རྫོང་གྲོང་ཚང་མར་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་རྒྱུ་ཡིན་པས་ཆ་རྐྱེན་ལྡན་པའི་ཤང་གྲོང་དང་སྲིད་འཛིན་གྲོང་ཚོས་འགྲོ་ལམ་སྣུམ་ནག་ལམ་དང་ཨར་འདམ་ལམ་དུ་སྐྲུན་དགོས་པ་དང་ཆ་རྐྱེན་ལྡན་པའི་རང་བྱུང་གྲོང་ཚོ་དང་དགོན་སྡེར་གཞུང་ལམ་ཤར་གཏོང་ཐུབ་པ་བྱེད་དགོས། སླད་ཕྱིན་ལོ་ལྔའི་རིང་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ་ཡང་མགྱོགས་པོ་བསྐྲུན་རྒྱུ་ཡིན་པའི་ཁར་གོང་དཀར་དང་། སྤང་མདའ། སྨན་གླིང་བཅས་ཀྱི་གནམ་ཐང་ཡང་རྒྱས་སྐྲུན་བྱེད་བཞིན་ཡོད་པས་སླད་ཕྱིན་འགྲོ་སྐྱོད་ཐད་དེ་བས་སྟབས་བདེ་ཡོང་རྒྱུ་རེད། ད་དུང་རང་སྐྱོང་ལྗོངས་ཀྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ས་མཐོའི་ཁྱད་ལྡན་བཏུང་བྱ་དང་། བཟའ་བཅའ། སྨན་རྫས། རྒྱན་ཆ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བཞིན་ཡོད། མི་ཐབས་ལ་བརྟེན་ནས་རྩྭ་འདེབས་ཁྱབ་སྤེལ་གཏོང་བཞིན་ཡོད་པས་སླད་ཕྱིན་ནོར་ལུག་སོགས་ཕྱུགས་ཟོག་གི་གཟན་རྩྭའི་ཐད་འགན་ལེན་དེ་བས་ལེགས་པ་ཐུབ་རྒྱུ་རེད། ད་དུང་བོད་རུམ་དང་། ཐང་ག སྤོས་སོགས་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་འཕེལ་རྒྱས་ཤུགས་ཆེན་གཏོང་བཞིན་ཡོད། 

2020ལོར་སླེབས་སྐབས་ང་ཚོའི་མི་འབོར་དབུལ་པོ་ཡོངས་རྫོགས་དབུལ་སྒྲོལ་ཐུབ་རྒྱུ་རེད། སྲིད་གཞུང་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཞིང་འབྲོག་ཁུལ་ལ་ཕྱོགས་ནས་ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱེད་མགྱོགས་སུ་གཏོང་རྒྱུ་ཡིན་པས་སླད་ཕྱིན་ང་ཚོའི་གྲོང་ཚོ་དེ་བས་མཛེས་སྡུག་ལྡན་པར་འགྱུར་ངེས་ཡིན། ཞིང་འབྲོག་པ་གྲོང་ཁྱེར་དུ་ལས་ཀ་བྱེད་པར་སྐྱོད་པའི་ཁོར་ཡུག་ཇེ་ལེགས་སུ་ཕྱིན་ནས་སླད་ཕྱིན་ཞིང་པ་གླ་པའི་གླ་ཆ་སྤྲོད་པའི་ཐད་ལའང་འགན་ལེན་ཐུབ་སྟེ་གླ་ཆ་འགྱངས་ཆད་ཀྱི་བྱེད་སྤྱོད་ལ་ཏང་དང་སྲིད་གཞུང་གིས་རྩད་གཅོད་ནན་པོ་བྱ་རྒྱུ་རེད། ཏང་དང་སྲིད་གཞུང་གིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ཚང་མ་དབུལ་པོའི་གནས་ལས་སྒྲོལ་ཐུབ་པ་བྱས་ཏེ་ཚང་མ་2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཐུབ་པ་བྱ་རྒྱུ་དང་། གཞན་ཡང་བོད་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཀྱང“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་སྐྱོར་བྱེད་པའི”དབུལ་སྐྱོར་བྱ་སྤྱོད་སྤེལ་ནས་ཚང་མ་དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱ་རྒྱུ་རེད། ཏང་དང་སྲིད་གཞུང་གིས་སློབ་གསོ་སྔོན་ལ་འཕེལ་རྒྱས་བཏང་ནས་ཕྲུ་གུ་ཚང་མ་སློབ་གྲྭར་སྐྱོད་ཐུབ་པ་དང་། དཔེ་དེབ་ཡག་པོ་ཀློག་ཐུབ་པ། སློབ་གྲྭ་དེ་བས་ཡག་པར་སྐྱོད་ཐུབ་པ་བཅས་བྱེད་པའི་ཁར་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་བྱང་ཚད་ཀྱང་ཇེ་མཐོར་འགྲོ་བ་བྱེད་པ་མ་ཟད། ད་དུང་སྐད་གཉིས་སློབ་གསོའང་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་ཞེས་བཏོན་གནང་ཡོད། ཏང་དང་སྲིད་གཞུང་གིས་ཐབས་བརྒྱ་ཇུས་སྟོང་ངང་ཚང་མར་ལས་ཞུགས་རོགས་རམ་བྱས་ནས་བྱ་ཐབས་སྣ་ཚོགས་ཀྱིས་ལས་ཞུགས་ཀྱི་ལས་གནས་འདང་ངེས་མཁོ་འདོན་བྱེད་རྒྱུ་དང་། སྲིད་གཞུང་གིས་ད་དུང་ཚང་མ་གྲོང་ཁྱེར་དུ་ལས་ཀ་བྱེད་པར་བསྐྱོད་རྒྱུ་སྒྲིག་འཛུགས་བྱེད་རྒྱུ་ཡིན་མོད། འོན་ཀྱང་ཚང་མས་ངེས་པར་དུ་ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་བཏང་ནས་ལས་ཀ་ཧུར་ཐག་འཚོལ་དགོས། སླད་ཕྱིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་ལེན་ཁྱོན་ཡོངས་ལ་ཁྱབ་པར་བྱས་ནས་ཏང་དང་སྲིད་གཞུང་གིས་མང་ཚོགས་ལ་བློ་ཡིད་ཚིམ་པའི་གཞི་རྩའི་སྨན་བཅོས་ཞབས་འདེགས་ཞུ་རྒྱུ་ཡིན་པས་སླད་ཕྱིན་ནད་ཆེན་རང་སྐྱོང་ལྗོངས་ནས་ཐོན་མི་དགོས་པ་དང་། ནད་འབྲིང་ས་ཁུལ་དང་གྲོང་ཁྱེར་ནས་ཐོན་མི་དགོས་པ། ནད་ཆུང་རྫོང་དང་ཆུས་ནས་ཐོན་མི་དགོས་པ་བཅས་ཡོང་རྒྱུ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་གཞི་རྩའི་རྒན་གསོ་དང་། གཞི་རྩའི་སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའ་སོགས་ཀྱི་འགན་བཅོལ་ལམ་ལུགས་དེ་བས་ཆ་ཚང་བ་དང་དེ་བས་འཐུས་སྒོ་ཚང་བ་དང་། ཁྱོན་ཡོངས་ལ་ཁྱབ་ཁྱོན་དེ་བས་ཆེ་བ་དང་། འགན་ལེན་ཆུ་ཚད་དེ་བས་མཐོ་རུ་འགྲོ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་བསྙེན་བཀུར་བྱེད་པའི་ཚད་གཞི་རིམ་གྱིས་མཐོ་རུ་འགྲོ་རྒྱུ་རེད། མང་ཚོགས་ཀྱི་གཞི་རིམ་གྱི་བསམ་པ་དང་རིག་གནས་ཀྱི་འཚོ་བ་དེ་བས་ཕུན་སུམ་ཚོགས་སུ་འགྲོ་བ་དང་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དེ་བས་འཐུས་སྒོ་ཚང་དུ་འགྲོ་རྒྱུ་ཡིན་པའི་ཁར་གྲགས་ཅན་མཛེས་ལྗོངས་ཁུལ་དང་། ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར། གྲོང་རྡལ་གྲགས་ཅན། གྲོང་ཚོ་གྲགས་ཅན། དགོན་སྡེ་གྲགས་ཅན་ཁག་གཅིག་ཀྱང་སྲུང་སྐྱོབ་དེ་བས་ལེགས་པ་ཐུབ་རྒྱུ་རེད། གསུམ་ནས་བློ་བརྟན་འགྱུར་མེད་ངང་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས། ཏང་དང་སྲིད་གཞུང་གིས“དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གསེར་རི་དངུལ་རི་ཡིན་ལ། ཁ་བས་བཀླུབས་པའི་རི་ཀླུང་ཡང་གསེར་རི་དངུལ་རི་ཡིན”ཞེས་བཏོན་པ་དང་། ང་ཚོས་གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་དང་རི་ཀླུང་ཀུན་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ། བོད་ཀྱི་རི་བོ་ནམ་ཡང་སྔོན་པོ་དང་། ཆུ་བོ་ནམ་ཡང་ཆད་མེད་བཞུར་བ། མཁའ་རླུང་རྟག་ཏུ་སོས་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས། ཚང་མས་ངེས་པར་དུ་ཁོར་ཡུག་ལ་གཅེས་སྤྲས་དང་སྣོད་བཅུད་ལ་སྲུང་སྐྱོང་བྱེད་དགོས། བཞི་ནས་བློ་བརྟན་འགྱུར་མེད་ངང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ང་ཚོ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཐུགས་ཁུར་ཟབ་བཞེས་གནང་བ་མ་ཟད། ང་ཚོར་གཟིགས་སྐྱོང་སྲིད་ཇུས་མང་པོ་བསྩལ་གནང་བས་ང་ཚོའི་འཚོ་བ་ཇེ་ལེགས་ཇེ་སྐྱིད་དུ་སོང་ཡོད། ང་ཚོ་ཞིང་འབྲོག་པ་ཏང་ཡོན་ཚོས་ངེས་པར་དུ་དྲིན་ཚོར་གྱི་བསམ་པ་བཅངས་ནས། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར“འདུ་ཤེས་བཞི”བརྟན་པོ་འཛུགས་པ། རྒྱུན་དུ་རང་འགུལ་ངང་ཏང་ཀྲུང་དབྱང་ལ་མིག་ལྟོས་དང་། ཏང་གི་སྲོག་ཤིང་ལ་མིག་ལྟོས། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་ལ་མིག་ལྟོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་མིག་ལྟོས་བཅས་བྱས་ཏེ། ཏང་ཀྲུང་དབྱང་གིས་དར་སྤེལ་བཏང་རིགས་མཐའ་གཅིག་ཏུ་དང་ལེན་ཞུ་བ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་གནང་རིགས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གིས་གཏན་འགོག་གནང་རིགས་མཐའ་གཅིག་ཏུ་མི་བྱེད་པ་བཅས་ཀྱིས་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས། ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་བཏོན་རིགས་བློ་ཐག་ཆོད་པོས་འཕྲལ་མ་ཉིད་དུ་ཐབས་བརྒྱ་ཇུས་སྟོང་གིས་ལག་བསྟར་ཡག་པོ་བྱེད་པ་ལས་མཐོ་བཤད་དམའ་བཤད་དང་བཟང་བཤད་ངན་བཤད་གཏན་ནས་མི་བྱེད་པར། ཏང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཐའ་སྐྱོང་བོད་དར་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐོག་ཏན་ཏིག་མངོན་པར་བྱས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་མཐའ་གཅིག་ཏུ་བརྩི་བཀུར་དང་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་དགོས། གཞི་རིམ་གྱི་ཏང་ཡོན་དང་ལས་བྱེད་པ་ཚོས་ངེས་པར་དུ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་སྒྲིག་ཁྲིམས་སྒྲིག་ལམ་ལ་སྲུང་བརྩི་ནན་པོ་ཞུས་ནས《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་བཏང་ཁར་སྒྲིག་ཁྲིམས་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་དང་། སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བར་དམིགས་བསལ་དབང་ཆ་མེད་པ། སྒྲིག་ཁྲིམས་ལག་བསྟར་བྱེད་པར་དམིགས་བསལ་མེད་པ་བཅས་མཐའ་འཁྱོངས་བྱེད་དགོས། ང་ཚོ་ཞིང་འབྲོག་པ་ཏང་ཡོན་ཚོས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་པོ་བསྲུངས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྩ་དོན་གྱི་གནད་དོན་གལ་ཆེན་ཐད་དུས་དང་རྣམ་པ་ཀུན་ཏུ་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། ངོས་འཛིན་གཅིག་གྱུར། ཁ་ཞེ་གཉིས་མེད། རྣམ་འགྱུར་བརྟན་པོ། གོམ་སྟབས་གཅིག་གྱུར་བཅས་ཡོང་བ་བྱེད་དགོས། རང་རེའི་ཏང་གིས་ལྷག་བསམ་རྣམ་དག་གིས་ཐུགས་ཁུར་དང་བྱམས་སྐྱོང་གནང་སྲིད་ལ་འགན་འཁྲི་འཁུར་ཕོད་པའི་ལས་བྱེད་པར་འགན་འཁྲི་འཁུར་བ་དང་། འགན་འཁུར་ནུས་པའི་ལས་བྱེད་པར་འགན་ཁུར་སྲིད། མི་གཞུང་དྲང་དང་གཞི་རིམ་ལས་བྱེད་པར་གྱོང་མི་རག་པ་བྱེད་པ་མ་ཟད། ན་གཞོན་ལས་བྱེད་པ་ཚོ་གང་མགྱོགས་འཚར་ལོངས་ཡོང་བ་བྱེད་དགོས། རང་རེའི་ཏང་གིས་གཞི་རིམ་གྱི་སྟོབས་ཤུགས་སྔར་བས་ཆེ་རུ་བཏང་ནས་རྩ་འཛུགས་ཀྱི་ཁྱབ་ཚད་ཡངས་བ་དང་། ཏང་ཡོན་གྱི་དཔུང་ཁག་ཆེ་བ། མང་ཚོགས་རྩ་འཛུགས་སྟོབས་ཆེ་བ་བཅས་ཡོང་བ་བྱས་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་གྲལ་རིམ་གྱི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས། ང་ཚོས་ངེས་པར་དུ་ཏང་གི་སྤྱོད་ཚུལ་བཟང་པོ་རྒྱུན་འཁྱོངས་བྱས་ནས་འགན་འཁྲི་འཁུར་ཕོད་པ་དང་དངོས་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་དང་། ཏང་དང་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་ཏུ་བཏང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་མཐའ་གཅིག་ཏུ་ལག་བསྟར་བྱེད་དགོས།

ངག་རྒྱུན་དུ་ཐུད་ཞིམ་པོ་མར་གྱི་བཀའ་དྲིན་རེད། མར་མེད་ན་ཕྱུར་བའི་སྤགས་གོང་རེད་ཟེར་བ་ལྟར་རེད།

རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་བཀྲག་མདངས་འཚེར་ས་གཅིག་ནི་དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་ཡིན་པ་དང་། ཏང་དང་སྲིད་གཞུང་གིས་ག་དུས་ཡིན་ན་ཡང་ང་ཚོ་མི་སེར་ལ་ཞབས་འདེགས་ཞུས་ནས་བློ་གཅིག་སེམས་གཅིག་གིས་ཞིང་འབྲོག་པ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་རྒྱུར་ཐབས་ཤེས་འདོན་པ་དང་བྱ་ཐབས་གཏན་འཁེལ་བྱས་ཏེ། ང་ཚོའི་འཚོ་བ་ཡག་ཐོག་ཡག་བརྩེགས་ཡོང་བ་བྱེད་ཀྱི་ཡོད། དེ་ནི་ཅི་འདྲའི་བཀའ་དྲིན་ཟབ་མོ་ཞིག་རེད་ཨང་། ང་ཚོ་ཞིང་འབྲོག་པས་ངེས་པར་དུ་སྙིང་དབུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་། ཏང་ཀྲུང་དབྱང་། ལྗོངས་ཏང་ཨུད་བཅས་ལ་ཐུགས་རྗེ་ཆེ་ཞུ་དགོས། མ་གཞི་ང་ཚོ་བོད་འདི་པེ་ཅིང་དང་ཏང་ཀྲུང་དབྱང་དང་བར་ཐག་རིང་ཡང་ང་ཚོའི་སེམས་པ་ངེས་པར་དུ་ཏང་ཀྲུང་དབྱང་དང་དམ་པོར་སྦྲེལ་དགོས།

(གཅིག) ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རྗེས་སུ་གཏན་ནས་འབྲང་མི་རུང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཁ་ཕྲལ་རིང་ལུགས་པ་ཁག་གཅིག་ཁྲིད་ནས་ཕྱི་རྒྱལ་དུ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་གི་ཡོད། ང་ཚོ་ཞིང་འབྲོག་པར་ཕན་པ་ཏིལ་འབྲུ་ཙམ་ཡང་སྒྲུབ་མྱོང་མེད་པར་དེ་ལས་ལྡོག་སྟེ་ཏང་གི་འགོ་ཁྲིད་འོག་ང་ཚོར་བྱུང་བའི་བདེ་སྐྱིད་འཚོ་བར་གཏོར་བཤིག་གཏོང་གི་ཡོད། ང་ཚོས་ངེས་པར་དུ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོ་གསལ་རྟོགས་བྱེད་དགོས། ཆོས་དད་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་དད་པ་བྱེད་པ་གཉིས་ནི་བྱ་བ་གཅིག་གཏན་ནས་མིན་པས་ང་ཚོས་དབྱེ་བ་གསལ་པོ་འབྱེད་དགོས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ནི“བོད་རང་བཙན”གྱི་ལྐོག་གཡོ་གཤོམ་མཁན་ཁ་ཕྲལ་རིང་ལུགས་ཆབ་སྲིད་ཤོག་ཁའི་འགོ་གཙོ་དང་། རྒྱལ་སྤྱིའི་ཐོག་ཀྲུང་གོར་ངོ་རྒོལ་བྱེད་མཁན་ཕྱོགས་གཏོགས་ཀྱི་ལག་ཆ་འཁྲུལ་མེད། བོད་དུ་སྤྱི་ཚོགས་ཟང་ཟིང་བཟོ་བའི་འབྱུང་རྩ་གཙོ་བོ། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་སྲོལ་འཛུགས་པར་འགོག་རྐྱེན་བཟོ་མཁན་ཆེ་ཤོས། ཆོས་ལུགས་ཀྱི་ཕྱི་གོས་གྱོན་པའི་བོད་ཕུང་ཆོས་གནོད་ཀྱི་སྲིད་ཚོང་པ་བཅས་རེད། ང་ཚོས་ངེས་པར་དུ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་དགོས་པ་དང་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས།

(གཉིས) ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་མཐའ་དག་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས། ཚང་མས་ངེས་པར་དུ་དོགས་ཟོན་ཆེར་བསྐྱེད་དང་བྱེད་ཐབས་ནུས་ལྡན་སྤྱད་དེ་རྒྱལ་ཁབ་ཁ་ཕྲལ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་ལོག་སྤྱོད་ཀྱི་དྲིལ་བསྒྲགས་བྱེད་སྤྱོད་དང་། མི་ཕུང་ཁྱུ་སྒྲིག་གི་ཟིང་སློང་བྱེད་སྤྱོད། གཏུམ་སྤྱོད་འཇིགས་སྐུལ་བྱེད་སྤྱོད། རང་སྲེག་ངན་སྐུལ་བྱེད་སྤྱོད་སོགས་ལ་དོགས་ཟོན་ནན་པོ་བྱས་ནས་དུས་ཐོག་ཏུ་ཐེར་འདོན་བྱེད་དགོས་ཤིང་། གཅིག་ཤེས་རྟོགས་བྱུང་ཚེ་དེ་མ་ཉིད་དུ་མེད་པ་བཟོ་དགོས། ཁྲིམས་འགལ་ངང་མངའ་ཁོངས་སུ་འགྲོ་འོང་བྱེད་པའི་བྱེད་སྤྱོད་ལའང་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས། ང་ཚོ་ཞིང་འབྲོག་པས་དམག་ཉེན་དམངས་མཉམ་འགོག་ལས་དོན་ལ་ཞུགས་ནས་མི་ངན་དང་བྱ་ངན་མཐའ་དག་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས།

(གསུམ) མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཧུར་ཐག་བྱེད་དགོས། “རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཁག་དབར་ཡང་ཁ་འབྲལ་ཐབས་མེད་པ”བཅས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་དགོས། རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་དང་། ཀྲུང་ཧྭ་མི་རིགས་ལ་དགའ་ཞེན། ཀྲུང་ཧྭའི་རིག་གནས་ལ་དགའ་ཞེན། ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་དགོས། མི་རིགས་མཐུན་སྒྲིལ་ལ་གནོད་པའི་སྐད་ཆ་ཤོད་མི་རུང་བ་དང་མི་རིགས་མཐུན་སྒྲིལ་ལ་གནོད་པའི་བྱ་བ་སྒྲུབ་མི་རུང་། མི་རིགས་མཐུན་སྒྲིལ་གྱི་བླང་བྱ་གྲོང་ཚོ་དེའི་གྲོང་སྲོལ་དམངས་ཆིངས་ནང་བཀོད་དེ་ཚང་མས་ཐུན་མོང་ཐོག་སྲུང་བརྩི་ཞུ་དགོས།

(བཞི) དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཧུར་ཐག་ཞུགས་དགོས། འཚོ་བ་སྐྱིད་པོ་ནི་དཀའ་ལས་བརྒྱབ་པ་ལས་བྱུང་བ་ཞིག་ལས་བསྒུགས་ནས་བྱུང་བ་ཞིག་མིན། རྒྱལ་ཁབ་ཀྱི་རོགས་རམ་དང་སྤྱི་ཚོགས་ཀྱི་རོགས་སྐྱོར་བྱེད་པ་དང་ཆབས་ཅིག་ང་ཚོས་ཀྱང་རང་མགོ་རང་འདོན་དང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། “སྒུག་རྟེན་སློང”གསུམ་གྱི་བསམ་བློར་འགྱུར་ལྡོག་གཏོང་བ། ཐོན་སྐྱེད་ཀྱི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་འདོན་སྤེལ་བྱེད་པ། ཏང་དང་སྲིད་གཞུང་གིས་གནང་བའི་སྲིད་ཇུས་བཟང་པོ་ཡག་པོ་སྤྱོད་པ། དཀའ་ལས་བརྒྱབ་པ་ལས་སྒུག་མི་འདོད་པའི་འདུ་ཤེས་འཛུགས་པ་བཅས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཧུར་ཐག་ཞུགས་དགོས་པ་དང་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་དབུལ་པོ་དང་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་དགོས།

(ལྔ) ཞིང་འབྲོག་པ་ཏང་ཡོན་གྱིས་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་གཏོང་རྒྱུར་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས། ཏང་ཡོན་གྱིས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ་ཕྱུག་འགྱུར་སྣེ་ཁྲིད་པ་དང་ལག་རྩལ་འཇོན་ཐང་ཅན་བརྩོན་ལེན་བྱས་ནས་ཡུལ་མི་ཚོ་ཐུན་མོང་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱེད་དགོས་ལ། ཞིང་འབྲོག་མང་ཚོགས་ཀྱི་ཏང་ཡོན་མང་དུ་གཏོང་བའི་ལས་དོན་ཡང་ཡག་པོ་བསྒྲུབས་ཏེ་གཞི་རིམ་ཏང་རྩ་འཛུགས་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་དགོས།

ང་ཚོས་ངེས་པར་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་དགོས་པ་དང་། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས། སྲ་ཞིང་བརྟན་པའི་དད་པ་དང་། སྲ་ཞིང་བརྟན་པའི་དད་སེམས། བཙན་ཅིང་ནན་པའི་སྒྲིག་ཁྲིམས། ནན་ཞིང་ཕོད་པའི་འགན་སེམས་བཅས་ལ་བརྟེན་དགོས། ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་དགོས། བློ་སེམས་གཅིག་མཐུན་དང་གསར་འབྱེད་ཡར་བརྩོན་བྱེད་དགོས། ཏང་གི་བཀོད་འདོམས་འོག་བསམ་བློ་གཏོང་ས་གཅིག་ལ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ལ་བརྒྱབ་སྟེ་རང་ཉིད་ཀྱི་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།